ཞང་ཞུང་ཡུལ་གྱི་སྣོད་བཅུད་སྐོར་གྱི་ལེགས་བཤད་སྣང་བའི་འོད་ཟེར།

0
3169
གངས་དཀར་ཏི་སེ།

༼རྩོམ་པ་པོ་མ་གསལ་ཡང་གཤམ་གྱི་གསལ་བཤད་ལ་གཟིགས་ཞུ།༽

མ་དཔེ་ལག་བྲིས་ཅན།
མ་དཔེ་ལག་བྲིས་ཅན།

༄༅། །ལྷོ་འཛམ་གླིང་གི་ཆགས་ཚུལ་བཀོད་པ་ལེགས་བཤད་སྣང་བའི་འོད་ཟེར་ཞེས་བྱ་བ་བཞུགས།

“དང་པོ་ནང་ལུགས་སྔོན་གྱི་བཀའ་ལུང་ལྟར་དབྱེ་ན། འཛམ་གླིང་འདི་ལ་ཡུལ་ཆེན་པོ་བཅོ་བརྒྱད། ཡུལ་ཕྲན་དགུ་བཅུ་རྩ་གཉིས། མཐའ་འཁོབ་སྟོང་དང་ལྔ་བརྒྱ་ཡོད་པར་གསུངས་པ་རེ་རེར་བརྗོད་ནུས་མིན་ཀྱང་གང་ཐོས་ཚད་གསུམ་དང་འབྲེལ་རི་་བཤད་ཀྱི་ཐོག་མར་ཡུལ་ཆེན་བཅོ་བརྒྱད་ལ་དབྱེ་ལུགས་གཉིས་ཏེ། རྒྱལ་བསྟན་དར་ཁྱབ་བསོད་ནམས་ཀྱི་དབང་དུ་བྱེད་པ་དང་། མི་སའི་སྟོབས་འབྱོར་མངའ་དབང་གི་སྒོ་རུ་དབྱེ་བ་གཉིས། དང་པོ་ནི། སྟག་གཟིག ཞང་ཞུང་། རྒྱ་གར། རྒྱ་ནག ཨོ་རྒྱན། ཁ་ཆེ། བྲུ་ཤ ཏ་ཟིག གྲུ་གུ། ཕྲོམ། ཡུ་གུར། ཧོར། སོག འཇང་། མོན། ལི། མ་སང་། བོད་དང་བཅོ་བརྒྱད། ༧ ཕྱི་མ་ནི། ཤམ་བྷ་ལ། བྷ་ར་ཏ། ཙི་ན། བེ་རི་ཡ། ཛ་པན། ར་སི་ཡ། ཨིང་ལཻནྜ། ཛར་མེན། ཕ་རན་སོ། ཨི་ཊ་ལི། ས་པེན། ཊར་ཀི པར་ཤི་ཡ། ཨ་ཕྲི་ཀ ཨམ་རི་ཀ་༢ ཨ་སེ་ཊར་ལི་ཡ། ཨ་ཊར་ཀརྚི་ཀ་དང་བཅོ་བརྒྱད། འདི་ལྟར་དབྱེ་ཚེ་བྷ་ར་ཏའི་ཁོང་དུ། རྒྱ་གར། ཨོ་རྒྱན། ཁ་ཆེ། མོན། ལི། ༧ ཙི་ནའི་ཁོང་། རྒྱ། འཇང་། མ་སང་། བོད། ཞང་ཞུང་། ༧ བེ་རི་ཡའི་ཁོང་། ཕྲོམ། གྲུ་གུ། ཡུ་གུར། ཧོར། སོག ༧ ཏ་ཟིག་རུ་སོ་དང་། བྲུ་ཤ་པར་ཤི་ཡ་ལ་འདུས། ཡང་ཧོར་སོག་གཉིས་ཙི་ནའི་ཁོང་དུ་བརྩི་བའང་ཡོད།” ཅེས་དང་།

