བོན་དཔེ་འདུལ་བ་རྒྱུད་དྲུག་གི་མཚམས་སྦྱོར།

0
3086
སྟོན་པ་ཁྲི་གཙུག་རྒྱལ་བ་དང་མཚན་ལྡན་ཡིད་ཀྱི་ཁྱེའུ་བཞི།

རྩོམ་པ་པོ། ཏི་སེའི་བུ།

དགེ་སྤྱོད་རྣམ་པར་དག་པའི་ཆོ་ག་ལྟར་གྱི་འདུལ་ཐང་།
དགེ་སྤྱོད་རྣམ་པར་དག་པའི་ཆོ་ག་ལྟར་གྱི་འདུལ་ཐང་།

   གཡུང་དྲུང་བོན་གྱི་བཀའ་ལ་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་པའི་ཕུན་སུམ་ཚོགས་པ་མདོ་ཡི་བོན་སྡེ་པོད་གསུམ་པ། རྣམ་དག་འདུལ་བའི་བསླབ་བྱ་དང་བཅའ་གཞི་རྒྱས་པར་བསྟན་པ། གཏེར་དུ་མ་སོང་བའི་བོན་དཔེ་<<འདུལ་བ་རྒྱུད་དྲུག་>>ནི། རྩ་གསུམ་མཚལ་རི་ལྷ་ཡི་མདུན་སར་ཡུམ་བཟང་བཟའ་རིགས་བཙུན་གྱིས་སྲས་འཆི་མེད་གཙུག་ཕུད་ལ་བསྟན་པའི་སྲས་རྒྱུད་དྲང་སྲོང་ཐེག་པའི་བོན་སྐོར་ཡིན། འཆི་མེད་གཙུག་ཕུད་དམ་སྟོན་པ་གཤེན་རབ་མི་བོ་མཆོག་གིས། ཕལ་ཆེན་དུས་ཆེན་ཡོངས་རྫོགས་གསུམ་དྲང་སྲོང་ཕོ་རིགས་རྣམས་ལ་བརྒྱུད་པ་དང་། སོ་སོ་ལས་སྡོམ་སྤྱི་ལྟོས་གསུམ་དྲང་སྲོང་མོ་རིགས་རྣམས་བརྒྱུད་པའི་སྐོར་ལྷ་སྲས་ཅན་འདུལ་བ་རྒྱུད་དྲུག་༣༥༩ལས་གསལ། དེ་ནས་རིམ་བཞིན་དར་ཚུལ་ནི། རྩ་བ་དབྱིངས་དག་རྒྱུད་༢༧ལས། “ཕལ་ཆེན་དུས་ཆེན་ཡོངས་རྫོགས་གསུམ། དགའ་ལྡན་རྩ་གསུམ་ལྷ་ལ་དར། སོ་སོ་གཅིག་ཉམས་གཅིག་ལེན་སྤྱི་ལྟོས་གསུམ། རྒྱ་མཚོའི་ནང་གི་ཀླུ་ལ་དར།” ཞེས་དང་། དབྱིངས་དག་ཤོག་གྲངས་༨༠་ལས། “མི་ཡུལ་འཛམ་གླིང་སོག་ཀ་ནི། སྟག་གཟིག་ཞང་ཞུང་བྲུ་ཞ་༼ཤ༽སྦལ་ཏེ་བཞི། སྟག་གཟིག་ཡུལ་ན་དར། རྒྱ་དཀར་ནག་བལ་པོ་གེ་སར་མཁའ་འཁོབ་ཏུ་ཀླུ་ཡུལ་ན་དར། དེ་ལ་ཕྱིས་དུས་མུ་ཆོ་ལྡེམ་དྲུག་གིས། རྒྱུད་ཆུང་དྲུག་དང་འགྲེལ་བ་བཅས། ཞང་ཞུང་གཤེན་ལ་རིམ་པར་བརྒྱུད།” ཞེས་གསུངས་པ་ཙམ་ལས་བརྒྱུད་ཚུལ་ཞིབ་ཕྲ་མ་གསལ་ཡང། བར་སྐབས་ཕམ་ཤི་དང་ཡ་གོང་གི་སྡེ་འཁྲུག་ནས་བོན་གྱི་འདུལ་བསྟན་ཉམས་དུས་མུ་ཟི་གསལ་བཟང་མདོ་སྨད་རྨ་རི་དེལ་གསུམ་དུ་འགོག་པར་བཞུགས་པའི་སྐབས་དེ་ཤེད་ཁོང་གིས་བདག་ཏུ་མཛད་ནས། མུ་ཟི་འགོག་པ་བཞེངས་དུས་སོག་སྟོན་ཁྲི་འབར་ཚུལ་ཁྲིམས་ལ་དྲང་སྲོང་ཆིག་རྫོགས་ཀྱི་སྡོམ་པ་དང་། འདུལ་བ་རྒྱུད་དྲུག་དང་བཅས་པ་གནང་ནས་རིམ་བཞིན་ད་ལྟའི་བར་དུ་དཔེ་རྒྱུན་མ་ཆད་པར་གནས་ཐུབ་པ་རེད་ཅེས་བཤད་སྲོལ་འདུག སྤྱི་བཏང་འདུལ་བ་རྒྱུད་དྲུག་ལ་སྟོན་པའི་བཀའ་དང་། དེ་ཡི་དགོངས་འགྲེལ་གདུང་སོབ་མུ་ཆོའི་བཀའ་བརྟེན་གཉིས་སུ་ཡོད་ཅིང་། བཀའ་དེ་ལ་ཁྱད་པར་དང་རྣམ་གྲངས་མི་འདྲ་བ་དུ་མ་ཞིག་ཡོད་པར་མངོན་ཏེ། ལྷ་སྲས་བཀའ་འགྱུར་ནང་གི་རྒྱུད་དྲུག་རྩ་བ་བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་གི་རྒྱུད་ཤོག་གྲངས་༢༦ལས། ༡༽ཕལ་ཆེན་སྡོམ་བྱེད་དམ་པའི་རྒྱུད། ༢༽དུས་ཆེན་དུས་བཙན་སྡོམ་བྱེད་རྒྱུད། ༣༽ཡོངས་རྫོགས་རྣམ་དག་སྡོམ་བྱེད་རྒྱུད། ༤༽སོ་ཐར་བྱེ་བྲག་འབྱེད་སྡོམ་རྒྱུད། ༥༽གཅིག་ཉམས་གཅིག་ལེན་ལས་སྡོམ་རྒྱུད། ༦༽སྤྱི་ལྟོས་འགོག་པ་ཕྱོགས་སྡོམ་རྒྱུད། ཅེས་གསུངས་པ་དང་།

