བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག་ངག་འཛིན་ཟུར་བཀོལ་བཞུགས།

0
837
ཁྱུང་སྤྲུལ་འཇིགས་མེད་ནམ་མཁའ།

རྩོམ་པ་པོ། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའ།

༄༅། །སྐྱབས་རྗེ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའ་མཆོག 
འཇམ་དབྱངས་སྨྲ་སེང་ལ་བཏུད་དེ། ཐབས་ཤེས་ཟུང་སྦྲེལ་བྱིན་རླབས་ཀྱིས། དཔའ་བོ་འབྲུ་ལྔ་ལས་སྤྲོས་པའི། འཕྲུལ་གྱི་ཐོ་ཡིག་བཞི་བཅུར་འབྱུང༌། དེ་དག་འབྱུང་བ་ཆེ་ཆུང་དབྱེ། ཀ་ལི་གསལ་བྱེད་སུམ་ཅུ་ལ། ཐང་བབ་སྡེ་ཚན་ཕྱེད་དང་བརྒྱད། དེ་སྟེང་སྐབས་སྦྱོར་བཅུ་བསྣན་པས།འཕྲུལ་གྱི་ཐོ་ཡིག་བཞི་བཅུར་བརྗོད། ག་ང་ད་ན་བ་མ་འ། ར་ལ་ས་བཅས་རྗེས་འཇུག་བཅུ། ས་མཐའ་ཅན་གྲགས་དེ་ནང་ལས། ག་ད་བ་མ་འ་སྔོན་འཇུག ལྔ་སྟེ་འ་མཐའ་ཅན་ཡང་ཟེར། ད་ས་གཉིས་ནི་ཡང་འཇུག་དབང༌།དེ་ལྷག་ཉི་ཤུ་མིང་གཞི་ལས། སྔོན་རྗེས་གང་དུ་འཇུག་མི་འགྱུར། མགོ་ཅན་ར་ལ་ས་གསུམ་དང༌། སྨད་འདོགས་ཡ་ར་ལ་ཝ་བཞི། མིང་གཞི་ཀ་ལི་སུམ་ཅུའི་ནང༌། ར་མགོ་ཐོབ་པ་བཅུ་གཉིས་ཏེ།

རྐ་རྒ་རྔ་རྗ་རྙ་རྟ་རྡ། རྣ་རྦ་རྨ་རྩ་རྫ་རྣམས་སོ། ལ་མགོ་ཐོབ་པ་བཅུ་ཡིན་ཏེ། ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ། ལྤ་ལྦ་ལྷ་སྟེ་བཅུ་པོ་ཡིན། ས་མགོ་ལྡན་པ་བཅུུ་གཅིག་ནི། སྐ་སྒ་སྔ་སྙ་སྟ་སྡ་སྣ། སྤ་སྦ་སྨ་སྩ་མགོ་ཅན་ཚང༌། སྨད་འདོགས་ཡ་སྟ་ཐོབ་པ་བདུན། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ། ར་སྟ་ཐོབ་པ་བཅུ་གསུམ་སྟེ། ཀྲ་ཁྲ་གྲ་ཏྲ་དྲ་ནྲ་པྲ། ཕྲ་བྲ་མྲ་ཤྲ་སྲ་ཧྲ་བཅས། ལ་བཏགས་ཐོབ་པ་དྲུག་དང་ལྡན། ཀླ་གླ་བླ་ཟླ་རླ་སླ་ཡིན། ཝ་ཟུར་འདོགས་རུང་ཡི་གེ་ནི། ཀྭ་ཁྭ་གྭ་ཉྭ་དྭ་ཙྭ་ཚྭ། ཛྭ་ཞྭ་ཟྭ་རྭ་ལྭ་ཤྭ་སྭ། ཧྭ་ཨྭ་བཅས་ཏེ་བཅུ་དྲུག་སྲིད། གཞན་ཡང་ཝ་ཟུར་ཐོབ་པ་མང༌། འཇུག་ཡུལ་མིང་གཞི་སུམ་ཅུ་ལ། འབྱུང་ཁམས་དབྱེའམ་ཕ་མོ་དབྱེ། ཀ་ཅ་ཏ་པ་ཙ་ལྔ་ཕོ། ཁ་ཆ་ཐ་ཚ་མ་ནིང༌། ག་ཇ་ད་བ་ཛ་ཝ་ཞ། ཟ་འ་ཡ་ཤ་ས་བཅུ་གཉིས། མོ་ཡིག་བརྗོད་དོ་ཤིན་ཏུ་མོ། ང་ཉ་ན་མ་བཞི་པོ་སྟེ། ར་ལ་ཧ་གསུམ་མོ་གཤམ་བཅས། བསྡོམས་པས་མོ་ཡིག་བཅུ་དགུར་འདོད། ཨ་ནི་ཀུན་གྱི་སྲོག་ཏུ་ཞུགས། སྔོན་འཇུག་ག་ད་གཉིས་མ་ནིང༌། བ་ཕོ་མ་ནི་ཤིན་ཏུ་མོ། འ་ནི་མོ་འོ་འཇུག་ཚུལ་ཡང༌། སྔོན་འཇུག་མ་ནིང་ག་ད་གཉིས། མིང་གཞི་ཕོ་དང་མོ་ལ་འཇུག བ་ནི་ཕོ་སྟེ་མིང་གཞི་ནི། ཕོ་དང་མོར་འཇུག་མ་ཤིན་མོ། མིང་གཞི་མ་ནིང་ཤིན་མོར་འཇུག འ་ནི་མོ་སྟེ་མིང་གཞི་ནི། མོ་དང་མ་ནིང་ལ་འཇུག་གོ། འཇུག་ཡུལ་སོ་སོའི་གྲངས་དདབྱེ་ནི། ག་ཡིས་རྐྱང་འཕུལ་བཅུ་གཅིག་དང༌། ད་ཡིས་རྐྱང་དྲུག་འདོགས་འཕུལ་དགུ། བ་ཡིས་རྐྱང་འཕུལ་བཅུ་དང་ནི། རྩེག་འཕུལ་ཉི་ཤུ་འདོགས་ཅན་དགུ། སྦྲག་འཕུལ་དྲུག་ཏུ་ངེས་པའོ། མ་ཡིས་རྐྱང་འཕུལ་བཅུ་གཅིག་དང༌། ཡ་རའི་འདོགས་འཕུལ་བཞི་ངེས་སོ། འ་ཡིས་རྐྱང་འཕུལ་བཅུ་དང་ནི། འདོགས་འཕུལ་དགུ་བཅས་ཁྱོན་བསྡོམས་པས། རྐྱང་འཕུལ་ཞེ་བརྒྱད་རྩེག་འཕུལ་ནི། ཉེར་ཐམ་འདོགས་འཕུལ་སོ་གཅིག་དང༌། སྦྲག་འཕུལ་དྲུག་བཅས་བརྒྱ་དང་ལྔ། མི་འཇུག་ངེས་པ་ཞོར་རྟོགས་སླ། དོན་ཆེད་མ་ནིང་གཉིས་པོ་ནི། གཙོ་ཆེར་ད་ལྟར་ཆེད་དུ་སྟེ། བདག་གཞན་གཉིས་དང་དེ་འབྲེལ་ལས། འདས་སྐུལ་ལ་ཡང་རེས་འགའ་ཙམ། ཕོ་ནི་གཙོ་བོར་འདས་པ་དང༌། དངོས་གཞན་བྱ་བ་བསྒྲུབ་ལ་འཇུག ད་ལྟ་སྐུལ་ཚིག་སྲིད་ཙམ་ཡིན། ཤིན་ཏུ་མོ་ནི་བདག་གཞན་གཉིས། དེ་འབྲེལ་བྱེད་ལས་བྱ་ལས་དང༌། དུས་གསུམ་ཀུན་ལ་ཁྱབ་པར་འཇུག མོ་ནི་བདག་དང་ད་ལྟ་བ། གཙོ་བོར་མ་འོངས་སྟོན་ཕྱིར་རོ།བདག་གཞན་བྱ་བྱེད་དུས་གསུམ་གྱི། དཀའ་གནད་དགྲོལ་ལ་མཁས་པར་བྱ། བྱས་ཟིན་རྣམས་ནི་འདས་པ་སྟེ། བས་འཕུལ་ཡང་འཇུག་ཤས་ཆེར་འབྱུང༌། བྱེད་སྒང་རྣམས་ནི་ད་ལྟ་བ། སྔོན་འཇུག་མེད་པ་ཤས་ཆེ་ལ། ཡོད་ཀྱང་བ་དང་ཡང་འཇུག་སྤང༌། འས་འཕུལ་ན་རོ་འབྲེལ་ཆེར་ཡོང༌། བྱ་འགྱུར་རྣམས་ནི་མ་འོངས་པ། འཕུལ་བྱེད་ལྔ་ལ་རིས་མེད་ཀྱང༌། ག་ད་བ་རྣམས་ཤས་ཆེ་ལ། ན་རོ་ཡང་འཇུག་ཕལ་ཆེར་སྤང༌། བྱེད་པོས་གཞན་བསྐུལ་སྐུལ་ཚིག་སྟེ། ཕལ་ཆེར་འ་མཐའ་ཅན་སྤང་སྟེ། ན་རོ་ཡང་འཇུག་འབྲེལ་ཆེར་སྲིད། བྱེད་པ་པོ་དང་བྱེད་པའི་ལས། ད་ལྟ་བ་རྣམས་འཐོབ་ཚུལ་གཅིག