ཡུལ་ཆེན་གཉིས་པ་ཞང་ཞུང་ནི། སྟོད་ལ་དག་བྱང་རྩེ་ཀེ་ཊུའི་རི་དང་། ལྷོ་རྩེ་ནན་གི་གངས་ནས་བཟུང་། ཧི་མ་ལའི་རི་གསེང་བརྒྱུད་མང་ཡུལ་སྨད་ནས་བྱང་ངོས་ཐོན་ཏེ་ལྷོ་མཐའ་བྱང་གི་བསམ་གཏན་གངས་བཟང་ཡན། བྱང་མཐའ་བྲུང་གི་རྫ་རྒན་ཡོལ་པོ་ནས་བྱང་བྱེ་མའི་རི་བརྒྱུད་ཀོ་ཡན་ལུ་ནི་རི་ངོས་ལ་ཐུག་གི་བར་གངས་རིའི་ལྗོངས་ཆེན་པོ་འདི་ལ་བསིལ་བ་ཅན་ཞང་ཞུང་གི་ཡུལ་ཞེས་གླེང་སྟེ། དེ་ལ་ས་གཞིའི་ཚད། མི་སྡེའི་གྲངས། དེར་ཡོད་ཀྱི་རི་ཀླུང་སེམས་ཅན་བཤད་པའོ། །དང་པོ་འཛིན་མའི་རྒྱ་ཁྱོན་ནུབ་རྩེ་ནས་ཤར་མཐའི་བར་དཔག་ཚད་༡༠༠ལ་མི་ལི་༡༨༢༠། བྱང་མཐའ་ནས་ལྷོ་ཟུར་བར་དཔག་ཚད་ལ་༦༨ལ་མིལ་༡༢༢༥ཡོད། སྤྱིར་ས་ཁ་མཐོ་བ། རྒྱ་ཁྱོན་ཡངས་པ། ས་གཙང་ཆུ་གཙང་གཙང་རིགས་ལྷ་མི་འདུ་བའི་ས་བསིལ་ཞིང་རིག་པ་དྭངས། དབྱར་གཞུང་ལས་རྩི་ཤིང་ལོ་ཏོག་མི་སྐྱེ་ཞིང་ཆུ་བོ་འཁྱགས། ཁ་བ་འབབ། ལྷག་རླུང་སྐྱོན་དང་ཉི་འོད་ཡོན་ཏན་དུ་བྱེད་པའི་ས། དུས་བཞི་རུ་བརྩི་སྟེ། དཔྱིད། དབྱར། སྟོན། དགུན་ཏེ་དབྱར་ངོ་མ་གཏོགས་གྲང་། ཁྱད་པར་བྱང་ཐང་ཁ་ཡན་དང་རི་རྩེ་མཐོ་བ་རྣམས་ནི་དབྱར་ཡང་དགུན་ལྟར་གྲང་། བྱང་རིགས་འགའ་ཞིག་འབྲུ་ཙམ་མེད་པར་ཤ་ཟ་སྡོད་པའང་ཡོད། བྱེ་བྲག་རོང་རྒྱུད་ཀུན་ཏུ་འབྲུ་གྲོ་ནས་སོགས་སྐྱེ། ཕྱོགས་ཀྱི་ས་མཚམས་ནུབ་རྩེ་སེང་པ། དེ་ནས་ལྷོ་རྒྱུད་རིམ་པར་ཁ་ཆེ། ཐོ་གར། ཟ་ཧོར། མོན། ལི། བོད། ཤར་མཐའ་སུམ་པ་བཅས་ལ་ཐུག བྱང་ངོས་ས་སྟོང་བྱེ་མའི་རི་ཐང་ནས་ཕར་ལ་ཀུ་ཡན་ལུ་ན་ཞེས་པའི་གངས་རིའི་རྒྱུད་ཀྱིས་བཅད། ས་དབྱིབས་འདི་འདྲ་***ལ། མཐའ་སྐོར་དཔག་ཚད་༣༠༦ལ་མིལ་༥༥༥༠ཡོད། རྒྱ་མཚོ་ནས་རི་རྩེ་མཐོ་སའི་བར་ཕི་ཊི་༢༨༢༥༠ཡོད། ༧ དེང་གི་གྲུབ་མཐའ་ནི་ཕལ་ཆེར་དཀོན་མཆོག་གསུམ་སྐྱབས་སུ་འཛིན་ཞིང་དེ་དང་དེ་རིགས་སྤྲུལ་པ་བཅས་ལ་མཆོད་ཡུལ་དུ་བརྩི་བའོ།།