     རྗེ་བཙུན་ཁྲོ་ཚང་གི་གཏེར་མ་བྱམས་མ་ཆེན་མོ་རྩ་བའི་འབུམ་ཁྲི་བརྟན་ནོར་རྩེའི་དཔེ་མཛོད་ཅན་ཤོག་གྲངས། ༢༠ལས། ༡༽གཡུང་དྲུང་གསལ་སྨྲ་ཡོད་ཁམས་ཀྱི་རྒྱུད། གཡུང་དྲུང་གསལ་བ་འོད་གླིང་དུ་གསལ་བ་འོད་ལྡན་ལ་བཤད་པ་དང་། ༢༽གཡུང་དྲུང་བརྟེན་པ་ལྷ་ཡི་རྒྱུད། ལྷ་ཡི་དྲང་སྲོང་རྣམས་ལ་བཤད་པ་དང་། ༣༽གཡུང་དྲུང་རྨད་དུ་བྱུང་བའི་རྒྱུད། གཡུང་དྲུང་ཁྱིམ་བདུན་དུ་གཙུག་གཤེན་རྒྱལ་བ་ལ་བཤད་པ་དང་། ༤༽གཡུང་དྲུང་ཕལ་ཆེར་འདུལ་བའི་རྒྱུད།  མེ་ཏོག་གླིང་དུ་བཙུན་པ་ཁྱབ་པ་ལ་བཤད་པ་དང་། ༥༽གཡུང་དྲུང་ཁྲི་སྨོན་རྒྱལ་བའི་རྒྱུད། ཁྲི་སྨོན་རྒྱལ་བཞེད་དུ་གཏོ་བུ་འབུམ་སངས་ལ་བཤད་པ་དང་། ༦༽གཡུང་དྲུང་ཁོང་མ་དག་པའི་རྒྱུད། ཁོ་མ་ནེ་ཆུང་དུ་སྲས་མོ་གཤེན་ཟ་ནེ་ཆུང་ལ་སོགས་དག་པ་དྲང་སྲོང་མོ་རིགས་སྡེ་ལ་བཤད་པ་དང་དྲུག ཅེས་གསུངས་པ་འདི་ནི་གཤེན་རབ་ཉིད་ཀྱིས་བསྟན་པར་གསལ།

