གདན་ས་ཁྲི་བརྟན་ནོར་བུའི་རྩེའི་རུ་ཐེངས་ཉེར་གསུམ་པའི་ཚད་མའི་རིགས་སྒྲ་འཚོགས་བཞིན་པ།

0
1016
པར་པ་ཁྱུང་ཐོག་རྒོད།

མདོ་སྔགས་བཤད་སྒྲུབ་བསྟན་པའི་འབྱུང་གནས། ལུང་རིགས་འབྲུག་སྒྲ་སྒྲོག་པའི་སྐྱེད་ཚལ། མང་འདུས་སེམས་དཔའ་རྒྱ་མཚོའི་སློབ་གླིང་། སྨྲ་སེང་ཡོངས་འཛིན་བླ་མའི་བཞུགས་གནས། ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་༸སྨྲ་བའི་དབང་པོ་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ནས་བཀའ་སློབ་ལམ་སྟོན་གཞིར་བཟུང་སྟེ་ཚད་མའི་རིག་སྒྲ་འཚོགས་པའི་སྲོལ་བྱུང་། བོད་དུ་དུས་འགྱུར་མ་བྱུང་པའི་སྔོན་དུ་གཙང་བཀྲ་ཤིས་སྨན་རི་དགོན་དུ་མཁན་ཆེན་ཉི་མ་དབང་རྒྱལ་མཆོག་གི་དུས་སུ་མཚན་ཉིད་བཙུགས་ཏེ་ལོ་ལྟར་རེ་བཞིན་བོད་ཟླ་དང་པོའི་སྨོན་ལམ་གྱི་ཚོགས་གྲོལ་ནས། དབྱར་རྒྱས་རི་ཁྲོད་མཛོད་བཟང་ཕུག་ཏུ་སློབ་གཉེར་བ་ཡོངས་རྫོགས་ཕེབས་ཏེ་ཞག་ཞེ་དགུའི་རིང་ལ་ཚད་མའི་རིག་སྒྲ་ཆེན་མོ་འཚོགས་སྲོལ་བྱུང་། བཙན་བྱོལ་ནང་དུ་བོན་གྱི་གདན་ས་སྨན་རིའི་གླིང་དང་ཁྲི་བརྟན་ནོར་བུའི་རྩེ་གཉིས་ཕྱག་བཏབ་ནས་བཤད་སྒྲུབ་ཀྱི་སྡེ་བཙུགས་པ་དང་། ཁྱད་པར་དུ་གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་སྤྱི་ལོ་༡༩༩༦ལོ་ནས་བཟུང་ད་ལྟའི་བར་དུ་ཧོར་ཟླ་༡༠པའི་ཚེས་༡་ནས་ཚེས་༢༡་བར་ལོ་ལྟར་ཚད་མའིི་རིག་སྒྲ་ཆེན་མོ་ནི་མཚན་ཉིད་པའི་སློབ་ཚན་གལ་ཆེན་ཞིག་ཏུ་བརྩིས་ནས་གཏན་འཇགས་སུ་འཚོགས་ཐུབ་པར་བྱུང་ཡོད། སྤྱིར་བཏང་ཚད་མའི་རིག་ལམ་འདི་ཉིད་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་གི་གནད་དོན་བཀྲོལ་བ་ལ་མེད་ཐབས་མེད་པའི་རིག་པའི་ལྡེ་མིག་གཅིག་ཡིན་ལ། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་རིག་པའི་གཞུང་ལུགས་མཐའ་དག་ཚད་མ་རིག་པས་གཏན་ལ་ཕབ་པ་ཤ་སྟག་ཡིན་ཏེ། བྱམས་མ་ལས། དཔེར་ན་བརྟག་ཤིས་གསེར་བླངས་བཞིན། །ཤིན་ཏུ་བརྟག་པ་ང་ཡི་བོན། ཞེས་དང་། མདོ་དྲི་མེད་ལས། གང་དག་བཀའ་ལས་འགྱུར་པ། །དེ་དག་རིག་པས་གཞལ་མེད་ན། །དོན་གྱི་