གཉིས་པ་དེ་ལ་ཆགས་པའི་ཡུལ་ཁག་ནི་བྱང་རོང་གཉིས་ཏེ། བྱང་རིགས་ནི་རུ་ཐོག སྤུ་ཧྲེང་། གུ་གེ སེ་རིབ། རྐང་ཕྲན། སེང་ཐ། ཨ་ནམ། རྒེ་གྱེར། རྒེ་རྩེ། དང་ཅུང་། གུ་རིབ། གང་ཟག གྲོ་ཤོད། ནག་ཚང་། དོ་སྒྲོ། དྲུམ་ཡག ཤིང་གྱེར། གནམ་རུ། ཨམ་དོ། ས་ཅ་སོགས་དང་། ༧ རོང་རིགས། ལ་དག བལ་ཏིས། ཟང་གལ། གར་ཞ། ཉུང་ཏི། པི་ཏི། ཁུ་ནུ། ཚང་ཟ། དྲུག་ཉི། ཉི་ཏི། ཅོ་ནམ། ཤ་ཁོག ལྷའུ། གློ་བོ། མང་ཡུལ་བཅས་ཡུལ་ཆེ་ཆུང་གྲངས་མང་ལ་སྔར་དུས་སྟོད་ལ་ཁྲི་སྡེ་བཅོ་བརྒྱད། བར་ལ་སྟོང་སྡེ་བཅོ་བརྒྱད། སྨད་ལ་བརྒྱ་ཤོག་བཅོ་བརྒྱད་བཅས་ཡུལ་འབྲོག་གི་ཁྱིམ་ཉིས་འབུམ་ལྷག་ཙམ་ལ་མི་གྲངས་འབུམ་ཕྲག་བཅོ་བརྒྱད། དེར་གནས་པའི་བསྟན་འཛིན་འདུས་སྡེ་ཆེན་པོ་བཅོ་བརྒྱད། བོན་སྲིད་སྐྱོང་བའི་རྒྱལ་པོ་བྱ་རུ་ཐོགས་པ་བཅོ་བརྒྱད་རྣམས་ཡོད་པའི་རྒྱལ་ས་དབུས་ཀྱི་མཁར་བཞི། (༡ཁྱུང་ལུང་དངུལ་མོ་མཁར། ༢སྤུ་ཧྲོང་སྟག་ལ་མཁར། ༣མ་པང་སྤོས་མོ་མཁར། ༤གད་ཀྱི་བྱི་བ་མཁར།) ཕྱོགས་ཀྱི་རྫོང་གསུམ་(༡དྭང་ར་ཁྱུང་ཆེན་རྫོང་། ༢མང་ཡུལ་སྟག་མོ་རྫོང་། ༣རུ་ཐོག་སེང་གེ་རྫོང་།)སོགས་ཏེ་གནས་དང་འདི་དག་རྒྱས་བཤད་ཞང་ཞུང་གི་དཀར་ཆག་ལ་ཡོད། དེ་ནས་བཟུང་བར་སྐབས་བསྟན་པ་དང་རྒྱལ་སྲིད་ལ་འཕོ་འགྱུར་རྣམ་པ་མང་དུ་བྱུང་རྗེས། དེང་སྐབས་ཡུལ་མི་ཡང་ཆེས་ཉུང་། འདུས་སྡེ་ཐམས་ཅད་ཞིག སྲིད་སྐྱོང་གི་རྒྱལ་པོ་ཡང་མེད། རོང་ཡུལ་ཕལ་ཆེར་རྒྱ་གར་དང་། བྱང་འབྲོག་ཐམས་ཅད་བོད་ཀྱི་འབངས་སུ་གྱུར་པའི་གནས་སྐབས་ཡིན་ཏེ། འདི་དུས་འཚོ་སྐྱོང་གི་རྗེ་དཔོན་སེར་སྐྱ། སྟོད་ལ་སྒར་རྫོང་དྲུག(སྒར་དཔོན་གཉིས། རུ་ཐོག རྩ་ཧྲེང་། སྤུ་ཧྲེང་རྫོང་གསུམ། མདའ་བ་མཁར་དཔོན་བཅས།) བར་སྨད་སྤྱི་འགོ་བདུན་(འབྲོང་སྤྱི། ནག་ཚང་འགོ་པ་གཉིས། ས་ག་འགོ་པ་གཉིས། གནམ་རུ་འགོ་པ། འདམ་སྤྱི་བཅས།)བཅས་བླ་གཞུང་གཉིས་སྐོས་བཅུ་གསུམ་ཙམ་ས་གནས་སུ་སྡོད། འབབས་ཕྲལ་བསྡུ་བའི་འགྲུལ་འགྲོའི་དཔོན་རིགས་ཀྱང་མང་དུ་ཡོད། རིམ་བཞིན་དུས་མཚམས་རྣམས་སུ་འགོད་པར་འདོད།