དེ་བཞིན་བྱ་ཡུལ་བྱ་ལས་དང༌། མ་འོངས་པ་རྣམས་སྦྱར་འཐོབ་འདྲ། ག་དས་འཕུལ་བའི་བྱ་བ་ལ། བྱེད་པར་འ་འཇུག་བྱ་བྱེད་གཉིས། འགྱུར་མེད་དག་ཀྱང་འཐོབ་པ་མང༌། བ་འཇུག་བྱ་བར་བྱེད་པ་འ།ཕལ་ཆེར་འཕུལ་མེད་པ་ཡང་མང༌། མ་འཇུག་བྱ་བར་བྱེད་པ་ག འཕུལ་མེད་གཉིས་ཀྱང་སྲིད་པ་ཙམ། ཕལ་ཆེར་བྱ་བྱེད་འགྱུར་བ་མིན། འ་འཇུག་བྱ་བྱེད་གཉིས་ཀ་རང༌། འཕུལ་མེད་བྱ་བྱེད་མི་འགྱུར་ཞིང༌། ལུས་སྲོག་གཉིས་ཀ་གཞན་འགྱུར་བའི། བྱ་བྱེད་དག་ནི་ཅི་རིགས་སོ། དེ་ནས་རྗེས་འཇུག་ཕོ་མོ་སོགས། དབྱེ་ཚུལ་མི་འདྲ་སྣ་ཚོགས་ཀྱང༌། འདིར་བཞེད་ག་ད་བ་ས་ཕོ། ང་མ་འ་མོ་ན་ར་ལ། མ་ནིང་ཞིབ་དབྱེ་ཕོ་ལ་གསུམ། མོར་གཉིས་མ་ནིང་གསུམ་དུ་ཕྱེ། སྒྲ་ནི་དྲག་ཞན་བར་གསུམ་གྱི། དྲག་པ་ཕོ་གསུམ་ནང་ཕྲད་དམ། འབྲིང་དང་ཞན་པ་དེ་བཞིན་གྱི། ནང་གསེས་དྲག་ཞན་ཞིབ་དབྱེ་ཤེས། དོན་ནི་རྟགས་མཚུངས་མིང་མཐའ་འདྲེན། ཕོ་ཡིས་ཕོ་མིང་འདྲེན་ལྟར་འགྲེ། ཡང་འཇུག་ད་ས་གཉིས་པོ་ནི། ཕལ་ཆེར་འདས་སྐུལ་གཉིས་འཐོབ་མང༌། ད་ནི་ན་ར་ལ་གསུམ་མཐར། ས་ནི་ག་ང་བ་མར་དབང༌། ད་དྲག་དངོས་མིན་ཡོད་ལྟར་སྦྱར། འ་མཐའ་ཀུན་དོར་དགའ་བ་སོགས།འགའ་ཞིག་མེད་ན་ནོར་དོགས་བཞག ༈ དེ་ནས་རྣམ་དབྱེ་ཕྲད་སོགས་ལ།རྣམ་དབྱེའི་མིང་གྲངས་ངོ་བོ་ལས། བྱེད་པ་དགོས་ཆེད་འབྱུང་ཁུངས་དང༌།འབྲེལ་བ་རྟེན་གནས་འབོད་སྒྲ་བརྒྱད། དབྱེ་བྱ་ཕྲད་ལ་སླར་བསྡུ་དང༌། ལ་དོན་ཨི་ལྡན་རྒྱན་སྡུད་དང༌། ལྷག་བཅས་འབྱེད་སྡུད་འབྱུང་ཁུངས་དང༌།འབོད་སྒྲ་དང་བཅས་བརྒྱད་ཕྱེ་ལ། སླར་བསྡུ་རྫོགས་ཚིག་དོན་གཅིག་སྟེ།རྗེས་འཇུག་རང་འདྲ་ན་རོ་སྦྱར། གོ་ངོ་དོ་ནོ་བོ་མོ་འོ། རོ་ལོ་སོ་དང་ཤུགས་བསྟན་ཏོ། སྦྱོར་ཚུལ་བྱ་བྱས་སླར་བསྡུ་དངོས། མ་འོངས་སླར་བསྡུ་ཙམ་གཉིས་དབྱེ། ལ་དོན་སུ་རུ་དུ་ཏུ་ན། ལ་ར་རྣམ་དབྱེ་གཉིས་བཞི་བདུན།ལས་དང་དགོས་ཆེད་རྟེན་གནས་གསུམ། དེ་ཉིད་ཚེ་སྐབས་ལྔ་ལ་འཇུགསྦྱོར་ཚུལ་མཐའ་རྟེན་ས་མཐར་སུ། འ་དང་མཐའ་མེད་རའམ་རུ། ང་ད་ན་མ་ར་ལ་དུ། ག་བ་ད་དྲག་ཅན་མཐར་ཏུ། ན་ལ་རྗེས་འཇུག་ལ་མི་ལྟོས། ཨི་ལྡན་འབྲེལ་བ་སྟོན་བྱེད་སྒྲ། ཀྱི་གྱི་གི་འི་ཡི་ལྔ་ནི། འབྲེལ་སྒྲ་དངོས་དང་ཚིག་རྒྱན་འཇུག ད་བ་ས་ཀྱི་ག་ང་གི། ན་ལ་ར་ལ་གྱི་འ་མཐའ། མཐའ་མེད་གཉིས་ལ་འི་དང་ཡི། དེ་ལྔར་སས་བརྒྱན་བྱེད་སྒྲ་སྟེ། ཀྱིས་གྱིས་གིས་འིས་ཡིས་ལྔར་གྲུབ། བྱེད་སྒྲ་དངོས་དང་རྒྱུ་མཚན་དབྱེ། སྦྱོར་ཚུལ་འབྲེལ་སྒྲ་དང་མཚུངས་སོ། ཚིག་རྒྱན་རྒྱན་སྡུད་ཀྱང་ཡང་འང༌། ཚིག་རྒྱན་གཉིས་དང་སྡུད་སོགས་དབྱེ། ག་ད་བ་ས་དྲག་མཐར་ཀྱང༌། ང་ན་མ་ར་ལ་མཐར་ཡང༌། འ་དང་མཐའ་མེད་འང་དང་ཡང༌། ཁ་སྐད་མི་དགོས་དགོས་ཕྱིར་རོ།དེ་ནས་ཡང་ནི་བསྣན་བསྐྱར་གཉིས། འཇུག་ཀྱང་རྗེས་འཇུག་ལ་མི་ལྟོས།ལྷག་བཅས་ཏེ་དེ་སྟེ་གསུམ་ནི། མཚམས་སྦྱོར་དམ་བཅས་གཞན་འདྲེན་དབྱེ། ན་ར་ལ་ས་ཏེ་རྐྱང་དང༌། ད་དེ་ག་ང་བ་མ་འ། མཐའ་མེད་རྣམས་ལ་ས་སྟེ་སྦྱར། འབྱེད་སྡུད་རྣམ་བརྟག་ཅན་གྱི་སྒྲ། རྗེས་འཇུག་བཅུ་ལ་མ་མཐའ་སྦྱར། གམ་ངམ་དམ་ནམ་བམ་མམ་འམ། རམ་ལམ་སམ་དང་ཏམ་བཅས་ཏེ། རྗེས་འཇུག་རང་འདྲར་མཐའ་ལ་སྦྱར། འཇུག་གྲངས་འབྱེད་སྡུད་ཐེ་ཚོམ་དང༌། དྲི་བ་གདམ་ང་ལྔ་ལ་འཇུག ར་རུ་འི་ཡི་འང་ཡང་འོ། འུ་འམ་རྣམས་ནི་ཚིག་རྐང་ལ། ཁ་སྐང་མི་དགོས་ཚེག་མེད་དང༌། དགོས་ཚེ་བར་ཚེག་བྱེད་པའོ། འབྱུང་ཁུངས་སྟོན་སྒྲ་ནས་ལས་གཉིས། འབྱུང་ཁུངས་དགར་སྡུད་ལྷག་བཅས་དང༌། རྒྱུ་མཚན་ལ་སོགས་མང་དུ་འཇུག འབོད་སྒྲ་ཀྱེ་དང་ཀྭ་ཡེ་དང༌། ཝ་ཡེ་མཆོག་འབྲིང་དམན་པའི་ཁྱད། དེ་ནས་རང་དབང་ཅན་གྱི་ཕྲད། ནི་སྒྲ་དགར་དང་ངོས་བཟུང་དང༌། བསྣན་དང་ཁ་སྐོང་བཅས་ལ་འཇུག དང་སྒྲ་འབྱེད་སྡུད་ཚེ་སྐབས་དང༌། རྒྱུ་མཚན་གདམས་ངག་སྟོན་ལ་འཇུག