མཉམ་མེད་ཡབ་སྲས་གསུམ།
མཉམ་མེད་ཡབ་སྲས་གསུམ།

    ཡང་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད་དྲི་མེད་གཟི་བརྗིད་བོད་ལྗོངས་དཔར་མའི་པོད་༡༢པའི་སྲུང་ཁྲིམས་རྩ་མདོ་ཤོག་གྲངས་༩ལྟར་ན། ༡༽ཀུན་འབྱུང་དབྱིངས་དག་བོན་ཉིད་ལྟ་བའི་རྒྱུད། ༢༽སྙོམ་འཇུག་འགོག་པ་ཏིང་འཛིན་སྒོམ་པའི་རྒྱུད། ༣༽རྣམ་དག་དྲི་མེད་དཀའ་ཐུབ་སྤྱོད་པའི་རྒྱུད། ༤༽བསླབ་པ་སུམ་ལྡན་དམ་ཚིག་སྡོམ་པའི་རྒྱུད། ༥༽ངོ་མཚར་དོན་མཆོག་ཡིད་བཞིན་འབྲས་བུའི་རྒྱུད། ༦༽གཡུང་དྲུང་སྤྱོད་འཇུག་ངོ་མཚར་ཕྲིན་ལས་རྒྱུད་དང་དྲུག་ནི་སྟོན་པ་གཤེན་རབ་དཀའ་བ་རྣམ་གསུམ་སྤྱད་རྗེས་སུ་འདུས་པའི་འཁོར་རྣམས་ཁྱིམ་སྤང་རབ་ཏུ་བྱུང་བའི་ཕྱིར་འདུལ་བ་ཁྲིམས་ཀྱི་གླིང་གསས་ཁང་བ་རབ་གསེར་གླིང་དུ་གསུངས་པ་བཅས་གྲངས་རིམ་མི་འདྲ་བ་གསུམ་ཙམ་མཆིས།

     ཡང་ན་འདུལ་བ་སྟོད་ལུགས་དང་། སྨད་ལུགས་གཉིས་སུ་ཕྱེས་པའི་འདུལ་བ་རྒྱུད་དྲུག་གཉིས་ཡོད་པར་མངོན་ཏེ། ཀུན་མཁྱེན་ཉི་མའི་ཤེར་ཕྱིན་སྐབས་དང་པོ་ལས། “རྒྱུད་དྲུག་ནི། འདུལ་བ་སྨད་ལུགས་ལྟར་ན།” ཞེས་གསུངས་ནས་ད་ལྟ་ཡོད་པའི་བཀའ་འགྱུར་གྲལ་གྱི་འདུལ་བ་རྒྱུད་དྲུག་གི་རྣམ་གྲངས་འདི་བགྲངས་ཡོད་པས་ཤེས་ནུས་སོ།།

