མདོ་རྒྱུད་ལས་བྱུང་བའི་ལྷ་ཡི་ཐིག་ཚོན་རི་མོའི་རྣམ་བཤད།

0
1918

ཞལ་བཞིར་འདོད། །ཞལ་གང་བརྐྱང་བསྐུམ་བར་ལ་ཁྱད། །ཕོ་རྒྱུད་གཡོན་བརྐྱང་གཡས་བསྐུམ་ཡིན། །མོ་རྒྱུད་གཡས་བརྐྱང་གཡོན་བསྐུམ་ཡིན།  །ཕོ་རྒྱུད་ཐམས་ཅད་གཡས་འགྱིང་ཡིན། །མོ་རྒྱུད་ཐམས་ཅད་གཡོན་འགྱིང་ཡིན། །ཕོ་རྒྱུད་འགྱིང་ཞལ་གྲུ་བཞིར་འདོད། །མོ་རྒྱུད་འཛུམ་ཞལ་སྒོ་ངར་འདོད། །ཕོ་རྒྱུད་སྤྱན་ལ་འབྲི་ཚུག་ཆགས། །མོ་རྒྱུད་སྤྱན་ལ་གཟི་མདངས་ཆགས།   །སྤྱན་གཞུག་ཐུར་དུ་ལྟ་བ་ཡིན། །སྨིན་མ་ན་རོ་བཀུག་པ་འདྲ། །ཕོ་རྒྱུད་ཤངས་ལ་མཛེས་གཉེར་ཆགས། །མོ་རྒྱུད་ཤངས་རྩེ་འཕྲ་ལ་གཟིགས། །སྙན་ནི་འཁྱིལ་ཞིང་སྙན་ཤལ་རིང་། །ཞལ་ནི་སོར་བཞི་འཛུམ་བག་ལྡན། །ཕོ་རྒྱུད་ཕྱག་ཞབས་ལྷུབ་པ་ཡིན། །མོ་རྒྱུད་ཕྱག་ཞབས་མཉེན་པ་ཡིན། །ཕོ་རྒྱུད་སྨིན་མ་མཐོ་བ་ཡིན། །མོ་རྒྱུད་སྨིན་མ་འབྲེལ་བ་ཡིན། །རྒྱན་དང་ཆ་ལུགས་ལོངས་སྐུ་ཡིན། །སྟོད་གཡོགས་སྨད་ཤམ་འཕུར་དང་འཇོལ། །གོང་རྒྱུད་ན་བཟའ་ལྷུབ་པར་བྱ། །ཕོ་རྒྱུད་རྣམས་ལ་སྟོད་ཞེང་རྒྱས། །མོ་རྒྱུད་རྣམས་ལ་སྨད་ཞེང་རྒྱས།    །རྐེད་སྐབས་ཅུང་ཙམ་མཉེན་ལ་ལྷུད། །ཡོངས་ཁྱབ་རྒྱས་པའི་ལྷ་རུ་བཞེད། །ཞི་དང་ཁྲོ་བོའི་བར་མཚམས་ནས། །དགྱེས་དང་འཛུམ་པའི་ཆ་ལུགས་ཡོད། །ཞི་མ་ཁྲོ་ཞེས་དེ་ལ་བྱ། །ལྷ་མོའི་ཆ་ལུགས་འདི་ལྟར་སྟེ། །འགྱིང་བག་ཅན་དང་གར་སྟབས་ཅན། །གདོང་པ་བརྒྱད་དང་སོར་བཞི་འདོད།  །སོར་བཞི་བ་གའི་ཚད་དུའོ། །དཔྲལ་བ་ཟླུམ་ཡང་ཟླ་རྒྱས་ཉ། །ཁྱུང་གི་སྒོ་ང་ལྟར་དུ་མཛེས། །སྤྱི་གཙུག་འབུར་ཞིང་དབུ་སྐྲ་ལི། །ཨུད་དཔལ་འདྲ་ཞིང་གཡས་སུ་འཁྱིལ། །སྤྱན་མིག་བཀྲ་ལ་སྤྱན་ཤལ་རིང་། །དཀར་ནག་ཕྱེད་ཅིང་ཐུར་ལ་ལྟ། །ཤངས་རྒྱུད་དྲང་ལ་ཤངས་རྩེ་འཕྲ། །རིན་པོ་ཆེའི་ཟར་བུ་འདྲ། །སྨིན་མ་འཁྱུག་ལ་རྫི་མ་རོག །ཞལ་རས་འཛུམ་ལ་གཟི་མདངས་ཆགས། །སྐེ་འགུལ་འདྲིལ་ཞིང་དཔུང་སོགས་གཞོལ། །ཕྱག་ཞབས་མཉེན་ལ་སྨད་ཞིང་ཆེ། །སྐུ་ཤ་བ་ག་ནུ་མ་རྒྱས། །རྐེད་པ་འཁྲིལ་ལྡེམ་མཉེན་ལྕུག་ཆགས། །འགྱིང་བ་ཅན་ལ་རིན་ཆེན་རྒྱན། །གར་སྟབས་ཅན་ལ་རུས་པའི་རྒྱན། །རུས་ཆེན་རྒྱན་ཆ་སྨད་ན་བརྗིད། །ཐོད་སྐམ་དབུ་རྒྱན་ཐོད་རློན་ཤལ། །དར་གྱི་ཅོད་པན་འཕུར་མ་ལྕེ། །ཁ་ཏྲྃ་ཁ་ལ་བརྟེན་ཚུལ་ཅན། །གཡས་པ་སྙན་གྱི་ཐད་ཀ་སྟེ། །གཡོན་པ་སྟ་ཟུར་ཐད་ཀའོ། །ལི་ལྗང་རལ་པ་སྐུ་རྒྱབ་ཁེབས། །དཔའ་བོའི་ཚོགས་རྣམས་འདོར་ཐབས་ཅན། །དེ་ལས་ཅུང་ཙམ་འཁྲོ་བ་སྟེ། །སྤྱན་གསུམ་སྡང་མིག་འབྲི་ཚུག་ཅན། །ཞལ་གདང་མཆེ་བརྩེགས་ཁྲོ་གཉེར་ཅན། །དབུ་སྐྲ་རལ་པ་ཅོད་པན་བཅིངས། །གཡང་གཞི་སྟག་ཤམ་སྦྲུལ་གྱིས་བརྒྱན། །བམ་ཆེན་གདན་དང་དུར་ཁྲོད་གླིང་། །ཤིན་ཏུ་འཇིགས་པའི་ཞིང་ཁམས་ཏེ། །མེ་ཆུ་བྱ་གཅན་སྤྲིན་དང་ཤིང་། །མཆོད་པའི་ལྷ་དང་དཔའ་བོའི་ཀིང་།  །མཁའ་སྤྱོད་ཉམས་དགའི་ཞིང་ལ་གཅལ། །མཆོག་ཐུན་བསྒྲུབ་པའི་ལྷ་རུ་འདོད། །སྤྱིར་ཡང་ལྷ་ཡི་མཚན་ཉིད་ལ། །ཁྲི་དང་ཡོལ་བ་སུམ་ཅུ་གཉིས། །དེ་ལ་ཏོག་གིས་དཔག་པའོ། །ཁྲི་ལ་རྣམ་པ་གསུམ་ཡིན་ཏེ། །ཁྲི་གདན་ཁྲི་རྐང་ཁྲི་ཁེབ་གསུམ། །ཁྲི་གདན་རྣམ་པ་ལྔ་ཡིན་ཏེ། །མེ་ཆུ་ས་རླུང་རྣམ་པ་ལྔ།  །ནམ་མཁའ་མཐིང་ནག་གདན་ལ་བརྗིད། །མེ་ཆུ་ས་རླུང་པ་ཏྲས་བཀང་། །དེ་སྟེང་ཁྲི་རྐང་རྒྱན་ལྡན་བྱ། །ཁྲི་འདེག་ཀ་བ་རིན་ཆེན་གསེར། །ཀ་ཞུ་ཀ་གདན་ཆ་གསུམ་སྟེ། །ཁྲི་བར་གྱད་དང་གཅན་གྱིས་འདེག །འདབ་ཆགས་རི་དྭགས་གཡུང་དྭགས་དང་། །གང་ལ་གང་དགོས་འདེག་པར་བྱ། །དེ་སྟེང་ཁྲི་ཁེབ་རྣམ་པ་ལྔ། །དང་པོ་འཐིང་བརྡུང་རིན་ཆེན་ཕྲ། །གཉིས་པ་གདུང་ཁེབ་པད་མ་སྤུངས། །གསུམ་པ་གདུང་གནོན་པ་ཏྲ་འཁྲུག །བཞི་པ་རིན་ཆེན་ཟ་ར་ཚག །ལྔ་པ་ཡ་གད་མཐིང་ལྗང་སེར། །གང་ལ་མཛེས་པའི་ཚོན་དུ་བྱ། །དེ་སྟེང་པད་མ་གྱེས་དང་སྦུབས། །ཉི་མ་དམར་སེར་ཟླ་བ་དཀར། །ཞི་རྒྱས་དབང་དྲག་རང་སོར་བསྟུན། །དེ་སྟེང་རྒྱབ་ཡོལ་ཆ་གཉིས་ལས། །དབུའི་འོད་དང་སྐུའི་འོད། །ཁྲི་འོད་ནམ་མཁའ་མཐིང་ཀ་སྟེ། །སྐུ་དང་དབུ་འོད་གང་མཛེས་ཚོན། །སྣ་ཚོགས་པ་ཏྲས་བཀང་བར་བྱ། །དེ་རྒྱབ་ན་དྲུག་རྒྱན་ལས་སུ། །མཛེས་པའི་རྒྱན་ལ་འདི་ལྟ་སྟེ། །གླང་ཆེན་སེར་པོ་ལྷ་སྲས་དཀར། །རི་དྭགས་སྔོ་སྐྱ་མི་ཆུང་སེར། །ཤང་ཤང་སེར་པོ་བྱ་ཁྱུང་བཀྲ། །གཞི་མ་དཀར་ལ་སྣ་ཚོགས་འཆོལ། །ལོངས་སྤྱོད་སྐུ་ལ་བརྒྱན་པར་བྱ། །བརྗིད་པའི་རྒྱན་ལ་འདི་ལྟ་སྟེ། །སེང་གེ་དཀར་ལ་བྲམ་ཟེ་དམར། །གཡུ་འབྲུག་སྔོ་ལ་རྨངས་རིགས་ལྗང་། །ཆུ་སྲིན་དམར་སྐྱ་པ་ཏྲ་སེར། །བྱ་ཁྱུང་མཐིང་དང་སྔོན་པོའོ། །དེ་རྒྱབ་ནམ་མཁའ་གཞའ་ཚོན་གུར། །གཞའ་ཚོན་གུར་གྱི་ཀ་བ་དགོས། །ཀ་བ་ཀླུ་རྒྱལ་བུམ་པས་འདེག །ལྗོན་ཤིང་ཁ་ལ་གཞའ་ཚོན་ཟུགས། །མཁའ་ལ་སྐར་ཚོགས་ཚོམ་བུ་མཛེས། །ཞི་བ་རྣམས་ལ་གཞའ་ཚུལ་དགོས། །རྒྱས་པ་རྣམས་ལ་གཞལ་ཡས་དགོས། །དབང་དྲག་གཉིས་ལ་མེ་རི་དགོས། །དཀར་སེར་དམར་ལྗང་ཐོན་ཁ་མཐིང་། །སྣ་ཚོགས་མེ་རི་རྩེ་བསྣོལ་འདྲ། །ཁྲོ་བོ་རྣམས་ཀྱི་དཔྲལ་བ་རྒྱས། །ཁྲོ་མོ་རྣམས་ཀྱི་དཔྲལ་བ་ཟླུམ། །ཁྲོ་བོ་གྱེན་ལ་ལྟ་བ་ཡིན། །ཁྲོ་མོ་འབྲི་ཚུག་ལྟ་བ་ཡིན། །ཞི་བ་ཐུར་ལ་ལྟ་བ་ཡིན། །སེམས་དཔའ་ཕྲེད་ལ་ལྟ་བ་ཡིན། །མཁའ་འགྲོ་ཟུར་ལ་ལྟ་བ་ཡིན། །སྤྱིར་ཡང་ལྷ་ཡི་མཚན་ཉིད་ལས། །ཁྲི་འཕང་དམའ་ན་ས་ནོན་ཆུང་། །རྒྱབ་ཡོལ་དམའ་ན་བསོད་ནམས་ཆུང་། །སྐུ་འབྲས་དམའ་ན་གྲགས་པ་ཆུང་། །འཁོར་ཚོགས་ཉུང་ན་བསོད་ནམས་ཆུང་། །ཆག་ཚད་མི་ལྡན་འབྱུང་པོས་བརླམ། །དེ་ཕྱིར་ཆག་ཚད་ལྡན་པ་བྱ། །ནམ་མཁའ་མཐིང་ནག་གདན་ལ་བརྗིད། །མེ་ཆུ་ས་རླུང་པ་ཏྲས་བཀང་། །དེ་སྟེང་ཁྲི་རྐང་བརྒྱད་ལྡན་བྱ། །ཁྲི་འདེག་ཀ་བ་རིན་ཆེན་གསེར། །དེ་འགྱུར་དེའི་ཡོན་ཏན་ཡོད། །ཕལ་དང་ཕལ་གྱི་ཐུན་མོང་མིན། །

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།