གསུམ་པ་དེ་ལ་གནས་པའི་རི་དང་། མཚོ། གཙང་པོ། དུད་འགྲོ་བཅས་ལས། དང་པོ་རི་ནི། སེང་པ་དང་ཡར་ཀྱེན་མཚམས”ཀཻ་ཊུ”ཞེས་གངས་མུ་ཝེར་རྩེ་ཕི་ཊི་༢༨༢༥༠མཁའ་ལ་སླེབས་པ། ལ་དག་དང་རུ་ཐོག་གི་བྱང་མཚམས་མུ”པཏ་ག”ཞེས་གངས་ཤེལ་རྒྱུང་ཕི་ཊོ་༢༣༨༩༠མཁའ་ལ་རྩེ་བསྙེགས་པ་དང་། སེང་དང་ཁ་ཆེའི་མཚམས”ནན་ག”ཞེས་གངས་ཕུ་ཝེར་རྩེ་མོ་ཕུ་ཊི་༢༦༦༢༩ནམ་མཁར་བརྙབ་པ། གངས་རི་དེ་གསུམ་གཙོས་ཧི་མ་ལ་ཡ། ཛ་སན་ར། ཀ་ར་ཀུ་རམ། ཀོ་ཝན་ལུ་ན་སོགས་རི་རྒྱུད་མང་ནང་༼གངས་༽ཆེན་པོ་དེ་བཞིའི་རྒྱུད་ནི་ཞང་ཞུང་ས་ཁྱོན་བརྒལ་ཏེ་སོང་བས་རྒྱུད་ཀུན་བཤད་མི་དཔག་ཀྱང་གཙོ་ཆེ་འགའ་རེ་བཀོད་ན། དང་པོ་ཧི་མ་ལ་ཡའི་བརྒྱུད་ཅེས་པའི་རྒྱུད་དུ། ལ་དག་དང་། ཐོ་གར་གྱི་མཚམས་མ་རྒྱུད་གངས་ཆེན་རིགས་ལྔ། གུ་གེ་དང་ཉི་ཏིའི་མཚམས་ཀ་མེ་ཊ་ཞེས་གངས་སྨན་རྒྱལ་མོ་༢༥༤༣༡། ཉི་ཏི་དང་ཅོ་ནམ་མཚམས་ནན་ད་དེ་ཝི་༢༣༣༣༠། སྤུ་ཧྲེང་དང་གླེ་མའི་སར་སྨན་མོ་ནག་ཉིལ་སམ་སྟག་རི་ཁྲ་བོ་༢༥༣༥༥། གྲོ་ཤོད་དང་ལི་སྟོད་མཚམས་དཔལ་རྒྱུང་འ་མོ་༢༥༤༥༠། མང་ཡུལ་དང་ལི་ཡི་མཚམས་དྷོ་ལ་གི་རི་༢༥༣༥༥་བཅས།

