ཉམས་མགུར་ཚོར་བའི་གླུ་དབྱངས།

0
1284

གནའ་རྩོམ་ཚན་བཤུས། རིག་པའི་ཁུ་བྱུག

གཉིས་པ་བོན་གྲོང་བསྟན་པ་འོད་ཟེར་གྱི་རྐྱེན་ངན་གྲོགས་ཤར་སྐབས་སུ་རྩོམ་པའི་མགུར་སྨོན།

71 JE ORGOM KUNDUL༄༅། །རྗེ་རྒྱལ་བ་འདུས་པའི་ངོ་བོ་ཉིད། །བླ་མ་རྣམས་ཀྱི་བྱིན་བརླབས་ཀྱིས། །འཇིག་རྟེན་གྱི་སྣང་བ་ལ་མི་ཆགས་པར།། ཆགས་མེད་ཀྱི་རང་གྲོལ་སྤྱོད་པར་ཤོག །སྒྱུ་ལུས་ལ་ཞེན་པ་མི་ཆེ་བར། །སྒྱུ་མ་ཡི་མཚན་ཉིད་འཛིན་པར་ཤོག །འདོད་ཡོན་ལ་ཞེན་པ་མི་ཆེ་བར། །ཆོག་ཤེས་ཀྱི་གཏེར་ལ་སྤྱོད་པར་ཤོག །བར་ཆད་ཀྱི་རྐྱེན་ཁར་མི་འཆོར་བར། །རང་སེམས་ལ་ངེས་ཤེས་འཁྲུངས་པར་ཤོག །ཐ་སྙད་ཀྱི་ཚིག་ཕྱིར་མི་འབྲེང་པར། །དོན་ཟབ་ཀྱི་རོ་མཆོག་མྱོང་བར་ཤོག །ཀུན་རྫོབ་ཀྱི་སྣང་བ་ལ་མི་འགག་པར། །དོན་དམ་དུ་ཞེན་ཡུལ་གྲོལ་བར་ཤོག །ཐབས་ཀྱི་ལམ་མཆོག་རྙེད་པ་དང་། །ཤེས་རབ་ཀྱི་ས་གནས་བགྲོད་པར་ཤོག །སྟོང་གསལ་དང་སྣང་བ་ལྷན་ཅིག་གིས༼ཏུ༽། །སྣང་སྟོང་དུ་རང་ངོ་འཕྲོད་པར་ཤོག །རྣམ་སྨིན་གྱི་ལུས་རྒྱ་ཞིག་པའི་དུས། །འོད་གསལ་དུ་མ་བུ་འཕྲད་པར་ཤོག །མཁྱེན་པའི་ཉི་མ་ཤར་བ་དང་། །བརྩེ་བས་འགྲོ་ལ་ཕན་པར་ཤོག །སྒོ་གསུམ་གྱི་རྣམ་སྨིན་ཀུན་བྱང་ནས། །སྐུ་གསུམ་གྱི་འབྲས་བུ་སྨིན་པར་ཤོག །བསམ་སྦྱོར་དག་པའི་སྨོན་ལམ་འདི། །སྨོན་པ་བཞིན་དུ་འགྲུབ་པར་ཤོག །