   གཞུང་འདི་ཉིད་ཀྱི་འགོ་མཇུག་བར་གསུམ་གྱི་ཚིག་དོན་རོབས་ཙམ་ངེས་ཕྱིར་ལེའུའི་རྣམ་གྲངས་ཚང་ཞིག་འདྲེན་རྒྱུ་ཡིན། འདུལ་བ་རྒྱུད་དྲུག་གི་རྩ་བ་བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་གི་རྒྱུད་ལ། ༡༽གླེང་གཞི་དང་། ༢༽གླེང་སློང་། ༣༽ཟུང་བཞི་ཡ་བརྒྱད་ཀྱི་དབྱེ་བ། ༤༽སྡོམ་པའི་རྣམ་བཞག་བསྟན་པ། ༥༽སྲོག་གཅོད་དབྱེ་བ། ༦༽མ་བྱིན་ལེན་གྱི་དབྱེ་བ། ༧༽ལོག་གཡེམ་གྱི་དབྱེ་བ། ༨༽རྫུན་གྱི་དབྱེ་བ། ༩༽ཆང་གི་ཉེས་བྱས་བསྟན་པ། ༡༠༽མོ་ཡི་རྩ་བ་སེར་སྣའི་དབྱེ་བ། ༡༡༽ཆགས་སྡང་སྤང་ཚུལ། ༡༢༽གཡོ་སྒྱུ་འཁོར་བ་ལམ་བོར། ༡༣༽མོ་ཁྲིམས་དར་མདུད་བཀྲོལ་ཚུལ། ༡༤༽བཅུ་གསུམ་དང་སུམ་ཅུ་སྡོམ་ཚུལ། ༡༥༽ཤ་ཡི་སྐྱོན་དང་དབྱེ་བ། ༡༦༽སྒོག་པའི་སྐྱོན་དང་དབྱེ་བ། ༡༧༽རྒྱན་ཕྲེང་བྱུག་པ་སྤང་ཚུལ། ༡༨༽གར་སོགས་སྤང་ཚུལ། ༡༩༽ཁྲི་སྟན་ཆེ་མཐོང་སྤང་ཚུལ། ༢༠༽མལ་ཆེན་བྱེ་བྲག ༢༡༽དྲོ་ཕྱེད་དགོང་ཕྱེད། ༢༢༽གཏི་མུག་བཀག་པ། ༢༣༽འདོད་ཆགས་བཀག་པ། ༢༤༽ཞེ་སྡང་བཀག་པ།༢༥༽ཕྲག་དོག་བཀག་པ། ༢༦༽ང་རྒྱལ་བཀག་པ། ༢༧༽ཕྲ་མ་བཀག་པ། ༢༨༽ངག་འཁྱལ་བཀག་པ། ༢༩༽ཚིག་རྩུབ་བཀག་པ། ༣༠༽མངན་སེམས་བཀག་པ། ༣༡༽གདུག་སེམས་བཀག་པ། ༣༢༽ཉོན་མོངས་སྤང་ཐབས། ༣༣༽བསོག་འཇོག་བཀག་པ། ༣༤༽ལེ་ལོ་བཀག་པ། ༣༥༽རེ་དོགས་སྤང་ཚུལ། ༣༦༽མཐའ་བརྒྱད་བྲལ་ཚུལ། ༣༧༽ལུས་ངག་བསམ་པ་བཙའ་ཐབས། ༣༨༽བྱུང་ཚོར་འགོག་པ་ཤད་འབྱེད། ༣༩༽དགེ་བསྙེན་དང་བསྙེན་གནས་བསླབ་བྱ། ༤༠༽ན་ཚོད་བརྟགས་པ། ༤༡༽ཐབས་བསྟན་པ། ༤༢༽སིལ་བུའི་དོན་བསྟན་པ། ༤༣༽ཉམས་པའི་རྣམ་སྨིན། ༤༤༽འདུལ་བ་ཟད་སར་བསྐྱལ་བ། ༤༥༽ཕོ་ཁྲིམས་བསླབ་པ། ༤༦༽འདུལ་སྡོམ་འབོག་ཐབས། ༤༧༽དྲང་སྲོང་མོ་ཡི་བསླབ་པ་བཅས་ལེའུ་ཞེ་བདུན་ཡོད།

       རྒྱུད་དྲུག་གི་དང་པོ་འདུལ་ཁྲིམས་ཀྱི་བསླབ་བའི་ཕན་ཡོན་སྟོན་པ་ཕལ་ཆེན་སྡོམ་བྱེད་དམ་པའི་རྒྱུད་ལ། ༡༽གླེང་གཞི། ༢༽སྒྲ་སྐད་དོན་བསྟན་པ། ༣༽བསྟན་པར་དམ་བཅས་པ། ༤༽དགོས་འབྲེལ་དོན་སྐོར། ༥༽གནད་གཞིའི་དོན། ༦༽སྙིང་རྗེ་དོན་སྐོར། ༧༽སེམས་བསྐྱེད་བསྟན་པ། ༨༽རང་མཚང་ཁོང་འབྱིན། ༩༽བྱང་ཆུབ་ལམ་སྲོལ། ༡༠༽བསམ་པ་རྒྱ་ཆེ་རོལ་པ། ༡༡༽ཀུན་རྫོབ་དོན་དམ་སྐོར། ༡༢༽དཔེ་བཟང་ལུགས་བཙུན། ༡༣༽གཉེན་པོ་དཔའ་བརྟན་སྐོར། ༡༤༽སྣང་དཔེ་བཀག་པ། ༡༥༽འདུལ་བ་གནང་བཀག ༡༦༽ཡོན་ཏན་སྐོར། ༡༧༽སྒོ་གསུམ་སྡོམ་པ། ༡༨༽འགལ་སྤོང་བསྟན་པ། ༡༩༽འདུལ་བ་ཕལ་ཆེན་སྦས་འགབ་སྐོར། ༢༠༽འདུལ་བ་གནང་གཏད་སྐོར། ༢༡༽གདུང་བྱེད་མི་བསྟན་པའི་སྐོར་བཅས་ལེའུ་ཉེར་གཅིག་གི་སྒོ་ནས་གཏན་ལ་ཕབ་ཡོད།

