ལྷ་དང་བཞུགས་ཁྲིའི་ཕྱག་ཚད་སྐོར།

0
2317

རྩོམ་པ་པོ། ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག

         ལྷ་ཡི་ཕྱག་ཚད་ཐམས་ཅད་ཕྱག་གི་སོར་མོ་ཡི་དཀྱིལ་མཛུབ་ཀྱི་ཚིགས་གསུམ་པའི་བར་མའི་རྔམས་ཚད་དང་དེ་ཡང་ཚིགས་དཀྱིལ་གྱི་རྔམས་དེ་འཇལ་བྱེད་ཕྱག་དང་མཛུབ་མོའི་ཚད་དེ་ཡིན་པས་ཕྱག་ཚད་ཅེས་བརྗོད་པ་ཡིན་གྱི། ཆག་ཚད་ཅེས་འབྲི་སྲོལ་འདུག་པའི་རྒྱུ་མཚན་དོན་ལྡན་མ་ཡིན་ནོ། །ལྷ་ཞི་བའི་ཐིག་རྩ་ངེད་ལྡོང་མདོའི་ལྷ་ཚུགས་ལྟར་ན། མདོ་དྲི་མེད་ཀྱི་གཞུང་དང་མཐུན་པས་དེ་ཡི་ཐིག་གྲངས་གྱེན་ཐིག་དཀྱིལ་མའི་གཡས་སུ་སོར་དྲུག དྲུག བཞི། གཉིས། དྲུག བཅུ་གཉིས་བྱེད། དེ་དང་གྲངས་འདྲ་བ་གཡོན་དུ་ཡང་དཀྱིལ་ཐིག་ནས་དྲུག དྲུག བཞི། གཉིས། དྲུག བཅུ་གཉིས། འཕྲད་ཐིག་ཐོད་ནས་སོར་བཅུ་གཉིས། གཉིས། བཞི། བཞི། བཅུ་གཉིས། བཞི། དྲུག དྲུག བཅུ་གཉིས། བཞི། བརྒྱད། བཞི། བཞི། དྲུག གཉིས། བཅུ་གཉིས་བཅས་ཡོད་པ་འདིའི་ནང་དབུ་འོད་ནས་པད་གདན་བར་ལྷ་བཞུགས་པའི་ཕྱག་ཚད་ཡིན།

