དགུང་གི་ཉི་མ།

0
641
རྩོམ་པ་པོ་དང་སྙན་ངག་པ། རབ་འབྱམས་དགེ་བའི་བཤེས་གཉེན་ཤེས་རབ་སྦྱིན་པ་མཆོག་ནི་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་ཕྱི་ལོ་༢༠༠༧ལོར་དགེ་བའི་བཤེས་གཉེན་གྱི་མཚན་གྱི་ཅོད་པན་གཙུག་ཏུ་བཞེས། དེ་རྗེས་ཁྱུང་ཡུལ་དུ་བཤད་སྒྲུབ་རིག་གནས་ཀྱིས་སློབ་ཚོགས་བསྐྱངས་པ་དང་། དེ་མུས་ད་ལྟའི་ཆར་ཁམས་བྲག་མགོ་རྒྱལ་རོང་དགོན་བཙུན་མའི་བཤད་སྒྲུབ་སློབ་གླིང་གི་སློབ་དཔོན་གྱི་ཐུགས་འགན་བཞེས་བཞིན་མཆིས།

 

རྩོམ་པ་པོ། ཁྱུང་བཙུན་གངས་ལྷ་དཀར་པོ།

དགུང་ཉི་མའི་ཟེར་རྒྱ་གྲོལ་བའི་ཚེ།།
རྗེ་བླ་མའི་གསེར་ཞལ་སེམས་ལ་ཤར།།
བྱམས་དྲིན་གྱིས་གསོས་པའི་སློབ་མ་ངས།།
ཁྱེད་དྲན་པའི་གླུ་ཆུང་འདི་ན་ལེན་།།

གཡང་བྱིན་གྱི་ཆགས་པའི་ཞལ་སྒོ་ན།།
ཐུགས་བརྩེ་བས་ཁེངས་པའི་རྟགས་མཚན་དངོས།།
འཛུམ་མེར་རེའི་ཚེམས་དཀར་ཕྲེང་བ་ཉིད།།
ཡིད་མེ་ལོང་ངོགས་སུ་གསལ་ལྷང་ངེེར།།

ཕ་རྫོགས་པ་ཆེན་པོའི་གདམས་ངག་དེ།།
འཁོར་བུ་སློབ་ཚོགས་ལ་སྦྱིན་ཙམ་ན།།
ནང་ཉམས་ལེན་ཆུང་བའི་བཙུན་པ་ངས།།
རྗེ་ཁྱེད་ལ་གསོལ་བ་ཡང་ཡང་བཏབ།།

གཞུང་ཆེན་མོའི་གསེང་དུ་ཉུལ་བའི་སྐབས།།
དོན་གོ་བའི་དཀའ་ཁག་ཆེར་འཕྲད་དུས།།
སྔོན་གསུངས་པའི་ཞལ་གདམས་དྲོན་མོ་དེ།།
སེམས་དྲན་ཐེངས་གཅིག་གིས་ངེས་ཤེས་རྙེད།།

སྔོན་བསགས་པའི་བག་ཆགས་རྩུབ་མོ་ཡིས།།
སེམས་ཀུན་རྟོགས་བདེ་རུ་མ་བཅུག་པར།།
ཡིད་རྨི་ལམ་འཁྲུལ་རྗེས་བཏང་ན་ཡང་།།
ཁྱེད་དྲན་པས་བློ་སེམས་ནམ་ཡང་སྐྱིད།།

 

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།