ཆར་རླུང་འོག་གི་རྣམ་ཤེས།

0
1846

           རྩོམ་པ་པོ།             •རྭ་དུང་།

མཐའ་དྲུག་རི་མོ་རྡུལ་གྱིས་བསུབས་པའི་རྐང་ལམ་ཞིག་གི་སྣེ་རུ་འཇུས།།
རྣམ་ཤེས་གསོན་པོ་ཆར་གྱིས་བརླན་ཞིང་ལམ་གྱི་ཕྱི་ནང་ཆུ་ཡི་རྒྱུན།།
འཇབ་མའི་རླུང་གིས་བསྐྱོད་སྟངས་ཤིག་གིས་སྡང་བའི་ན་ཟུག་བྲང་དུ་བསྒུལ།།
སྨྲེང་བའི་རྡུལ་གཏམ་དབྱངས་སུ་གྱེར་ཏེ་དྲན་པའི་མིག་ཟུང་རྒྱང་དུ་ཅེར།།

ཆར་པའི་བཞུར་སྒྲ་ལྷང་ལྷང་འབྱིན་ཏེ་སྐྱོ་བ་མག་མོག་མཁའ་རུ་ལྡིང་།།
གློག་འོད་ཚོམ་ཚོམ་དྲག་ཏུ་འགྱུར་ཏེ་བླ་སྲོག་ཕྱེད་ཀ་ཁད་ཀྱིས་བཅད།།
དྲན་པ་རྒོད་པོ་སེམས་སུ་ཉར་ཏེ་འཁྲེང་བའི་གཞས་ཆུང་གྱེར་དུ་འདོན།།
གཏད་སོ་མེད་པའི་ཁེར་བཞུད་པ་ཡིས་རྣམ་ཤེས་གསོན་པོ་རི་ལ་བྲོས།།

མུ་མཐའ་མེད་པའི་འཇིག་རྟེན་དེ་རུ་ཆས་པའི་སྣང་བ་གསོན་མོད་ཀྱང་།།
རྦ་རླབས་འཁྱིལ་བའི་མཚོ་མོ་སྟོང་གི་ལམ་གྱིས་རི་མོ་བསུབས་ཡོད་ཅིག།
སྣང་བ་མོས་པའི་འོས་འཚམ་ཞིག་གིས་ཁྱེད་ཀྱི་ཕྱོགས་སུ་བལྟས་ཡོད་ཀྱང་།།
མཚོ་མོའི་རབ་ཁ་འགུལ་སྟངས་ཤིག་གིས་མདུན་གྱི་རྐང་ལམ་ཆུ་ཡིས་བཀག།

ངུ་ངག་འོས་པའི་ན་ཟུག་རྒོད་པོ་ང་ཡི་སེམས་ལ་བསླངས་ཡོད་ཀྱང་།།
རྒྱུད་ལ་ཐོགས་པའི་རོལ་དབྱངས་དམར་པོ་ཁྱོད་ཀྱིས་ཕྱོགས་སུ་ཅེར་འདོད་པས།།
སྨྲེང་བའི་གཏམ་ལ་ཡིད་ཆེས་དབེན་པའི་གཏན་ཚིགས་ཞིག་ཀྱང་སེམས་ལ་ཐོགས།།
དྲན་པས་མནར་བའི་སེམས་ཚོར་གཅིག་པུར་མཐའ་མེད་ལྷོ་ཡི་ཕྱོགས་སུ་ཆས།།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།