སྙིང་པོ་གང་ལ་མཆིས། །དེའི་ཕྱིར་རིག་གཞལ་དོན་ཡོད་བྱ། །ཞེས་གསུངས། བོན་གྱི་གཞུང་ལུགས་ནང་དུ་ཚད་མ་རིག་པའི་སྐོར་བློ་རིག་གི་རྣམ་བཞག་ནི་སྟོན་པ་སངས་རྒྱས་ཀྱི་སྲིད་པའི་མཛོད་ཕུགས་དང་ཁམས་ཆེན་སྟོང་ཕྲག་བརྒྱ་པ། ཁུ་བྱུག་རིག་པའི་མདོ་བཅས་ནས་ཡོང་གི་ཡོད་ལ། རྟགས་ཀྱི་རིག་པའི་རྣམ་བཞག་སྐོར་ཐེག་འགྲེལ་མེ་ལོང་དགུ་སྐོར། མ་རྒྱུད་གཞི་ཡེ་སངས་རྒྱས་པའི་རྒྱུད། གཏན་ཚིགས་ཐེག་པའི་མདོ་བཅས་ནས་ཡོང་གི་ཡོད། དེ་བཞིན་རྒྱ་གར་གྱི་ཐུབ་ཆོས་བོན་དུ་མ་བྱུང་བའི་སྔོན་དུ་ཞང་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་ཚད་མ་རིག་པའི་གཞུང་ལུགས་སྐོར་མན་ངག་ལུང་གི་ཚད་མ་རྩ་འགྲེལ་དང་། ལི་ཤུའི་ཚད་མ་གལ་མདོ། དྲན་པའི་རྣམ་འབྱེད་འཕྲུལ་ལྡེ་སོགས་མང་པོ་བྱུང་ཡོད། ཚད་མའི་རིག་སྒྲ་འདི་ལ་འཇུག་ནས་དགག་སྒྲུབ་རྩོད་པའི་ལ་ཤན་དབྱེ་བའི་དགོས་ཆེད་ནི། འགྲོ་མགོན་རིན་པོ་ཆེའི་(༡༡༩༨-༡༢༦༣)ཚད་མ་ཀུན་བཏུས་ལས། “སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་ནི། དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་དང་མ་རྟོགས་པ་ལས་བྱུང་ཞིང་། དེ་ཉིད་རྟོགས་པར་བྱེད་པའི་ཐབས་སུ་ཐམས་ཅད་མཁྱེན་པས་བོན་གྱི་སྒོ་མོ་དུ་མར་གསུངས་ལ། དེ་དག་གི་དོན་འགྲེལ་ཞིང་ཤེས་བྱའི་གནས་ལུགས་རྟོགས་པར་བྱེད་པ་ལ་ཚད་མ་གསུམ་གྱིས་གཏན་ལ་དབབ་དགོས་ཏེ།” ཞེས་གསུངས་པ་དང་། རྗེ་རིན་པོ་ཆེའི་(༡༣༥༦-༡༤༡༥)ཚད་མ་རྣམ་འབྱེད་འཕྲུལ་སྒྲོན་ལས། “རྩོད་པ་ཁྱད་པར་ཅན་གྱིས་མ་ཟིན་པའི་གོ་བ་ལ་ཡང་དག་པའི་དོན་སྤྱི་འཆར་དཀའ་སྟེ། ལོང་བ་ལྷ་ཁང་དུ་ཕྱིན་པའི་ལག་ཏུ་རྫས་ཁྲ་བོ་གཏད་པ་བཞིན་ནོ། །དེའི་ཕྱིར་རྩོད་པ་ལ་དགོས་པ་ཆེན་པོ་འདི་ཉིད་ཡོད་པས། རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་སྐྱེས་བུ་རྣམས་ཀྱིས་ཐུགས་ལ་ཞེན་པར་མཛོད་ཅིག” ཞེས་དང་།  