བརྒྱ་བཞིའི་ཡས་ལེན།

2
4943
ཀོང་ཙེ་འཕྲུལ་རྒྱལ་ལ་ན་མོ།

རྩོམ་པ་པོ། ཁྱུང་ཐོག་རྒོད་ཀྱིས་ཟུར་འདོན་བྱས།

ཀྱེའེ་སྣང་སྲིད་ལྷ་འདྲེ་ཚུར་གསོན་དང་།།
ཡས་བདུད་ཡས་ལེན་བྱོན་པ་ནི།།
ཉི་མ་ལ་ཁའི་གྲིབ་སོ་འདྲ།།
མ་བདུད་ཡས་ལེན་བྱོན་པ་ནི།།
བྱ་གཅན་གཟན་ལ་འཇུམ་པ་འདྲ།།
མ་མོའི་ཡས་ལེན་བྱོན་པ་ནི།།
མུན་པ་ནག་པོ་འཁྲིགས་པ་འདྲ།།
རྒྱལ་བློན་ཡས་ལེན་བྱོན་པ་ནི།།
ཉི་མ་ཤར་བའི་ཟེར་དང་འདྲ།།
སྲོག་བདག་ཡས་ལེན་བྱོན་པ་ནི།།
སེང་གི་གནམ་ལ་མཆོང་བ་འདྲ།།
བ་གར་ཡས་ལེན་བྱོན་པ་ནི།།
སེང་གེས་ཁྱི་གཟུགས་བྱེད་པ་འདྲ།།
གནམ་ཐེལ་ཡས་ལེན་བྱོན་པ་ནི།།
སྤྲེའུ་ཤིང་ཐོག་སྙབ་པ་འདྲ།།
ཀླུ་ཆེན་ཡས་ལེན་བྱོན་པ་ནི།།
མཚོ་མོ་རླབས་ཀྱིས་བསྐྱོད་པ་འདྲ།།
བཙན་གྱིས་ཡས་ལེན་བྱོན་པ་ནི།།
བྱ་ཁྲ་གཟན་ལ་འཇུམ་པ་འདྲ།།
གཟའ་ཡིས་ཡས་ལེན་བྱོན་པ་ནི།།
སྤྱང་ཀུ་ལུག་ལ་འཇབ་པ་འདྲ།།
སྐར་མ་ཡས་ལེན་བྱོན་པ་ནི།།
འཕར་བ་ར་ལ་འཇབ་པ་འདྲ།།
བསེན་མོའི་ཡས་ལེན་བྱོན་པ་ནི།།
བུ་མོས་རྩི་ཤིང་ཐུ་བ་འདྲ།།
སྨིན་གྱི་ཡས་ལེན་བྱོན་པ་ནི།།
ལྷ་ལྕམ་བག་ལ་འགྲོ་བ་འདྲ།།
དན་ཅན་ཡས་ལེན་བྱོན་པ་ནི།།
སྤྱང་ཀུས་མི་རོ་འདྲེད་པ་འདྲ།།
བདུད་ཀྱི་ཡས་ལེན་བྱོན་པ་ནི།།
གནོད་སྦྱིན་དམག་ལ་འགྲོ་བ་འདྲ།།
ལན་ཆག་བུན་ལོན་འཁེལ་བར་མཛོད།།

 དཔྱད་བརྗོད།

       མཚུངས་གསལ་གྱི་སྒྲ་སྦྱར་ཏེ་དཔེ་ཡིས་ལམ་ནས་བརྗོད་བྱའི་དོན་གྱི་ཉམས་ཐོན་པར་བྱས་ཡོད་པ་མ་ཟད། བསྡུས་བརྗོད་ལྟ་བུའི་ཚིག་གི་ཕག་ནས་དོན་གཞན་ཞིག་བཙལ་མི་དགོས་པ་དང་། མངོན་བརྗོད་ཀྱི་ཕྱི་སྐོགས་མ་སྦགས་པས་ཀློག་པ་པོ་སུ་ཞིག་ཡིན་རུང་བརྗོད་བྱའི་དོན་གསལ་ཝལ་ལེར་ཡིད་ལ་བཞེངས་ནུས། དཔེ་ལའང་འགའ་ཞིག་ནི་ཕལ་གྱི་བསམ་བློའི་འཆར་སྒོ་དང་འཚམས་པའི་ཁོར་ཡུག་ལས་སྦྱར་སྟེ། དཔེར་ན། ཉི་མ་ལ་ཁའི་གྲིབ་སོ། ཉི་མ་ཤར་བའི་ཟེར། མུན་པ་ནག་པོ་འཁྲིགས་པ། མཚོ་མོོ་རླབས་ཀྱིས་བསྐྱོད་པ་ལྟ་བུ་དང་། 