ཅེས་པ་འདི་ནི་བོན་གྲོང་བསྟན་པ་འོད་ཟེར་གྱིས་རྟ་སྒོའི་རྫུ་འཕྲུལ་ཕུག་ཏུ་བཞུགས་སྐབས་ཇག་པ་མི་གསུམ་གྱི་རྐྱེན་བྱས་ནས་སྦྱར་བའོ། །ཞལ་གདམ་མམ་མགུར་སྨོན་འདི་གསུང་པ་པོ་ཁོང་ནི་ཞང་ཞུང་སྙན་རྒྱུད་བླ་མ་རྒྱུད་པའི་རྣམ་ཐར་ལས་གསལ་བའི་ཁོང་ཡིན་པ་འདྲ། རྒྱུ་མཚན་ནི་འདི་ལྟར། “སློབ་དཔོན་བསྟན་པ་འོད་ཟེར། ཡུལ་དགེ་སྡིང་བོན་གྲོང་བ། གདུང་རུས་འགྲུ། ཡབ་བོན་གྲོས་ཆོས་མཛད། ཡུམ་གེ་ཁོད་མཚོ་མོ། གཤེན་རྒྱལ་བ་ལྷུན་གྲུབ་ཀྱིས་སྨན་རིར་བརྫངས། མཁས་གྲུབ་ཀུན་བཟང་རྒྱལ་མཚན་ལས་རབ་ཏུ་བྱུང་། ཐོས་བསམ་སྦྱངས། ཁྲི་བརྟན་ནོར་བུ་རྩེར་མཁས་གྲུབ་ཀུན་བཟང་རྒྱལ་མཚན་ལ་དབང་ཀུན་ཞུས། ཨ་འཚོ་ཀུན་བཟང་དྲུང་དུ་མེ་རི་ལྷན་སྐྱེས་རྣམས་ཞུས། དང་ར་ཤེས་རབ་རྒྱལ་མཚན་ལ་སྙན་རྒྱུད་རྫོགས་ཆེན་གཉིས་ཀྱི་ཕྱག་ལེན། གཤེན་རྒྱལ་བ་ལྷུན་གྲུབ་ལས་མ་རྒྱུད་དབང་བཞི། རྟོགས་ལྡན་ཚུལ་ཁྲིམས་རྒྱལ་མཚན་ལས་ཨ་ཁྲིད། སྙེལ་ཞིག་བསོད་ནམས་ཡེ་ཤེས་ལ་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་སོགས་ཞུས། སྟོད་བྱ་རི་གཙུག་ལྡན། ཏི་སེ། མ་ཕམ། རྟ་སྒོ། དང་ར་ཁྱུང་རྫོང་། ཟང་ཟང་ལྷ་བྲག་སོགས་བཞུགས། དགུང་ལོ་བདུན་ཅུ་ལ་གནས་ཆེན་བོན་རིའི་ལྷ་རྩེའི་ཡང་དབེན་དུ་སྤྲེལ་ལོར་གཤེགས།མཆོག་ཐུན་མངའ་བསྙེམས་སོ། །”ཞེས་པ་འདིའི་ནང་གི་ཐ་སྙད་བོན་གྲོང་དང་། རྟ་སྒོ། བསྟན་པ་འོད་ཟེར་གསུམ་ལ་བརྟག་ན་ཉམས་མགུར་གདམ་པ་འདི་གསུང་པ་པོ་ཁོང་ཡིན་པ་འདྲ་འདུག །ཁོང་ནི་སྨན་རི་མཁན་ཆེན་ཁྲི་ཐོག་བཞི་པ་མཁས་གྲུབ་ཀུན་བཟང་རྒྱལ་མཚན་གྱི་སྐུ་ཚེ་སྟོད་སྨད་བར་གསུམ་དུ་ཕྱེས་པའི་བར་ལ་འཁྲུངས་པ་འདྲ། རྒྱུ་མཚན་ནི་ཁོང་གི་རྩ་བའི་བླ་མ་རྒྱ་རོང་བ་སྒོ་ཛུང་བློ་གྲོས་རྒྱལ་མཚན་གྱིས་མཁས་གྲུབ་ཀུན་བཟང་རྒྱལ་མཚན་ལ་བཀའ་རྒྱུད་སྐོར་བཞི་སོགས་བོན་སྒོ་མང་པོ་ཞུས་ཤིང་མཁས་གྲུབ་གཉིས་ལྡན་གྱུར་ནས་ཁྲི་བརྟན་ནོར་བུ་རྩེའི་གདན་སར་བཀོད་རྗེས་ཁོང་བླ་སློབ་གཉིས་འབྲེལ་བ་བྱུང་བ་འདྲ་འདུག་པས་སྐུ་ཚེའི་བར་ལ་འཁྲུངས་པར་ངེས་སོ། །སྨན་རིའི་མཁན་པོ་ཀུན་བཟང་རྒྱལ་མཚན་ནི་སྤྱི་ལོ་༡༤༡༣ལོར་རྒྱལ་རོང་དུ་འཁྲུངས།༡༤༦༤་ལོར་སྨན་རིའི་གསེར་ཁྲིར་ཕེབས།༡༤༧༣ལོར་དགོངས་པ་རྫོགས་པར་༼གནའ་བོའི་ཞང་བོད་ཚིག་མཛོད་ལས་༽གསལ་ལོ། །