རྒྱལ་བ་གཉིས་པ་མཉམ་མེད་བླ་མའི་ཞབས་ལ་གུ་དུན་ཧྲུན།     གཉིས་པ་རྩ་ལག་ཁྲིམས་ཀྱི་རྣམ་བཞག་སྟོན་པའི་དུས་ཆེན་དུས་བརྩན་སྡོམ་བྱེད་རྒྱུད་ལ། ༡༽སྡོམ་ཚིག ༢༽སྦྱོར་ཚུལ། ༣༽ཕུན་སུམ་འཚོགས་པ་འདུས་ཚུལ། ༤༽འཕོ་འགྱུར་མི་རྟག་དཔེ་དོན། ༥༽ལས་མཐའ་དཀར་ནག་གཏམ་རྒྱུད། ༦༽སྡོམ་པ་བཟུང་ནས་སྐྱོབ་པའི་སྐོར། ༧༽ཚུལ་ཁྲིམས་དོན། ༨༽བསྐོར་ཕྱག ༩༽སྲོག་འདོན། ༡༠༽སྦྱིན་པ། ༡༡༽དཀའ་ཐུབ། ༡༢༽དགེ་སྤྱོད། ༡༣༽ཉེས་སེལ།   ༡༤༽སྨྲ་བཅད། ༡༥༽ངག་འཁྱལ་མདོ་སྦྱོར། ༡༦༽མནབ་སེམས་ཚད་མེད་བཞི་སྦྱོར། ༡༧༽གནོད་སེམས་སྤང་བ། ༡༨༽ལོག་ལྟ་སྤང་བ། ༡༩༽སེར་སྣ་བཏང་བཟུང་། ༢༠༽ཆགས་འཁོར་མུ་བཞི། ༢༡༽མི་འགྱོད་བསྐྱལ་དོན་བོན་པ། ༢༢༽གསང་འོས། ༢༣༽འདུལ་གཏད་བཅས་ལེའུ་ཉེར་གསུམ་དང་། དེ་རྗེས་འདུལ་བ་དོན་གྱི་ཀུན་བརྗོད་ཅེས་པ་ཁྲིམས་ཀྱི་གཏང་བཞག་སྐོར་གྱི་ལེ་དུམ་ཞིག་ཀྱང་འདུག

    གསུམ་པ་འདུལ་བའི་ལས་ཆོག་ཡོངས་རྫོགས་རྣམ་དག་སྡོམ་བྱེད་རྒྱུད་ལ། ༡༽ཕམ་ལྟུང་རྩི་བླར་ཕྱེ་བ། ༢༽ཀླད་དོན། ༣༽འགྱོད་ཚངས་བཤགས་པ། ༤༽སྐྱབས་ཡུལ། ༥༽དམ་བཅའ། ༦༽མཐའ་རྒྱས། ༧༽ཁྲུ་གསོལ ༨༽སྐྲ་བྲེག ༩༽ཞུ་ལན། ༡༠༽ལམ་གཅོད། ༡༡༽ལྷ་མཆོད། ༡༢༽མཉེས་འབུལ། ༡༣༽སྤྱི་མཉེས། ༡༤༽དམིགས་བཏང་། ༡༥༽གདན་ཞུ། ༡༦༽གནང་བཀག ༡༧༽པད་ལྷམ། ༡༨༽སྨད་གོས། ༡༩༽སྟོད་གོས། ༢༠༽བླ་གོས་ཚད་མ། ༢༡༽གླིང་སྣམ། ༢༢༽པད་ཞུ། ༢༣༽པད་ཁུག ༢༤༽ཞུ་གནང་། ༢༥༽ཁྲུས་བུམ།   ༢༦༽ཧོས་རུ། ༢༧༽གཞི་སྐུར། ༢༨༽སྤུ་གྲི། ༢༩༽ཚེམ་ཁབ། ༣༠༽ཕྲེང་བ། ༣༡༽མེ་ཆ། ༣༢༽སྲོག་གཅོད་སྡོམ་པ། ༣༣༽རྐུ་འཕྲོག་སྡོམ་པ། ༣༤༽ལོག་གཡེམ་སྡོམ་པ། ༣༥༽རྗུན་སྡོམ་པ། ༣༦༽སེར་སྣ་སྤང་ཚུལ། ༣༧༽ཆགས་བློ་བཅད་པ། ༣༨༽གཡོ་སྒྱུ་རྩད་བཅད། ༣༩༽རྐྱེན་ངན་སྤང་བ། ༤༠༽ཡན་ལག་བྱ་བྱེད་ཚུལ་ཁྲིམས། ༤༡༽སྤང་བླང་ཚུལ་ཁྲིམས། ༤༢༽བྱ་བཞག་དམ་ཁྲིམས། ༤༣༽བཀྲ་ཤིས་མཐའ་རྒྱས། ༤༤༽བསྔོ་བ་རྣམ་དག ༤༥༽མཐའ་བྲལ་དམིགས་མེད་ལེའུ་བཅས་ཁྱོན་སྡོམ་ཞེ་ལྔ་ཡོད།