གང་སྒྲ་སྤྱི་ལ་ཁྱབ་པའི་སྒྲ། དེ་མཚུངས་ཅི་ཇི་སུ་གསུམ་ཡིན། དེ་སྒྲ་ཐ་སྙད་དབང་དུ་གསུམ། དུས་གཉིས་དངོས་པོའི་དབང་དུ་བཞི། བདག་སྒྲ་པ་བ་པོ་དང་གསུམ། སྒྲ་མཐུན་པ་བ་པོ་དང་ནི།པུ་བུ་འུ་བཅས་ནང་ཚན་ལ། པ་བ་གཉིས་ཀྱི་སྦྱོར་ཚུལ་ཡང༌། ག་ད་ན་བ་མ་ས་དང༌། ད་དྲག་ཅན་རྣམས་པ་སྦྱར་ཞིང༌། ང་འ་ར་ལ་མཐའ་མེད་ཀྱི།བ་ཕྱེད་ཝར་འབོད་རྣམས་ལ་བ། འགའ་ཞིག་པ་བ་བརྗོད་བདེར་སྦྱར། བོ་ནི་འ་མཐའ་གཞན་བཅུ་པོ། སུ་ནི་ག་མཐར་གཞན་དགུ་བུ། འ་མཐར་འུ་སྦྱར་དགག་སྒྲ་ནི། མ་མི་མིན་མེད་མོ་བཅས་ཀྱང༌། རྗེས་འཇུག་མི་བལྟོས་རང་དབང་ཅན། མ་མི་སྔོན་དགག་མིན་མེད་རྗེས། མོ་ནི་མིན་ཟླ་སོགས་ལ་འཇུག ཚིག་གི་འཕྲོ་མཐུད་ཅིང་ཞིང་ཤིང༌། ངོེས་བཟུང་ཅེས་ཞེས་ཤེས་དང་གསུམ། དྲི་ལེན་ཅེ་ན་ཞེ་ན་དང༌། ཤེ་ན་ཅེ་འོ་ཞེ་འོ་དང༌། ཤེ་འོ་ངེས་བཟུང་བསྐུལ་ཚིག་ལ། ཅིག་ཞིག་ཤིག་བཅས་འཐོབ་ཚུལ་ཡང༌། ག་ད་བ་དྲག་ཅན་མཐར་ཅ། ང་ན་མ་འ་ར་ལ་དང༌། མཐའ་མེད་རྣམས་ལ་ཞ་ཡིག་སྦྱར།ས་མཐར་དམིགས་བསལ་མ་གཏོགས་ཤ། གཞན་ཡང་ཕྲད་ནི་སྣ་ཚོགས་ཀྱང༌། འདི་སྒྲ་ད་དུས་དངོས་སམ་འཇུག ད་སྒྲ་སྐབས་སུ་བབ་པའི་ཚིགཉིད་ནི་ངོ་བོ་ཁོ་ན་སྟོན། ཙམ་ནི་ལྷག་མ་འགོག་པ་དང༌། ཚད་དང་དམན་པའི་སྒྲ་ལ་འཇུག ཐམས་ཅད་ཀུན་ཀ་ཡོ་ཀ་དང༌། དུ་མ་རྣམས་བཅས་མང་ཚིག་སྒྲ། མ་ལུས་འབའ་ཞིག་ཤ་སྟག་རྣམས། ལྷག་མ་འགོག་སྒྲ་སྟོན་པའི་ཚིག ཞར་བྱུང་ཚིག་ཕྲད་འཐོར་བུ་དང༌། བསྡུས་དང་ཟུར་ཆག་ལ་སོགས་མང༌། བར་འབྱེད་ཚིག་ནི་ང་མ་གཏོགས། གཞན་རྣམས་ཤད་གོང་ཕྱི་ཚེག་སྤང༌། མདོ་གཅོད་ཤད་ལ་དཀར་ཤད་དང༌། ནག་ཤད་ཚེག་ཤད་དྲག་ཤད་དང༌། སྦྲུལ་ཤད་བཀྱོག་ཤད་དང་དྲུག་དབྱེ། དེ་ལྟར་བརྡ་སྤྲོད་རྒྱ་མཚོའི་བཅུད། མ་ལུས་ཆ་ཚང་རྩ་ཚིག་འདི། བརྡ་དག་པོ་སྟེ་འཇིགས་མེད་པས།འུབ་ཆུད་ཀློང་ནས་ཐོལ་བྱུང་བྲིས། ཤུ་བྷཾཿ དགེའོ།

 

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།