གཉིས་པ་ཛ་སཀ་རའམ། ཀཻ་ལལ་ཤ་པར་ཝད་ཅེས་པའི་རྒྱུད་ཞང་ཞུང་དཀྱིལ་གཞུང་བཤག་སྟེ་ཡོད་ན། དང་པོ་ལ་དག་དང་། རུ་ཐོག གུ་གེ་གསུམ་གྱི་དབུས་གཡའ་གངས་ཀྱི་རི་སྟག་ལ་༢༢༨༧༥། མངའ་རིས་སྐོར་གསུམ་དབུས་ལྟེར་གངས་ཅན་གྱི་ཏི་སེ་༢༥༩༨༠། གུ་རིབ་ཀྱི་ས་ལ་གངས་ཀྱི་རི་ཡེ་རྗེ་༢༤༩༧༠། གུ་རིབ་ཀྱི་བྱང་ངོས་ཞལ་ཡས་གངས་འཇམ་༢༥༦༧༠། ནག་ཚང་གི་ས་ལ་གངས་བྲག་གི་རི་སྟ་སྒོ་༢༥༧༨༥། བོད་དང་གྲུམ་ཡག་གི་མཚམས་གཡའ་བྲག་གི་རི་གཙང་ལྷ་ཕུ་དར་༢༠༨༧༥། བོད་དང་ཤིང་གེར་མཚམས་བརྟན་མའི་ཤ་མེད་གངས་དཀར་༢༥༦༦༠། བོད་དང་འདམ་གྱི་མཚམས་གངས་གཉན་གྱི་རི་ཐང་ལྷ་༢༢༧༢༥་བཅས།

གསུམ་པ་ཀ་ར་ཀུ་རམ་པར་ཝད་ཅེས་པའི་ལྷོ་རྒྱུད་ཞང་ཞུང་བྱང་ངོས་ནས་སོང་སྟེ་དང་པོ་དང་པོ་རུ་ཐོག་གི་ས་ལ་གེ་ཁོད་གཉན་ལུང་༢༢༧༢༥། སྒེར་རྩེའི་ས་ལ་ཁྱུང་མོ་རི་ནག ནག་ཚང་གི་བྱང་ངོས་མུ་གུའི་རི་རྒྱུད་༡༧༩༧༥། ཨ་མདོའི་བྱང་ངོས་ཙི་གི་རྫ་ཅུང་༢༡༩༥༥། སྒྲོ་གད་སྨུག་མོ་༢༢༢༥༠། དེ་ནས་རྫ་ནམ་ར་བེ་རྒན་༢༡༩༦༠། ཅུང་སྨུ་གུ་མཐོན་པོ་༢༡༣༥༠། རྒོད་ཀྱི་རྫ་སྐྱ་༢༡༩༥༣། གོ་ར་བྲག་ནག་༢༡༨༤༠། ཁང་རྗེ་ཞལ་དཀར་༢༡༩༩༨། ལྷ་རྒོད་མདུང་རྩེ་༢༦༠༤༠། བསམ་གཏན་གངས་བཟང་༢༦༣༥༠། བྲུང་གི་རྫ་རྒན་ཡོལ་པོ་༡༩༩༦༥ཡན་གྱིས་ཤར་མཐའ་བསྐོར་ཏེ་ཡོད། ཡང་དེའི་བྱང་རྒྱབ་ཀ་ར་ཀུ་རམ་རིའི་མཐའ་བྱང་རྒྱུད་དུ་གཙོང་ཟི་གངས། གངས་སྦོ་ལུག རྫ་རག་གཞོང་། མ་མོ་ཙཀྲ།

བཞི་པ་ཀོ་ཝན་ལོ་ན་པར་ཝད་ཅེས་པའི་རྒྱུད་བྱང་མཐའ་ཧོར་ས་མཚམས་ན་ཡོད་དེ། དང་པོ་རི་ཐོག་གི་བྱང་རྒྱབ ཧོར་གྱི་མཚམས་རི་ལྕོགས་ལ་མཚལ་རྩེ་༢༢༣༡༠། དེ་ནས་མར་ལ་བྱེ་རི་བྱེ་ཐང་གི་ཕ་རོལ་ཏུ་བྱང་གི་གངས་རྒན་སྐྱ་བོ་༢༢༣༤༠ཞེས་པ་ཡོད། དེ་ནས་མར་ལ་བྱང་ཐང་མང་པོའི་ཕར་ཀ་ན་ཨ་ཆེན་གངས་དཀར་སྟག་རྩེ་༢༢༡༥༠ཞེས་པ་ཡོད། དེ་ནས་མར་ལ་བྱང་གི་ཇོ་བོ་དྷམ་ར་ནས་མཐིང་གི་རི་རྒྱུད་ལ་ཐུག་པ་ཡིན།