     བཞི་པ་སྡེ་བཞི་སོ་སོའི་བསླབ་བྱ་རྒྱས་པར་སྟོན་པ་སོ་སོ་བྱེ་བྲག་འབྱེད་སྡོམ་རྒྱུད་ལ། ༡༽སྤྱི་དོན། ༢༽གྲངས་འབྱེད། ༣༽རྒྱུད་འབྱུང་། ༤༽ཞུ་གསོལ། ༥༽ཐོབ་པ་བསྙེན་རྫོགས། ༦༽སྲུང་ཐུབ་གཉེན་པོ། ༧༽གསོ་བྱེད་སྒྱུ་མ། ༨༽ཤེས་འབྱུང་དྲུག་ལྡན། ༩༽ཤེས་སྦྱོང་། ༡༠༽རིགས་སྲུང་། ༡༡༽ཁྱིམ་སྤང་། ༡༢༽ཡུལ་སྤང་། ༡༣༽གྲོགས་ཀྱི་སྤང་བླང། ༡༤༽བྱང་ཆུབ་སྤྱོད་པ། ༡༥༽གཉེན་གྱི་རྐྱེན་བྲལ། ༡༦༽ནོར་རྫས་རྐྱེན་བྲལ། ༡༧༽དབང་གིས་མི་བཟློག་པ། ༡༨༽ལུགས་ཀྱིས་མི་བཟློགས་པ།  ༡༩༽རྐྱེན་གྱིས་མི་བཟློག་པ། ༢༠༽འཕོ་འགྱུར་སྤྲིན་དཔེ། ༢༡༽བཟང་རྐྱེན་གྱིས་མི་བཟློག་པ་བཅས་ལེའུ་ཉེར་གཅིག་གིས་བསྟན་ཡོད།