ཀུན་མཁྱེན་ཉི་མའི་(༡༨༡༣-༡༨༦༣)ཤེར་ཕྱིན་སྐབས་དང་པོ་ལས། “སྤྱིར་ཚད་མའི་གཞུང་རྣམས་ནི་དབུ་སེམས་ཀྱི་སྒྲུབ་བྱེད་ཡིན་པས་ཤིན་ཏུ་གལ་ཆེ་བར་ཟུངས་ཤིག” ཞེས་ངེས་དོན་ཚད་མའི་སྐྱེས་བུ་རྣམས་ཀྱིས་ཕྱི་རབས་རྗེས་འཇུག་ལ་གདམས་པའི་ལུང་མཆོག་འདི་དག་གི་དགོས་དམིགས་གསལ་པོ་གསུངས་ཡོད་སྟབས། འདི་ལོ་ཡང་ཧོར་ཟླ་༡༠པའི་ཚེས་༡ནས་ཐེངས་ཉེར་གཅིག་པའི་ཚད་མའི་རིག་སྒྲ་ཆེན་མོ་དེ་ཉིད་སླར་ཡང་དབུ་འཛུག་གནང་སྟེ། བཤད་གྲྭ་བའི་ཁོངས་ནས་རྟགས་རིགས་འཛིན་གྲྭའི་ཡན་གྱི་སློབ་གཉེར་བ་ཀུན་ཚད་མའི་རིག་སྒྲ་ཆེན་མོར་ཞུགས་ཏེ། རྗེ་བདག་ཉིད་ཆེན་པོའི་འཕྲུལ་སྒྲོན་རྣམ་ལྔའི་ནང་ཚན་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་དེ་ཉིད་སྦྱང་བྱ་གཙོ་བོར་བཟུང་ཞིང་། ལྷག་པར་ལོ་འདིར་ཚད་མ་ལེའུ་གཉིས་པ་བློ་རིག་གི་སྐོར་ལས་རྟོག་པ་དང་རྟོག་མེད་སྐོར་ལ་ཁྲིད་མཚམས་བསླེབས་ཡོད། གཞུང་འདི་ཉིད་ཀྱིས་ལྡེ་མིག་བྱེད་དེ་སངས་རྒྱས་ཀྱི་བཀའ་དང་བོད་སྔ་རབས་ཀྱི་མཁས་པའི་བརྩམས་པའི་མན་ངག་ལུང་གི་ཚད་མའི་འགྲེལ་དང་དྲན་པའི་རྣམ་འབྱེད་འཕྲུལ་ལྡེ། གཏན་ཚིགས་ངེས་པའི་གལ་མདོ། འགྲོ་མགོན་གྱི་ཚད་མ་ཀུན་བཏུས་སོགས་ཚད་མ་རིག་པའི་གཞུང་ལུགས་རྣམས་ཀྱིས་དགོངས་དོན་འཚོལ་ཏེ་ཁྱོན་བདུན་ཕྲག་གསུམ་གྱི་རིང་ལ་དམིགས་སུ་བཀར་ནས་ཚད་མ་རིག་པའི་གནས་ལ་ཐོས་བསམ་གྱི་སྤྱི་རྒྱ་གཅོད་བཞིན་མཆིས།  དེ་ཡང་ཉིན་ལྟར་སྔ་དྲོའི་ཕྱག་ཚོད་༨ནས་༡༠་བར་རྩོད་སྦྱོང་གནང་རྒྱུ་དང་། ༡༠་ནས་༡༡བར་དཔོན་སློབ་རིན་པོ་ཆེ་དང་། བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་བཅས་མདུན་ནས་དཔེ་ཁྲིད་ཞུ་རྒྱུ་དང་།  ༡༡་ནས་༡༢་བར་ནང་སྦྱོང་།  ཉིན་རྒྱབ་ཕྱག་ཚོད་༤ནས་༥་བར་དུ་གླིང་ཚན་སོ་སོ་ཕན་ཚུན་བར་ཐུག་རྒྱག་རྒྱུ།  ༥ནས་༦་བར་ནང་སྦྱོང་།  ༦ནས་༩བར་དམ་བཅའ་འཚོགས་རྒྱུ་བཅས་བདུན་ཕྲག་གཉིས་ཀྱི་རིང་ལ་གནང་རྒྱུ་དང་།  བདུན་ཕྲག་གསུམ་པའི་ཉིན་གསུམ་པ་ནས་ཉིན་བཞི་ཡི་རིང་ལ་གླིང་ཚན་ཕན་ཚུན་རིག་ལམ་འགྲན་རྩོད་ཀྱི་ཐུག་ཆེན་རྒྱག་རྒྱུ་བཅས་ཡིན་པ་བཅས་ཀྱི་གནས་བསྡུས་སུ་ཁྱུང་ཁྲི་ལྡེས་ ༢༠༡༧།  ༡༡།  ༢༡།ཉིན་སྤེལ།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།