    འགའ་ཞིག་མཐོ་སྒང་གི་སྲོག་ཆགས་ཀྱི་བྱ་སྤྱོད་ལས་སྦྱར་སྟེ། སྤྲེལ་འུས་ཤིང་ཐོག་སྙབ་པ། བྱ་ཁྲ་གཟན་པ་འཇུམ་པ། སྤྱང་ཀུ་ལུག་ལ་འཇབ་པ། འཕར་བ་ར་ལ་འཇབ་པ། སྤྱང་ཀུས་མི་རོ་འདྲེད་པ་སོགས་མི་ཕལ་གྱིས་མྱོང་བ་དང་ཁ་ཐག་ཉེ་བའི་དངོས་པོ་འབའ་ཞིག་དཔེ་རུ་བཀོད་པས་དཔེ་ཡི་ལམ་ནས་དོན་གྱི་གོ་བ་རྙེད་པ་ཤིན་ཏུ་སླ། 

     འདིར་དཔེ་མཚོན་ཙམ་གྱིས་སྒོ་ནས་གོང་གི་ལུང་ཚིག་ཁ་ཤས་དྲངས་ཏེ་རྩོམ་འདིའི་ཉམས་ཀྱིས་ཀློག་པ་པོའི་དག་ལ་དགའ་སྐྱོའི་ཡིད་ཁམས་འདྲེན་ཚུལ་ཟུར་ཙམ་ཞིག་གླེང་བར་བྱ་སྟེ། དཔེར་ན། མ་མོའི་ཡས་ལེན་བྱོན་པ་ནི། མུན་པ་ནག་པོ་འཁྲིགས་པ་འདྲ། ལྟ་བུའི་ཚིག་དེའི་ཉམས་ཀྱིས་ཀློག་པ་པོའི་ཡིད་ལ་(མ་མོ་)ཟེར་བ་དེ་ནི་ཅི་འདྲའི་ངམ་ནག་པོ་ཞིག་གམ་འཇིགས་སུ་རུང་བ་ཞིག་ཡོད་པའི་ཚོར་བ་ཚ་བུང་ངེ་བ་ཞིག་འབྱིན་ནུས་པ་དང་། 

     གནམ་ཐེལ་ཡས་ལེན་བྱོན་པ་ནི། སྤྲེལ་འུས་ཤིང་ཐོག་སྙབ་པ་འདྲ། ཞེས་པའི་ཚིག་དེའི་ཉམས་ཀྱིས་བགད་འཆོར་དུ་འཇུག་སྟེ་(གནམ་ཐེལ་)ནི་ཅི་འདྲའི་པྲ་ཚག་ཞིག་དང་བསྟན་བཤིག་ཚ་བོ་ཞིག་རེད་ཨང་སྙམས་པའི་ཚོར་སྣང་གད་ཡལ་ལེ་བ་ཞིག་སྟེར་བར་འདུག 

     དམ་ཅན་ཡས་ལེན་བྱོན་པ་ནི། སྤྱད་ཁུའི་མི་རོ་འདྲེད་པ་འདྲ། ཞེས་(དམ་ཅན་)ནི་ཅི་འདྲའི་ཟས་དད་ཅན་ཞིག་མ་ཡིན་ནམ་སྙམས་པའམ་གལ་སྲིད་ཀློག་པ་པོ་དེ་ཧ་ཅང་ཟས་དད་ཅན་ཞིག་ཡིན་ན་ང་ཡང་དཔེ་དེ་དང་འདྲའོ་སྙམས་པའི་ངོ་གནོངས་དགོས་པ་ལྟ་བུའི་ཚོར་སྣང་འདྲེན་ནུས། 

    གནའ་རྩོམ་འདིའི་ནང་ང་ཚོ་ཕལ་གྱི་སྣང་ཡུལ་ལས་འགོང་པའི་མི་མ་ཡིན་དག་གི་བྱ་སྤྱོད་དང་སྣང་བརྙན་བཅས་དཔེ་ཡི་ལམ་ནས་གོ་བརྡ་འཕྲོད་པར་བྱས་ཡོད། 

2 དགོངས་ཚུལ་རྣམས།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།