ལྷ་ཡི་བཞུགས་ཁྲི།
ལྷ་ཡི་བཞུགས་ཁྲི།

       བཞུགས་ཁྲིའི་ཕྱག་ཚད་རྔམས་སུ་སོར་བཞི་བཅུ་ཡོད་པས། དེ་ཆ་གསུམ་དུ་བགོས་པས་ཆ་རེར་སོར་བཅུ་གསུམ་རེ་འབྱུང་། སུམ་ཆ་དང་པོ་ཁྲི་གདན་རིམ་པ་ལྔ་ཡི་རྔམས་སུ་བང་རིམ་རེར་སོར་གཉིས་དང་སུམ་ཆ་རེ་ཐོབ་པ་དང་། རྨེང་ནམ་མཁའ་ལ་སོར་གཅིག་བསྣན་པས་སོར་གསུམ་དང་སུམ་ཆ་གཅིག འབྱུང་བརྩེགས་གཞན་ལ་སོར་གཉིས་དང་སུམ་ཆ་རེ་བྱེད། རྨེང་གཞིའི་ཞེང་དུ་ཁྲི་མིག་གི་ཞེང་ཚད་དུ་སོར་མོ་དྲུག་ཡོད་པ་ནས་ཕྱི་རུ་རིམ་བཞིན་སོར་མོའི་སུམ་ཆ་གཉིས་རེ་འཕར་བས། བང་རིམ་ལྔ་དང་། དེ་རྣམས་ཀྱི་ཁ་དོག་དང་འབྱུང་བའི་བརྡ་རིས་ཅན། ཁྲི་མིག་གི་རྔམས་སུ་སོར་བཅུ་གསུམ་དང་། ཞེང་དུ་སོར་བདུན་ཅུ་དོན་གཉིས། དེ་ཡི་ལོགས་སུ་ཀ་བ་ཞུ་གདན་དང་བཅས་པའི་ཁོངས་གསེང་དུ་གཅན་ལྔ་སོགས་རང་གཞུང་ལྟར་དང་།དེ་ཡི་སྟེང་དུ་ཁྲི་ཁེབས་རྣམ་ལྔ་ཞེས། དང་པོ་མཐིང་གདུང་རིན་པོ་ཆེ། །གཉིས་པ་གདུང་ཁེབས་པད་མ་སྤུངས། །གསུམ་པ་གདུང་གནོན་པ་ཏྲ་འཁྲུག། བཞི་པ་རིན་ཆེན་ཟ་ར་ཚགས།  །ལྔ་པ་ཡ་གད་མཐིང་ལྗང་སེར།  །ཞེས་པ་དེ་ལྔ་རེ་རེ་ཡི་རྔམས་སུ་སོར་གཉིས་དང་སུམ་ཆ་རེ། དཀྱུས་སུ་ཁྲི་མིག་གི་ས་ནས་སོར་གཅིག་གི་སུམ་གཉིེས་རེ་ཕྱིར་རིམ་པས་འཕར་བར་བྱ།  དེ་རྣམས་ཀྱི་དབྱིབས་དང་ཁ་དོག་ནི། གདུང་མ་མཐིང་ཁ་དང་ཚིགས་རྒྱན་སོགས་ཀྱིས་སྤྲས་པ།  གཉིས་པ་གདུང་ཁེབས་པད་མ་མཛེས་ཚོན།  གསུམ་པ་གདུང་གནོན་པ་ཏྲ་ཞེས་ཁ་དོག་དང་དབྱིབས་རིས་མཛེས་པ།  བཞི་པ་རིན་ཆེན་ཟ་ར་ཚགས་ནི་ཁ་དོག་དང་རིན་ཆེན་སྣ་ཚོགས་ཀྱི་ཟར་ཚགས་འཕྱང་བའོ།  །ལྔ་པ་ཡ་གད་ནི་ཁ་དོག་མཐིང་ཁ་དང་ལྗང་ཁུ་སོགས་སྤེལ་མ་བྱས་ཤིང་བརྩེགས་ཚུལ་མཛེས་པའོ།  །དེའི་སྟེང་དུ་པད་མའི་གདན་དང་ཉི་ཟླ་སོགས་སྤྱི་འགྲེས་བྱའོ།  །མདུན་དུ་ཁྲི་ཁེབས་ཀྱི་རི་མོ་བྱེད་པ་འདུག་ཀྱང་ལུང་འདིར་མ་གསལ་བས་བརྟག་གོ།  གཞན་ཡང་ལྷ་ཞི་ཁྲོ་གང་དག་གི་ཁྲི་ཡི་དབྱིབས་ཁྲི་ལྕོག་སྟེ་ཟུར་བཞི་ལོགས་བརྒྱད་བྱེད་པ་དང་། ཤིང་ལོའི་དབྱིབས་ཅན་གྱི་ཁྲི་དང་།   གོང་བཤད་ལྟར་གྱི་ཁྲི་གྲུ་བཞི་མ་སོགས་གང་བྱེད་ན་ཡང་དཀྱུས་དང་རྔམས་འདི་བཞིན་བྱེད་ན་རྒྱུད་དང་མཐུན་ཆེའོ། །འོན་ཀྱང་ཕྱག་ཚད་ནི་ཁོ་བོས་དཔྱད་དེ་བྱས་པས་ཚུལ་མཐུན་གྱི་རྒྱུ་མཚན་ཡོད་ན་བསྒྱུར་བཅོས་རུང་ལ།  དབྱིབས་ནི་རྒྱུད་དོན་ཡིན་པས་འདོད་བཅོས་མི་བྱེད་དོ།    །

                                                                                                          ཅེས་བསྟན་རྣམ་པས་སོ།།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།