གཉིས་པ་མཚོ་ནི་མིང་གྲགས་ཆེ་བ་འགའ་རེ་ནི། དང་པོ་སྐོར་གསུམ་དབུས་དཀྱིལ་ཛྷིལ་མན་སི་རོ་ཝར་ཞེས་མ་པང་གཡུ་མཚོ་གཏིང་ཟབ་ཕི་ཊི་ཡོད་ཟེར། དེ་བཞིན་ལ་ངག་གསེར་མཚོ། གུང་ཆུང་དངུལ་མཚོ། ཟོམ་ཤང་ལྕགས་མཚོ་བཞི་ཉེ་བར་ཡོད། རུ་ཐོག་གི་བྱང་རྒྱབ་མཚོ་ཆེན་༢སྣེ་སྦྲེལ་དང་། སེང་ཁོལ་གྱི་བྱང་མཚོ་ངང་ལ་གུ་རིབ་ཀྱི་ས་ལ་ད་རོག་མཚོ། ནག་ཚང་ཚོག་ཅུའི་ས་ལ་ཏྲེ་དེ་མཚོ། སེང་ཇེས་དང་འོམ་བུའི་སར་དྭང་ར་མཚོ། ལྷོ་བྱང་དུ་ད་ཡར་དང་། དང་ཆུང་༢། ལེས་སྟོད་སར་ངང་སིར་མཚོ། སྒོམ་ནག་སར་དུག་བུག་མཚོ། གཞུང་སྨད་སར་ཤིང་གེར་བྱང་། ཏྲེ་རུ་དང་གནམ་རུའི་སར་གནམ་མཚོ་ཕྱུག་མོ། དེ་ནས་གྱེར་མཚོ། གསེར་མཚོ། སྤམ་མཚོ། འབུམ་མཚོ། མདུང་མཚོ། དར་མཚོ། དྷར་རུའི་མཚོ། ཞ་གོལ་མཚོ། གཡག་ཐོད་མཚོ། མཚོ་ནག་སོགས་ནས་ཡར་ལ་བྱང་རྒྱུད་དུ་མཚོ་ཤིན་ཏུ་མང་བས་བརྗོད་མི་བཏུབ་བོ། །

