རྫོགས་ཆེན་ཡོངས་རྩེ་གླིང་གི་དགེ་སློབ་རྣམས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་གམ་དུ་བཅར་བའི་གནས་བསྡུས།

0
1331

སྤྱིར་ན་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ་ཨ་ཏ་བླ་མའི་སྐུ་ཚེའི་སྟོད་ཀྱི་རྣམ་ཐར་སྔ་ལོར་དྲ་ཐོག་འདི་ནས་བརྒྱུད་འགོད་ཞུས་ཟིན་པ་ལྟར་ལགས། སྐབས་འདིར་ཕྱི་ཕྱོགས་སུ་མཛད་འཕྲིན་བསྐྱངས་པ་ཁག་ཅིག་ངོ་སྤྲོད་ཆེད་གསལ་སྤེལ་ཞུ་རྒྱུར། དེ་ཡང་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ་དྲང་སྲོང་ཚུལ་ཁྲིམས་རྣམ་རྒྱལ་མཆོག ཕྱི་ལོ་ ༢༠༠༦ ནས་ཨུ་རུ་སུའི་རྒྱལ་ཁབ་ནང་གི་གཡུང་དྲུང་བོན་ལ་དད་མོས་ཅན་འགའ་ཞིག་གིས་གདན་ཞུས་ལྟར་ཨུ་རུ་སའི་ལྷོ་ཤར་ཕྱོགས་སུ་ Алтай ཨར་ལྟ་ཞེས་པ་རུ་ལོ་ལྟར་དབྱར་ཟླ་གསུམ་རིང་ཉིན་རེར་དཔེ་ཁྲིད་དང་། ཐུན་མཚམས་ཆད་མེད་བསྐྱངས་གནང་བ་དང་། རྒྱལ་ཁབ་དེ་གའི་རྒྱལ་ས་མོ་སུ་ཀོ་ moskvu གཙོས་པའི་ཨུ་རུ་སུའི་ས་གནས་ཁག་དང་། ཡོ་རོབ་ཀྱི་ས་ཆ་འགར་ཕེབས་ནས་རྒྱལ་ཁབ་དུ་མའི་སློབ་མ་རྣམས་ལ།   ཐོག་མར་སྔོན་འགྲོ་དང་། ཞི་གནས། རིགས་དྲུག་རང་སྦྱོང་། འཁོར་འདས་རུ་ཤན། མུན་མཚམས། གཏུམ་མོ། རྨི་བ་ལམ་ཁྱེར་བཅས་ནས་རིམ་བཞིན་བླ་མེད་རྫོགས་ཆེན་གྱི་ཉམས་ལེན་སྐྱོང་ཐབས་བསླབས་པ་དང་། གཞན་ཡང་ནག་རྩིས་དང་། དཀྱིལ་འཁོར་ཐིག་རྩ། བོད་ཀྱི་སྐད་ཡིག་བཅས་ཀྱི་སློབ་ཁྲིད་གནང་སྟེ་སློབ་ཚོགས་བསྐྱངས། དེ་རྗེས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་ཚུར་ཕེབས་ནས་མུ་མཐུད་ཉམས་ལེན་གནང་རིང་ཐུན་མཚམས་སུ་བྱ་བྲལ་ཉི་མ་ཚུལ་ཁྲིམས་ཀྱིས་མཛད་པའི་སྙན་རྒྱུད་ཡེ་གྲོལ་གྱི་གཅོད་ལ་འགྲེལ་བཤད་བྲིས་བརྩམས་གནང་། ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་སྟེ་ཨུ་རུ་སུའི་ནང་གཏན་འཇགས་བྱས་ནས་བཞུགས་ཤིང་ཨུ་རུ་སུའི་བྱང་ནུབ་སི་ཊི་པེའི་ཊར་རྦུར་ St. Petersburg ཟེར་བའི་ས་གནས་སུ་ཕྱོགས་ཀུན་ནས་ཕེབས་པའི་སློབ་མ་རྣམས་ལ་ལོ་འགར་རྫོགས་ཆེན་གཙོས་པའི་གཡུང་དྲུང་བོན་གྱི་རིག་གཞུང་འཆད་ཁྲིད་གནང་། དེ་བཞིན་ཡུ་རོབ་ཀྱི་ས་ཁུལ་ལིའི་ཐི་ནི་ཡ་དང་། Lithunia  ལ་ཐི་བ་ Latvia ཟེར་བའི་ས་གནས་རྣམས་སུ་ཕེབས་ནས་སློབ་ཚོགས་སྐྱོང་ཞིང་ལོ་ལྟར་འཆད་ཁྲིད་གནང་བཞིན་པ་དང་། ལྷག་པར་དུ་ ༢༠༡༣ ལོ་ནས་རྣམ་དཀར་དད་སྦྱིན་ཨ་སངས་ན་དང་ Oxana Lukomckaya ཨ་ལེགས་དགེ་ Oleg Afonin རྣམ་གཉིས་ཀྱིས་མཐུན་རྐྱེན་རོགས་རམ་ལ་བརྟེན་ཨུ་རུ་སུའི་རྒྱལ་སའི་ཉེ་འདབས་སུ་ས་ཆ་ཉོས་ནས་ཉིན་སྟོང་ ༢༠༡༥ ལོར་བོན་དགོན་རྫོགས་ཆེན་ཡོངས་རྩེ་གླིང་ཞེས་པ་གསར་བཞེངས་ཀྱི་མཛད་ཕྲིན་བསྐྱངས། དེ་ནས་བཟུང་ཨ་ཏ་བླ་མ་རིན་པོ་ཆེ་གཙོས་རྒྱལ་ཁབ་གསུམ་ཙམ་གྱི་དད་ལྡན་སློབ་མ་རྣམས་ལོ་ལྟར་གཤེན་བསྟན་དར་རྒྱས་གླིང་དུ་ཕེབས་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་ག་ཡུང་དྲུང་རྣམ་གཉིས་ཀྱི་དྲུང་ནས་བཀའ་སློབ་ལམ་སྟོན་དང་། རྫོགས་ཆེན་གྱི་ཟབ་གདམས་ཞུ་བཞིན་ཡོད་པ་ལྟར་རིན་པོ་ཆེ་རྣམ་གཉིས་ནས་ཀྱང་ཐུགས་ཁུར་རྒྱབ་སྐྱོར་དང་། སློབ་ཁྲིད་བཅས་གང་དགོས་བཀའ་དྲིན་བསྐྱངས། ཉིན་སྟོང་ ༢༠༡༦ ལོར་རྫོགས་ཆེན་ཡོངས་རྩེ་གླིང་གི་གཙོ་བོའི་ལྷ་ཁང་རྣམས་ལེགས་གྲུབ་བྱུང་རྗེས་ཕྱི་ལོ་ ༢༠༡༧། ༢། ༡༠། ཉིན་སློབ་ཚོགས་རྣམས་ཀྱི་རེ་འདུན་བཞིན་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་གཤེན་ཀྱི་འཁྲུངས་མཆོད་ཆེན་མོ་དང་བསྟུན་ནས་ཨུ་རུ་སུའི་བོན་ཚོགས་རྫོགས་ཆེན་ཡོངས་རྩེ་གླིང་གི་མཁན་པོ་ཁྲི་བསྐོས་ཀྱི་རྟེན་འབྲེལ་མཛད་སྒོ་བསྐྱངས། འདུས་གྲྭ་ཐུན་མོང་དང་། ལྷ་སྡེ་མི་མང་རྣམས་ཀྱིས་ཀྱང་བསྟན་འགྲོའི་དོན་ཆེན་ནུས་པའི་ཐུགས་སྨོན་མཚམས་སྦྱོར་གནང་བ་དང་སྦྲགས་རྟེན་འབྲེལ་ལྷ་དར་དང་བཅས་ཁྲི་འདོན་མཛད་སྒོ་ལེགས་གྲུབ་ཞུས། ཕྱི་ལོ་ ༢༠༡༦ ནས་བཟུང་ཨ་ཏ་བླ་མ་མཆོག་ཀར་རྫ་སི་ཐམ་ Kazakhsta ལ་ཕེབས་ནས་དད་ལྡན་སློབ་མ་རྣམས་ལ་སློབ་ཁྲིད་བཀའ་དྲིན་སྐྱོང་བཞིན་པ་དང་། གོང་སྨོས་ལྟར་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༡༡ ནང་ཨ་ཏ་བླ་མ་རིན་པོ་ཆེ་གཙོས་ཨུ་རུ་སུའི་ཉམས་ལེན་པ་ལྔ་བཅུ་ལྷག་ཙམ་གཤེན་བསྟན་དར་རྒྱས་གླིང་དུ་ཆེད་བཅར་ཞུས་ནས་ཉིན་གྲངས་བཞིའི་རིང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་དྲུང་ནས་རྫོགས་ཆེན་གྱི་ཁྲིད་གདམས་ཞུ་རྒྱུའི་སྐལ་བཟང་བྱུང་ཡོད་པ་དང་། 