གོང་གི་ཞལ་གདམ་འདིས་ནི་བླ་མེད་རྫོགས་ཆེན་གྱི་རྣལ་འབྱོར་བ་ཞིག་བྱེད་པར་འདོད་པའི་གང་ཟག་ཡིན་ན། དེའི་ཐོག་མའི་བསམ་བློ་ཀུན་སྤྱོད་དང་ཆགས་ཞེན་སྤང་དགོས་ཚུལ། བར་དུ་འདོད་ཆུང་ཆོག་ཤེས་དང་། གནས་ལུགས་ཟབ་མོའི་དོན་ལ་ངེས་ཤེས། ཉམས་ལེན་འཕེལ་རྐྱེན་གྱི་ཐབས་ལམ། སྐྱིད་སྡུག་གང་བྱུང་ཡང་ཉམས་ལེན་གྱི་གྲོགས་སུ་འཁྱེར་ནས་སྡུག་དཀའ་ལས་རྒྱག་དགོས་ཚུལ། ཐ་མའི་འབྲས་བུ་ལུས་སེམས་བྲལ་བའི་དུས་སུ་གནས་ལུགས་མ་བུ་འཕྲོད་རྗེས་མཁྱེན་པའི་ཉི་མ་ཤར་ནས་བརྩེ་བས་སྐུ་གསུམ་གྱིས་འགྲོ་ལ་ཕན་བཏགས་དགོས་ཚུལ་སོགས་སྨོན་ལམ་གྱི་སྒོ་ནས་བསྟན་འདུག་པ་འདི་ནི། ཐ་སྙད་ཚིག་སྐམ་ལ་རེ་བའི་རྟོག་གེ་བ་དང་། བག་མེད་སྟོང་བཤད་ཅན་ཚིག་སྦྱོར་ལ་མཁས་པའི་གང་ཟག་གིས་རྩོམ་པ་ལྟ་བུ་ཞིག་མ་ཡིན་པར་དབྱངས་དང་བཅས་པའི་སྒོ་ནས་ཀློག་ཚེ་དད་མོས་དང་སྤྲོ་བ། བརྗོད་དོན་གྱི་བྲོ་མངར་སོགས་བྱིན་བརླབས་ཀྱི་ན་བུན་ཐིབས་སེ། སེམས་རྒྱུད་ལ་སྔར་མེད་ཀྱི་ཉམས་རྟོགས་སྐྱེ་ནུས་པ། བླ་མེད་རྫོགས་ཆེན་གྱི་གཞུང་ཆེན་རྣམས་ཀྱི་བསྟན་དོན་ཁོ་བོས་ལེགས་པོར་མི་ཤེས་ཀྱང་ཕར་ཆེར་འདིའི་ནང་མ་འདུས་པ་མེད་པར་བསྟན་པར་སེམས་སོ། །འདི་ནི་བོན་སྒོ་ཕྱི་ནང་གསང་གསུམ་གྱི་གཞུང་བཀའ་དང་བཀའ་རྟེན་སོགས་ལ་སྨོན་ལམ་མང་པོར་འདུག་ཀྱང་། གཞན་པའི་སྨོན་ལམ་མ་ཐོན་ན་འདི་གཅིག་པུ་བཏོན་ན་བྱིན་བརླབས་དང་ནུས་པ་ཕན་ཐོགས་ཆེ་བར་གདའོ། །

ཁྱུང་ཐོག་རྒོད་ནས་མཐུན་སྦྱོར་ཞུས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།