གསུམ་པ་གཙང་པོ་ཆེ་བ་ཞང་ཞུང་གི་ཆུ་གཙང་ལྔའམ་འབབ་པའི་ཆུ་ཆེན་བཞི་ནི་མཚོ་མ་པང་གི་ཕྱོགས་བཞི་ནས་འབབ་སྟེ། ༧ དང་པོ་བྷར་ཧན་པུ་ཏི་རྀ་ཞེས་ཆུ་”གྱིམ་ཤང་”རྟ་མཆོག་ཁ་འབབ་ནི་ཤར་ནས་ཐོན་བྱང་གྲོ་ཤོད་བརྒྱུད་བོད་གཙང་དབུས་ཀོང་གསུམ་བཤག ཧི་མ་ལ་ཡི་མཐའ་བསྐོར། ཀོང་པོ་བོན་རིའི་མདུན་ནས་ལྷོ་རུ་མོན་ཨ་སམ་གྱི་ས་ནས་རྒྱ་གར་དུ་སོང་། ཕུག་ནས་རྒྱ་མཚོ་བར་མིལ་༡༨༠༠ཡོད། ༧ གཉིས་པ་ཆུ་བོ་”སིན་དྷུ”སེག་གེ་ཁ་འབབ་ནི་བྱང་ནས་ཐོན་འབྲོང་པ་ནས་ལ་དག་བརྒྱུད་སེང་པའི་གཞུང་བཀས། ཧི་མ་ལ་ཡའི་རྩེ་བསྐོར། ཕུ་ཝེར་གངས་རིའི་རྒྱབ་ནས་ལྷོ་ནུབ་ཁ་ཆེའི་ཡུལ་དུ་སོང་། རྒྱ་མཚོ་བར་མིལ་༡༧༠༠། ༧ གསུམ་པ་སི་ཏ་ལོ་ཇ་འམ་ཆུ་བོ་”སི་ཏི”གླང་ཆེན་ཁ་འབབ་ནི་ནུབ་ནས་ཐོན་གུ་གེ་བརྒྱུད་ཁུ་ནུ་ནས་རྒྱ་གར། ཟ་ཧོར། ཨོ་རྒྱན་གསུམ་བཅད་ཁ་ཆེའི་མཚམས་ནས་སིན་དྷུ་དང་འདྲེས་ཏེ་རྒྱ་མཚོར་སོང་། མིལ་༡༥༣༠། ༧ བཞི་པ་གྷ་གྷར་ཞེས་ཆུ་བོ་”པཀྵུ”རྨ་བྱ་ཁ་འབབ་ནི་ལྷོ་ནས་ཐོན་སྤུ་ཧྲེང་བརྒྱུད་ལི་སྟོད་དང་མོན་གྱི་ཡུལ་ནས་རྒྱ་གར་ཤར་དུ་སོང་། ཕུག་ནས་རྒྱ་མཚོ་བར་མིལ་༡༡༡༠། ༧ ལྔ་པ་ཆུ་བོ་”གང་ག”ནི་ལྷོ་ནུབ་ཀྱི་རི་གསེང་ནས་ཐོན་ཉི་ཏི་བརྒྱུད་མོན་གལ་ཝལ་ནས་རྒྱ་གར་གཞུང་དུ་བབས་ཏེ་ཤར་དུ་སོང་པཀྵུ་དང་འདྲེས་ཏེ་རྒྱ་མཚོར་སོང་། ཕུག་ནས་མཚོ་བར་མིལ་༡༢༦༠ཡོད། དེ་ལྟར་ཞང་ཞུང་གི་ཕྱོགས་མཚམས་གཙང་པོ་ཐམས་ཅད་ལ་ལ་བྱང་གི་མཚོ་ཆེན་རྣམས་སུ་སོང་། ཕལ་ཆེར་ཆུ་ཆེན་འདི་ལྔའི་ནང་དུ་སོང་ཡོད། སྤྱིར་ཞང་ཞུང་། ཨོ་རྒྱན། ཁ་ཆེ། རྒྱ་གར། བོད། ཧོར་བཅས་ཀྱི་ཆུ་བོ་ཐམས་ཅད་འདི་ལྔ་ལ་མ་འདྲེས་པ་འགའ་ལས་མེད་དོ། །

བཞི་པ་དེ་ལ་རྒྱུ་ཞིང་གནས་པའི་དུད་འགྲོ་ནི། ༧ “བྱ།” རྒོད། གླག ཁྲ། ནེ་ལེ། འུག་པ། ཀུ་ཟི། བྱ་རོག གོ་བོ། གོང་མོ། སྲག་པ། རི་ཀེག ཅོ་ག ཕུག་རོན། སྐྱུང་ཀ་སོགས་དང་། དབྱར་དུས་ངང་པ། ངུར་པ། ཁྲུང་ཁྲུང་། ཁུ་བྱུག འོལ་བ། པུ་ཤུད། ཁུག་རྟ། བྱེའུ། ལུག་རྫི། སྐྱར་མོ། ༧ “རི་དྭགས” འབྲོང་། རྐྱང་། ཤ་བ། གཙོས། སྙེན། རྣ་བ། རྒོ་བ། རི་བོང་། ཕྱི་བ། གྲུམ་པ། སྨིག་པ། ༧ “གཅན་གཟན” སེང་གེ དྲེད། གསའ། གཡི། སྤྱང་ཀི ཝ། ཨོ་གར། སྦྲེ། ༧ “གཡུང་དྭགས” གནག རྟ། དྲེལ། མཛོ། ལུག ར། ཁྱི། ༧ རོང་རྒྱུད་རྣམས་སུ་འཇོལ་མོ། ཁྱིམ་བྱ། ཁྭ་ཏ། སྐྱིན་བུ། དོམ། གཟིག བ་མོ། གླང་། བོང་བུ། ཕག་སོགས་ཡོད་དོ།། །།” འཕྲོས་མ་རྣམས་རིམ་བཞིན་འདོན་སྤེལ་ཞུ་འཐུས།

གསལ་བཤད།

    ཁོ་བོས་དཔེ་འདི་ད་སྔོན་གསུང་འབུམ་དང་བསྟན་བཅོས་ཁག་ནས་མཐོང་མྱོང་མེད་ཀྱང་ཕྲན་གྱི་ལག་ཏུ་ཐོབ་པ་འདི་ནི་ལྗིབ་ཆུང་གྲུང་ཤ་དོད་ལ། ཆ་རབ་མེད་ཅིང་ལག་བྲིས་ནག་འགྲོས་སུ་བྲིས་བཞག་པ་ཞིག་འདུག རི་བོའི་མཐོ་ཚད་དང་ཆུ་བོའི་རིང་ཚད་རྣམས་ཡི་གེའི་ཐོད་ནས་ཨང་ཀི་བཀོད་ཡོད་ལ། ཡུལ་ཆེན་བཅོ་བརྒྱད་ཀྱི་ས་ཁྲ་མང་པོ་ཞིག་དཔེ་རིས་བྲིས་བཞག་པ་ལྷག་འདུག་ཀྱང་ཡིད་ཕངས་པ་ཞིག་ལ་ཡུལ་ཆེན་བཅོ་བརྒྱད་ཀྱི་ས་སྐོར་གཉིས་པ་ཞང་ཞུང་གི་ས་ཁྲ་དེ་བརླགས་ཚར་འདུག ཡིག་ཆ་འདི་དེབ་མགོ་ཚེམས་ཅན་ཞིག་ཡིན་པས་ཤོག་ལྷེ་ཁ་ཤས་འཐོར་ནས་མ་ཚང་བའི་བཟོ་ཡང་འདུག གལ་ཆེ་བ་གཞན་ཞིག་ལ་ལོ་རྒྱུས་ས་ཁྲ་འདི་མཛད་པ་པོ་དངོས་སུ་མ་གསལ་ཡང་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཡིན་པའི་རྣམ་པ་གསལ་པོ་འདུག་ཞུ། དེས་ན་ངས་ཞང་ཞུང་གི་ས་སྐོར་གཅིག་པུ་བཤུ་འབྲི་བྱས་ནས་ད་སྔོན་”ཞང་བོད་བགྲོ་གླེང་”ཞེས་པའི་དྲ་གནས་ཤིག་ཏུ་ཐེངས་གཅིག་སྤྱན་བསྟར་ཞུས་ཡོད། ད་དུང་འོལ་གླིང་གཙོས་ཡུལ་ཁག་གཞན་པའི་རྣམ་བཤད་མང་པོ་འཁོད་འདུག་པ་རྣམས་བཤུ་འབྲི་བྱ་མ་ཐུབ་བོ། །ལྷག་དུ་མིང་དུ་གྲགས་པའི་ཞང་ཞུང་ཉམས་ཞིབ་པ་རྣམས་ལ་ཞུ་རྒྱུར། སྔར་དུས་ཀྱི་ཞང་ཞུང་སྣོད་བཅུད་གཉིས་ལ་ད་དུང་དཔྱད་ཞིབ་དང་། དཔེ་ཁུངས་འཚོལ་བ། དཀར་ཆག་རྣམས་ཞིབ་བསྡུར་བྱ་རྒྱུ་སོགས་ནི་ཉམས་ཞིབ་པའི་ལས་འགན་ཞིག་ཡིན་ཀྱང་སྐད་ཆ་སྙན་མོ་རེ་ཙམ་ཁུངས་སུ་བཞག་ནས་ཤོག་ཐོག་བྲོ་འཁྲབ་མ་ཡིན་པར་སྔར་དུས་ཞང་ཞུང་གི་སྲིད་འབྱོར་རིག་གསུམ་གང་ཐད་ནས་ཉམས་ཞིབ་ཚད་ལྡན་བྱ་རྒྱུའི་རེ་བ་ཆེའོ། །

དྲ་བའི་གཙོ་སྒྲུབ་པ་སྲིད་པའི་མིག་གིས་ཕྱི་ལོ་༢༠༡༥ཟླ་༡༢ཚེས་༠༦ཉིན་མཐུན་སྦྱོར་ཞུས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།