བོན་དཔེ་སྲིད་པའི་མཛོད་ཕུགས་ཀྱི་མཚམས་སྦྱོར།

0
5544

རྩོམ་པ་པོ། ༧སྐྱབས་རྗེ་དཔོན་སློབ་ཚངས་པ་རིན་པོ་ཆེ།

      གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་གསུང་པོད་གཉིས་པ་སྲིད་པའི་མཛོད་ཕུགས་ཀྱི་གཞུང་འདིའི་ངོ་སྤྲོད་མདོར་བསྡུས་ཙམ་ཞུས་ན། འདི་ནི་སངས་རྒྱས་གཤེན་རབ་མི་བོས་འོལ་མོའི་གླིང་དུ་ཞུ་འཁོར་གཤེན་བརྒྱད་ཀྱི་ངོར་གསུངས་པའི་ལེའུ་འམ་གནས་བཅུ་བདུན་གྱི་བདག་ཉིད་དུ་གནས་པ་ཞིག་ཡིན། གཞུང་འདི་ནི་བོད་རྒྱལ་གྲི་གུམ་བཙན་པོའི་སྐབས་གཏེར་དུ་གཤེགས་ནས་ཕྱིས་སྤྱི་ལོ་༡༠༡༧ལོར་སྤྲུལ་སྐུ་གཤེན་ཆེན་ཀླུ་དགས་མཚོ་རྔ་བྲག་ནས་གཏེར་དུ་བཞེས་ཏེ་རྒྱལ་རིགས་བྲུ་ཚང་ལ་བཀའ་བབས་པ་ལྟར། བྲུ་ཆེན་ནམ་མཁའ་གཡུང་དྲུང་(༩༩༤།༡༠༥༤)གིས་གཡས་རུ་དབེན་ས་ཁར་བསྟན་པ་ཕྱི་དར་གྱི་སྐབས་སུ་མཛོད་ཕུགས་ལ་འཆད་ཉན་གྱི་སྲོལ་གཏོད་གནང་བ་ནས་ད་བར་ཁྲིད་ལུང་གི་རྒྱུད་པ་འཕེལ་བཞིན་ཡོད་ཅིང་། གཏེར་གནས་གཞན་གཙང་པོ་ནུ་མའི་བྲག་ནས་གཉན་འཐིང་གི་གཏེར་ལས་ཀྱང་བྱོན་པས་གཏེར་ཁ་མི་འདྲ་བ་གཉིས་ལས་བྱོན་པ་ཡིན།

    གཞུང་འདིའི་འགྲེལ་བའི་སྐོར་ལ་བསྟན་པ་སྔ་དར་གྱི་སྐབས་སུ་ལྷ་རབས་འོད་དཀར་གྱི་སྲས་པོ་ལྷ་བོན་ཡོངས་དག་གིས་མཛད་པའི་མཛོད་ལྷ་འགྲེལ་བྱ་བ་གཉེན་འཐིང་གི་གཏེར་མ་དང་། བླ་ཆེན་དྲན་པས་མཛད་པའི་མཛོད་སྒྲ་འགྲེལ་ཆེན་མོ་བྱང་གཏེར་ལས་ཐོན་པ་དང་། མཁས་པ་མི་བཞིས་མཛད་པའི་མཛོད་འགྲེལ་བཅས་ཡོད་ཅིང་། བསྟན་པ་ཕྱི་དར་གྱི་སྐབས་སུ་རྨེའུ་མཁས་པ་དཔལ་ཆེན་གྱིས་མཛད་པའི་མཛོད་འགྲེལ། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་མཛོད་འགྲེལ། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་མཛོད་འགྲེལ། མཉམ་མེད་ཆེན་པོས་མཛད་པའི་མཛོད་འགྲེལ།གཉོས་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་སྣོད་བཅུད་གཞུང་དང་མཛོད་འགྲེལ། བྲུ་རྒྱལ་བས་མཛད་པའི་སྣོད་བཅུད་འགྲེལ་དང་།  སྒ་སྟོན་ཚུལ་རྒྱལ་གྱིས་མཛད་པའི་མཛོད་ཀུན་བཏུས་རྩ་འགྲེལ་གཉིས་སོགས་མཛོད་ཀྱི་འགྲེལ་བ་མང་དུ་བྱུང་།

    གཞུང་འདིའི་དབུ་ནས་མཇུག་བར་ཞང་བོད་སྐད་གཉིས་ཤན་སྦྱར་གྱི་ཚུལ་དུ་གནས་ཡོད་པས། ཞང་བོད་སྐད་གཉིས་ཞིབ་འཇུག་པ་དང་། སློབ་གཉེར་བ་རྣམས་ལ་ལྟོས་ན་རྩ་ཆེའི་ནོར་བུ་ཞིག་དང་མཚུངས། དེ་ཡང་ཚིག་འགའ་འདིར་དྲངས་ན། དབུ་ནས། ཞང་ཞུང་སྐད་དུ། ཏི་ཀ་རྒྱ་སེ་ལིག་མི་རྐྱ། །སད་ལ་གྱེར་རོ་སྤུངས་ཀྱིན་ནོ། །ཝེར་གྱེར་སྨར་ལ་དུན་གུ་ཧྲུན། །བོད་སྐད་དུ། སྲིད་པའི་མཛོད་ཕུག་ཞལ་ཕྱེས་ནས། །སྟོན་པ་ལྷ་ཡི་གཤེན་པོ་སྟེ། །གཤེན་རྒྱལ་སྐུ་ལ་ཕྱག་འཚལ་ལོ། །ཞེས་དང་། ལིག་མུ་ནེ་སུམ་མུ་གུང་ནི། །ཡོད་པ་སྲིད་པ་གསུམ་གྱི་མཛོད། །དུན་ཁྲུན་དུན་གུ་༼དུབ་ཕྱུང་༽མུ་གུང་ནི། །མེད་པ་བསྐལ་པ་དགུ་ཡི་མཛོད། །མུ་ཧེ་བིང་ང་མུ་གུང་ནི། །མི་གཡོ་དབྱིངས་ནི་བཞི་ཡི་མཛོད། །ཧ་ར་ང་དྲུག་མུ་གུང་ནི། །གསལ་བ་ཡེ་ཤེས་ལྔ་ཡི་མཛོད། །རྐོ་རྭང་བིང་ང་མུ་གུང་ནི། །ཀུན་གནས་སྣོད་ནི་བཞི་ཡི་མཛོད། །ཏི་བང་སུམ་པའི་མུ་གུང་ནི། །སྐྱེ་འཕེལ་བཅུད་ནི་གསུམ་གྱི་མཛོད། །སྤུང་ཤེ་ང་དྲུག་མུ་གུང་ནི། །གཅོད་བྱེད་དབང་པོ་དྲུག་གི་མཛོད། །དམུ་ཐུག་༼དག་༽སུམ་པ་མུ་གུང་ནི། །འཕྲ་རྒྱས་དུག་གི་གསུམ་གྱི་མཛོད། །ཐ་ཚར་༼ཙར་༽ནེ་སུམ་མུ་གུང་ནི། །རྟེན་གནས་འབྲེལ་བ་གཉིས་ཀྱི་མཛོད། །ཐ་དོད་ནེ་སུམ་མུ་གུང་ནི། །འདུས་པའི་ཕུང་པོ་གཉིས་ཀྱི་མཛོད། །བི་ལྒྱུམ་སྣིས་ཀྱེ་༼སྣི་ཀྱེ་༽མུ་གུང་ནི། །མངོན་རྟོགས་སྐྱེ་མཆེད་དྲུག་གི་མཛོད། །རྐོ་ཕུང་ནེ་སུམ་༼སུམ་པའི་༽མུ་གུང་ནི། །རྒྱ་ཆེ་ཁམས་ནི་གསུམ་གྱི་མཛོད། །ཞམ་༼ཞལ་༽གེ་ནེ་སུམ་མུ་གུང་ནི། །རང་འཛིན་མཚན་ཉིད་གཉིས་ཀྱི་མཛོད། །ལེན་གེ་ང་དྲུག་མུ་གུང་ནི། །ལས་དང་སྤྱོད་པ་ལྔ་ཡི་མཛོད། །ས་རྒྱུ་༼སང་རྒྱུང་༽བིང་ང་མུ་གུང་ནི། །འགྲོ་བའི་ལམ་ནི་བཞི་ཡི་མཛོད། །སྐྱེ་སླས་སུམ་པའི་མུ་གུང་ནི། །ས་དང་གནས་ནི་གསུམ་གྱི་མཛོད། །ཁྲི་རྩེ་བིང་ང་མུ་གུང་ནི། །བསྒྲུབ་པའི་འབྲས་བུ་བཞི་ཡི་མཛོད། །ཅོང་སླས་ཞི་ཇུ་སྣིལ་༼སྣིས་༽ཤེལ་ནི། །དེ་བཞིན་གནས་ནི་བཅུ་བདུན་གསལ། །ཞེས་པ་ལྟ་བུའོ། །

