࿉སྐབས་༢༣པའི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་སྐོར་གྱི་གནས་བསྡུས།

0
528

༄༅།། བཤད་སྒྲུབ་བསྟན་པའི་འབྱུང་གནས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་རྣམས་ཀྱིས་འཆད་སྦྱོང་གི་བགྲོ་གླེང་དང་། རྩོད་སྦྱོང་གི་འཆད་ར་དང་དམ་བཅའ། རྩོམ་སྦྱོང་གི་རྨང་གཞི་བརྡ་དག་སྙན་གསུམ་སྟེ་འཆད་རྩོད་རྩོམ་པའི་སྒོ་ནས་ཤེས་བྱའི་གནས་ལ་འབད་པ་དང་བསྟུན་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་གཏོང་བའི་དགོས་པ་ནི། སློབ་གཉེར་བའི་ལོ་རེའི་སྦྱོང་བརྩོན་གྱི་གྲུབ་འབྲས་ཡོངས་སུ་བསྡོམས་ནས་མིག་སྔར་གཟིགས་འབུལ་ཞུས་པ་ཞིག་དང་། སློབ་སྦྱོང་ཡར་སྐུལ་གྱི་ཤུགས་སྣོན་འཕར་མ་སྐྱེད་བྱེད་ཅིག་ཡིན།

སྤྱིར་ན་སྐབས་བབ་ཀྱི་རྩ་གཞུང་ཁག་དང་། བརྡ་དག་སྙན་གསུམ།  སྨན་རྩིས་དཀྱིལ་འཁོར། སྒྲ་དང་བཟོ་རིག་སོགས་རིག་གནས་ཁག་འཛིན་གྲྭ་སོ་སོའི་སྐབས་དང་བསྟུན་ནས་རྒྱུགས་སྤྲོད་བྱེད་ཀྱི་ཡོད་ཀྱང་། ལྷག་པར་དུ་གཞུང་ཆེན་མདོ་སྔགས་རྫོགས་གསུམ་གྱི་ཚིག་དོན་གྱི་དཀའ་བའི་གནད་རྣམས་ཆེད་དུ་དོ་སྣང་འབྱུང་ཕྱིར་ལོ་ལྟར་ཡིག་རྒྱུགས་དང་རྩོད་རྒྱུགས་གཉིས་སློབ་གཉེར་བ་ཡོངས་རྫོགས་སྟབས་གཅིག་ཏུ་འཛོམས་ནས་སྔ་རྗེས་སུ་གཏོང་སྲོལ་ཡོད།

འདི་ལོའི་རྩོད་རྒྱུགས་ཆེན་མོ་དེ་ཕྱི་ལོ་ ༢༠༡༨། ༠༡། ༡༣། བོད་མེ་བྱ་ལོའི་ཟླ་༡༡། ཚེས་༢༧། རེས་གཟའ་སྤེན་པ་ཉིན་སྔ་དྲོའི་ཕྱག་ཚོད་ ༠༩ ནས་དངོས་གཞིའི་རྒྱུགས་སྤྲོད་དབུ་འཛུགས་ཞུས།

སྐབས་འདིར་རྒྱུགས་སྤྲོད་ཀྱི་དབུ་མགོན་དུ་ཕེབས་པ་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན། བཤད་སྒྲུབ་མཁན་སློབ་རྣམ་གཉིས། རྩ་གཞུང་འཛིན་པའི་སློབ་དཔོན་རྣམ་པས་གཙོས་དགེ་བའི་བཤེས་གཉེན་རྣམས་རྒྱུགས་དཔང་དུ་བཞུགས་ཐོག་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་ཀྱི་སྟངས་འཛིན་འོག འཛིན་གྲྭ་སོ་སོའི་སློབ་གཉེར་བ་རྣམས་འཛིན་གྲྭ་དེའི་ནང་གི་རྩོད་རྒྱན་ཁ་གཏད་གང་བབ་རྒོལ་བ་སྔ་ཕྱི་གཉིས་ཆ་རྩོད་པ་དང་དམ་བཅའ་རེས་སྐོར་གནང་ནས་བཞུགས་པ་དང་།

རྒྱུགས་ལེན་དཔྱད་འདེམས་པ་དགེ་རྒན་ལྷན་ཚོགས་ནས་བཞག་པའི་འཛིན་གྲྭ་སོ་སོའི་ལོ་རེའི་སྦྱང་ཚན་དང་འབྲེལ་བའི་གལ་གནད་ཅན་གྱི་རྟགས་གསལ་རྒྱན་ཤོག་འཐེན་ནས་རྩོད་དགོས་པ་ལྟར་རིམ་པས་རྒྱུགས་སྤྲོད་ཞུས།

དེ་ཡང་རྩོད་པ་སྐབས་བབ་ཀྱི་དོན་གནད་དང་འབྲེལ་མིན་དང་། ལུང་ཚིག་བསྐྱོར་སྟངས། ལུང་འདྲེན་སྟངས་སོགས་ཕྱོགས་ཡོངས་ལ་བསམ་གཞིགས་གནང་ནས་ཨང་ཀི་སྤྲོད་པའི་ལམ་ལུགས་གཞིར་བཟུང་ཁྱོན་ཉིན་གསུམ་གྱི་རིང་སློབ་གཉེར་བ་རྣམས་ཀྱིས་རྒྱུགས་འབུལ་ཞུས་མཐར་རེས་གཟའ་ཟླ་བའི་ཕྱི་དྲོའི་ཕྱག་ཚོད་ ༠༥ པའི་ཐོག་ལོ་འཁོར་རྩོད་རྒྱུགས་ཆེན་མོ་དེ་ཉིད་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་གཙོ་སྒྲུབ་པས། ༢༠༡༨། ༠༡། ༡༥ ཉིན་སྤེལ།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།