འདི་ལོ་ ༢༠༡༧ ཡང་དགེ་སློབ་ལྔ་བཅུ་ལྷག་གིས་དུས་ཚོད་འདི་དང་བསྟུན་ནས་གཤེན་བསྟན་དར་རྒྱས་གླིང་དུ་ཕེབས་ནས་༧སྐྱབས་རྗེ་མཁན་སློབ་རྣམ་པ་ཞལ་མཇལ་གསུང་ཐོས་ཀྱི་སྐལ་པ་ཐོབ།མ་ཟད་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་ཉིན་གྲངས་བཞིའི་རིང་སྙན་རྒྱུད་མཉམ་བཞག་སྒོམ་པའི་ལག་ལེན་ནས་ཁྲིད་གདམས་གནད་སྨིན་མང་པོ་བཀའ་དྲིན་བསྐྱངས་པ་དང་། དེ་རིང་སྟེ་ཕྱི་ཚེས་ ༡༩ ཉིན་ཇི་ལྟར་དགེ་སློབ་རྣམས་ཀྱིས་ཞུ་དོན་གསོལ་བ་བཞིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་བླ་མའི་རྣལ་འབྱོར་དང་། སྙན་རྒྱུད་གཟེར་བུ་ཉེར་གཅིག་ནས་གདམས་ངག་གནད་སྨིན་མང་པོ་གསུངས་མཐར་ཐེངས་འདིར་ཨ་ཏ་བླ་མ་དགེ་སློབ་གཙོ་འཁོར་རྣམས་ཀྱི་འདོད་འདུན་བཞིན་མཛད་འཕྲིན་ལེགས་གྲུབ་བྱུང་བའི་གནས་བསྡུས་སུ།

མེ་ལོང་ཞེས་སུ་འབོད་པས་ཕྱི་ལོ་༢༠༡༧ཟླ་༡༡ཚེས་༡༩ཉིན་ཨ་ཏ་བླ་མའི་རྣམ་ཐར་ནས་ཕྱོགས་བསྡུས་དང་ཁ་སྣོན་ཞུས།

 

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།