འོད་སྡེར་དགུང་སྟོན་བསུ་བའི་དབྱངས་རྟ་ལེགས་གྲུབ་བྱུང་བ།

1
5475
དགུང་སྟོན་བསུ་བའི་དབྱངས་རྟའི་འགྲེམ་བརྡ།

དགུང་སྟོན་བསུ་བའི་དབྱངས་རྟའི་མདུན་ངོས།༄༅། །གངས་དཀར་ཏི་སེ་གཙུག་ཏུ་འགྱིང་བའི་མཐོ་སྒང་ཞང་བོད་ཀྱི་ལྗོངས་སུ།  ཆུ་གཙང་དང་ནགས་ཀླུང་། གཡའ་རི་དང་གངས་བྲག སྤང་ལྗང་དང་རྩི་ཐོག་གི་ཁ་ཞགས་ཆགས་པའི་རང་འབྱུང་གི་སྐྱེ་ཁམས་གཙང་མ་ཞིག་ཡོད་པ་མ་ཟད། ལྷག་བསམ་དང་དད་མོས་ཀྱི་ནེམ་པའི་མི་རིགས་དག་མ་ཞིག་དང་། མི་རིགས་རང་གི་བསམ་བློའི་ཉིང་བཅུད་ལས་འཁྲུངས་པའི་ཤེས་རིག་ངོ་མ་སྟེ། གཡུང་དྲུང་བོན་ཞེས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་གཙང་མ་ཞིག་ཀྱང་དར་མྱོང་། བར་སྐབས་མི་རྣམས་ཀྱི་བསམ་བློའི་འགྱུར་ཁ་རྒོད་པ་དང་། དུས་ཀྱི་འཕོ་འགྱུར་དྲགས་པའི་རྐྱེན་ལས་དར་ནུབ་ཅི་རིགས་ཤིག་བྱུང་ན་ཡང་། ཉེར་གཅིག་པའི་དུས་འདི་རབས་ལ་ཐུག་གི་བར་དུ་གྱེར་བསྟན་སྲོག་གི་ཀ་བ་མ་འགྱེལ་བར་རྒྱུན་གནས་ཐུབ་པ་ནི་བོན་གཤེན་རིག་འཛིན་རྣམ་པའི་བཀའ་དྲིན་ཉག་གཅིག་ཏུ་འཁུམས།

1106_3ཁྱད་པར་དུ་བསམ་ཡུལ་ལས་འདས་པའི་དགུ་གཉིས་དུས་ཀྱི་གཉན་འཕྲང་གི་འོག རྒྱལ་བསྟན་སྤྱི་ལ་གོད་ཆགས་ཚབས་ཆེན་བྱུང་བའི་སྐབས་དེར། དུས་དང་བསྟུན་པའི་སྟོན་པ་༸རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་གིས་རྒྱ་གར་དང་བལ་ཡུལ་གཙོས་འཛམ་གླིང་གི་ཡུལ་གྲུ་གང་སར་བསྟན་པའི་མེ་རོ་སླར་ཡང་སྤར་ནས། བཤད་སྒྲུབ་འདུས་པའི་སྡེ་བཙུགས་ཏེ་རབ་འབྱམས་དགེ་བའི་བཤེས་གཉེན་དུ་མ་སྐྱེད་བསྲིང་གནང་བ་དང་། ལྷག་པར་དུ་༸བརྒྱུད་གསུམ་བསྟན་པའི་མངའ་བདག་ཡོངས་འཛིིན་སྨྲ་བའི་དབང་པོ་མཆོག་གི་སྐུ་ཚེ་གང་པོའི་མཛད་པ་བསྟན་འགྲོའི་དོན་དུ་བསྐྱངས་ནས་འདི་ལོར་བགྲང་བྱ་དགུ་བཅུ་ཐམ་པ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཆོད་སྤྲིན་དུ་དམིགས་ཏེ།

དགུང་སྟོན་བསུ་བའི་དབྱངས་རྟའི་རྒྱབ་ངོས།

 ངེད་ཁྲོམ་ཚང་མཐུན་སྒྲིལ་གཡང་རའི་ལྷ་སྡེ་ཐུན་མོང་གིས་མཐུན་སྦྱོར་བྱས་པའི་བདག་རྐྱེན་ལ་བརྟེན་ནས། ཁ་བ་གངས་རིའི་ལྗོངས་ཀྱི་གྲགས་ཅན་གླུ་པ་དང་གླུ་མ་སྐོར་ཞིག་གི་དྲུག་འགྱུར་ངག་གི་དབྱངས་རླབས་ནས་མཆེད་པའི། ཕ་སྐད་གཙང་མའི་བརྙན་འཁོར་༼དགུང་སྟོན་བསུ་བའི་དབྱངས་རྟ༽ཞེས་པའི་འོད་སྡེར་དེ་ཉིད་དངོས་སུ་ལེགས་གྲུབ་བྱུང་ཡོད་པས། ལས་དབང་གི་ཁ་ཕྱོགས་གཅིག་པའི་རྒྱ་ཆེའི་གཟིགས་མོ་བ་རྣམ་ཀྱི་སྙན་དབང་གསོ་བའི་བདུད་རྩི་དང་། ལྟ་བ་མིག་གི་ལོངས་སྤྱོད། སྣང་བ་ཡིད་ཀྱི་དགའ་སྟོན་དུ་འགྱུར་བའི་རེ་སྨོན་གྱི་མཚམས་སྦྱོར་དང་བཅས་ཏེ།

འོད་ཟེར་ནས་ཕྱི་ལོ་ ༢༠༡༥། ༡༡། ༦། ཉིན།

        དྲ་བའི་གཙོ་སྒྲུབ་པ་ཏི་སེའི་བུས་འགྲེམ་བརྡ་རུ་སྤེལ།

དགོངས་ཚུལ་གཅིག

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།