     ལེའུ་བཅུ་བདུན་གྱི་ནང་དོན་མདོར་བསྡུས་ནི། ༡༽སྲིད་པ་གསུམ་གྱིས་ཡོད་པར་བསྟན་པས་ཆད་མཐའ་སེལ་ཞིང་། ༢༽བསྐལ་པ་དགུས་དེ་རྣམས་རྟག་བརྟན་དུ་གནས་པ་མ་ཡིན་པར་མི་རྟག་པ་དང་འགྱུར་བའི་རང་བཞིན་ཅན་དང་། གནས་སྐབས་པ་ཙམ་དུ་བསྟན་པས་རྟག་མཐའ་སེལ། ༣༽སྲིད་བསྐལ་གཉིས་ཀྱིས་རྟག་ཆད་ཀྱི་མཐའ་གཉིས་བསལ་ནས་མཐའ་དང་བྲལ་བའི་ཡིན་ལུགས་ངོས་བཟུང་བའི་ཕྱིར་དབྱིངས་དགུ་དང་། ༤༽དབྱིངས་དེ་ཉིད་རྟོགས་བྱེད་ལ་ཡེ་ཤེས་ལྔ་འབྱུང་བས་དབྱིངས་ཤེས་གཉིས་གོ་རིམ་ལྟར་བྱུང་། ༥༽ཡེ་ཤེས་ཀྱི་ཡུལ་དང་རྟེན་གནས་ལ་སྣོད་བཞི་དང་། ༦༽སྣོད་ཀྱི་སྙིང་པོའམ་དྭང་མ་དང་། སྣོད་ལ་བརྟེན་ཞིང་གྲུབ་པའི་བཅུད་དེ། མ་དག་པར་ལྟོས་ནས་འབྱུང་སེམས་གཉིས་དང་། དག་པའི་བཅུད་ནི་ཡེ་ཤེས་ཀྱི་བཅུད་དོ། །༧༽དེ་ལྟར་བཅུད་གསུམ་ལ་དབང་བསྒྱུར་བར་བྱེད་པའི་དབང་པོ་དྲུག ༨༽དབང་པོ་ཐོབ་པའི་གེགས་ངོ་ཤེས་པའི་ཆེད་དུ་ཕྲ་རྒྱས། ༩༽ཕྲ་རྒྱས་ཀྱི་ཉོན་མོངས་ལས་འཕེལ་བའི་རྟེན་འབྲེལ་བཅུ་གཉིས། ༡༠༽རྟེན་འབྲེལ་ལ་བརྟེན་ནས་གྲུབ་པའི་མ་དག་པའི་ཕུང་པོ་དང་། དེ་དག་པ་ལ་བརྟེན་ནས་བྱུང་བའི་ཟག་མེད་ཀྱི་ཕུང་པོ། ༡༡༽ཚོགས་གཞི་ཕུང་པོ་ལས་བྱེ་བྲག་ཡུལ་སེམས་འབྲེལ་ཚུལ་རྟོགས་ཆེད་དུ་སྐྱེ་མཆེད་དང་། ༡༢༽ཡུལ་དང་ཡུལ་ཅན་གྱིས་བསྡུས་པ་དེ་རྣམས་གྲུབ་ཚུལ་སྟོན་པའི་ཆེད་དུ་ཁམས་གསུམ། ༡༣༽དེ་ལས་སྤང་བླང་སོ་སོར་རྟོགས་ཆེད་དུ་འཁོར་འདས་ཀྱི་མཚན་ཉིད། ༡༤༽དེའི་རྒྱུ་ངོས་ཟིན་ཆེད་དུ་དག་དང་མ་དག་གི་ལས་སྤྱོད་ལྔ། ༡༥༽ལས་སྤྱོད་དེ་ལ་བརྟེན་ནས་བགྲོད་པའི་ལམ་བཞི། ༡༦༽ལམ་དེ་ལས་གྲུབ་པའི་འབྲས་བུའི་རྟེན་ལ་ས་གསུམ། ༡༧༽ས་དེ་ལ་བརྟེན་པའི་འབྲས་བུ་བཞི་བཅས་སོ།  །

    ཐེག་པའི་གཏོགས་ཕྱོགས་ནི་གཙང་མ་མཐོ་ཐོག་གི་བོན་ཡིན་པས་ལྟ་ཕུགས་རྫོགས་པ་ཆེན་པོ་ལས་མ་འདས་ཀྱང་། དབུ་ནས་མཇུག་བར་ཐེག་པ་དྲང་སྲོང་གི་སྐོར་བསྟན་པ་ཤས་ཆེ་བས་སྔོན་གྱི་མཁས་པས་དྲང་སྲོང་ཐེག་པའི་གཞུང་དུ་གསུངས་པ་དོན་ལ་གནས་པ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་ཙམ་མོ།།

                                                                                          ཏི་སེའི་བུ་ནས་མཐུན་སྦྱོར་ཞུས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།