      ལྔ་པ་སྡོམ་ཁྲིམས་ཉམས་གསོའི་ལག་ལེན་སྟོན་པ་གཅིག་ཉམས་གཅིག་ལེན་ལས་སྡོམ་རྒྱུད་ལ། ༡༽རྒྱས་བསྡུས། ༢༽སྤང་ལེན། ༣༽གསོ་སྦྱོང་། ༤༽ཡང་གསོ། ༥༽ཀུན་ཤེས། ༦༽སྦྱོང་བ་དང་པོ། ༧༽སྦྱོང་བ་གཉིས་པ། ༨༽ངན་གསོ་གོ་གྱོན། ༩༽ཉམས་ཅན་སུན་དབྱུང་། ༡༠༽ཡུལ་གྱི་སྦྱང་བ། ༡༡༽ལན་གྲངས་སྦྱང་བ། ༡༢༽ལ་ཚིག་བརྡུང་བཙོག ༡༣༽དགུ་བཏུད་ཟས་ཀྱི་སྐོར། ༡༤༽ཡུན་རིང་བག་ཤས་དབྱེ་བ། ༡༥༽གསོ་བ་དང་པོ། ༡༦༽ཚུལ་ཁྲིམས་རྩ་བ་གཅིག་པ། ༡༧༽བསླབ་པ་དོན་འདྲིལ། ༡༨༽སྤྱོད་ལམ་དག་བྱེད། ༡༩༽སྙིང་པོ་དྲང་ཚུལ། ༢༠༽ཡན་ལག་མཐར་འདོན། ༢༡༽རྟེན་གསུམ་སྦྱོང་ཉམས་དག་ཚངས། ༢༢༽མཁན་སློབ་གྲངས་བརྩི་རྟེན་ཐུག ༢༣༽ཉམས་ཤོར་ཤས་སྦྱར། ༢༤༽ཞེ་བཅད། ༢༥༽ཁྲིམས་ཀྱི་རྟེན་ཕུར། ༢༦༽ཡུལ་སྣང་བདུད་དང་གྲོགས་སྤང་། ༢༧༽ཕོ་མོའི་རོགས་སྤང་། ༢༨༽འདུག་གནས་སྤོང་བྱེད། ༢༩༽ཞེ་བཅད་འདོད་སྤང་། ༣༠༽བྱ་བྱེད་སྤང་བ། ༣༡༽འདུལ་བ་གནང་བཀག ༣༢༽ཞེ་བཅད་ཁོང་ནས་བྱ་བ། ༣༣༽ཁོ་མ་ནེའུའི་མཛད་པ་བཅས་ལེའུ་སོ་གསུམ་ཡོད།

     དྲུག་པ་འདུལ་ཁྲིམས་གནང་བཀག་དང་། ཉམས་ཉེན་འགོག་ཐབས་སྟོན་པ་སྤྱི་ལྟོས་འགོག་པ་ཕྱོགས་བསྡོམ་རྒྱུད་ལ། ༡༽སྤྱི་དོན། ༢༽དགོངས་དོན་ཤན་འབྱེད། ༣༽ཕུན་ཚོགས་དགུ ༤༽འཁྲུལ་དགའ་གཉེན་པོ། ༥༽སྣང་བ་འདུལ་བ། ༦༽རྣོ་གསལ་བསྐུལ་བ། ༧༽སད་མ་ནུས་པ། ༨༽མ་རིག་སྐོར། ༩༽རྒྱུ་འབྲས་བྱེ་བྲག་འབྱེད་པ། ༡༠༽མངོན་ཞེན་རྫས་བཟུང་། ༡༡༽སྣང་བའི་དམིགས་པ། ༡༢༽གཞི་ས་མ་ཟིན་འགྱུར་བ། ༡༣༽སྣང་བ་ཐུག་འཕྲད་ལོན་པ། ༡༤༽ལམ་ལོག་མ་རིག་སྐོར། ༡༥༽སྡིག་པའི་རྒྱུ་འབྲས། ༡༦༽དུས་བཟུང་། ༡༧༽སིལ་བུའི་ལེའུ་བཅས་བཅུ་བདུན་ཡོད།  མདོར་ན་གཞུང་འདི་ཉིད་བོན་གྱི་འདུལ་བའི་དཔེ་རྒྱུན་རྙིང་ཤོས་དེ་ཡིན་པས་ཚིག་དོན་གང་ཐད་ནས་ཕྱིས་རྩོམ་འདུལ་འགྲེལ་དང་བསྡུར་ན་ཁྱད་པར་ཆེན་པོ་འདུག་པ་མ་ཟད། དཔེར་ན། ལེའུ་ལ་”ཉོབ་བེ”བརྗོད་པ་ལྟ་བུ་བརྡ་རྙིང་ཚིག་ཚོགས་མང་དག་ཅིག་བཀོལ་འདུག་པ་དང་། “ཡུམ་གྱིས་སྲས་ལ་བོ༵ན་དུས་ན།” ཞེས་དང་། “ཉིས་བརྒྱ་ལྔ་བཅུ་ཕོ་ལ་བོ༵ན།”མཆོད་པའི་བོ༵ན་པ་ནི། ཞེས་པ་སོགས་མང་བས་”བོན”གྱི་ཐ་སྙད་ཞིབ་འཇུག་བྱེད་ཡུལ་གྱི་དཔྱད་གཞི་རིན་ཐང་དང་ལྡན་པ་ཞིག་ཡིན་པར་ངེས་སོ།།

ཏི་སེའི་བུ་ནས་༢༡༥། ༡༠། ༢༨། ཉིན་སྤེལ།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།