ཤར་རྫ་རི་ཁྲོད།

0
1982

རྩོམ་པ་པོ། ཁྱུང་ཁྲི་ལྡེ།

552086_345477142166839_790237223_n༄༅། །ཤར་རྫ་རི་ཁྲོད་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་ཚན་རྔུལ་རྫ་ཟལ་མོའི་སྒང་རྒྱུད། དེང་སང་ས་མཚམས་དབྱེ་ཚུལ་ལྟར་ན་སི་ཁྲོན་ཞིང་ཆེན་གྱི་ཁོངས་སྡེ་དགེ་རྫོང་ནས་འཕྲུལ་རྟ་ཉིན་ལམ་གཅིག་གི་ལམ། རྫ་ཁོག་གི་ཡུལ་གནས་ཆེན་གཡུང་དྲུང་ལྷུན་པོའི་ཞོལ་ལ་ཡོད། རི་ཁྲོད་དེ་ནི་ཀུན་མཁྱེན་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་དེ་ཉིད་བཞུགས་གནས་ཡིན་ལ། རི་ཁྲོད་དེ་ལ་གོང་འོག་བར་གསུམ་ཡོད། རི་ཁྲོད་གོང་མ་ལ་བདེ་ཆེན་རི་ཁྲོད་ཟེར་ཞིང་དེ་ནི་དུས་རབས་བཅུ་དགུ་པའི་ལྕགས་མོ་ཡོས་ལོ་སྤྱི་ལོ་༡༨༩༡ལོར་ཤར་རྫ་རིན་པོ་ཆེ་དགུང་ལོ་སོ་གསུམ་ཕེབས་སྐབས་ས་གནས་དེ་རུ་བྱོན་ནས་ས་གནས་དེ་ལ་སྔ་མ་བཀྲ་ཤིས་ཁྱུང་ལུང་ཞེས་ཟེར་བ་དེ་ལ་རི་ཁྲོད་ཕྱག་བཏབ་ནས་བདེ་ཆེན་རི་ཁྲོད་དྲང་སྲོང་རྒྱས་པའི་སྐྱེད་ཚལ་ཞེས་མཚན་གསོལ། དེ་ཁོང་གིས་ཐོག་མར་སྒོམ་སྒྲུབ་ཉམས་ལེན་མཛད་ས་དེ་ཡིན། ཪི་ཁྲོད་བར་མ་ནི་དགེ་ཐང་པད་མ་རྒྱས་པའི་དགའ་ཚལ་ཞེས་པ་དེ་ཡིན། དེ་ནི་ཆུ་མོ་བྱ་ཡི་ལོ་སྤྱི་ལོ་༡༩༣༣ལོར་ཀུན་མཁྱེན་འཇའ་ལུས་པ་མཆོག་དགུང་གྲངས་དོན་ལྔ་ཕེབས་སྐབས་གཏེར་ཆེན་གསང་སྔགས་གླིང་པས་རྗེ་བླ་མའི་བསྟན་པ་རྗེས་སུ་བཞག་སའི་སྒྲུབ་སྡེ་ཞིག་དགོས་པ་བཀས་བསྐུལ་བ་བཞིན་ཕྱག་བཏབ་སྟེ་ཁོང་གི་སློབ་མ་ལ་བོན་ཁྲིད་གནང་ས་དེ་ཡིན། རི་ཁྲོད་འོག་མ་ནི་རབ་ཞི་འོད་གསལ་ཐང་ཞེས་པ་དེ་ཡིན། དེ་ནི་སྤྱི་ལོ་༡༩༣༤ཀུན་མཁྱེན་འཇའ་ལུས་པ་དགུང་གྲངས་དོན་དྲུག་ལ་ཕེབས་སྐབས་རྗེ་ཉིད་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་གཤེགས་ས་དེ་ཡིན། དེའི་རྒྱལ་ཚབ་ནི་བློ་གྲོས་རྒྱ་མཚོ་ཡིན་ལ། ཁོང་གིས་རི་ཁྲོད་གོང་མ་ལ་ཐུན་བཞི་ཉམས་ལེན་གཙོ་བོར་གྱུར་པའི་སྒོམ་གྲྭ་གསར་འཛུགས་བྱས། རི་ཁྲོད་བར་མ་ལ་འཆད་ཉན་དང་བསྙེན་སྒྲུབ་གཙོ་བོར་བྱས་པའི་སྒྲུབ་གྲྭ་གསར་འཛུགས་བྱས། ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་ཁག་ཤིང་པར་བརྐོས་ནས་མདོ་དབུས་ཁམས་གསུམ་ལ་ཀུན་མཁྱེན་ཤར་རྫ་པའི་བསྟན་པ་རབ་ཏུ་དར། རྒྱལ་ཚབ་ཉིད་སྐུ་ཞི་བར་གཤེགས་རྗེས་མཁས་གྲུབ་རྫ་བླ་ཚུལ་ཁྲིམས་དབང་རྒྱལ་གྱིས་ལོ་ཁ་ཤས་ལ་སྒྲུབ་རྒྱུད་ཀྱི་བསྟན་པ་བསྐྱངས་མཐར་དུས་འགྱུར་ཚེས།རིག་གསར་རྗེས་སུ་བོད་ཆུ་སྦྲུལ་ལོ་སྤྱི་ལོ་ ༡༩༥༤ ལོར་ཁྱུང་བླ་གྲུབ་ཆེན་ཉི་མ་ཚུལ་ཁྲིམས་ཀྱིས་རྣལ་འབྱོར་པ་མཐུ་སྟོབས་རྣམ་རྒྱལ་རྒྱལ་ཚབ་བསྐོས་ནས་ཁོང་གིས་རི་ཁྲོད་ཉམས་གསོ་དང་ཤར་རྫའི་སྒྲུབ་གྲྭ་བསྐྱར་གསོ་མཛད། དེའི་རྒྱལ་ཚབ་རྟོགས་ལྡན་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་བསྐོས་ནས་ཁོང་དང་མཁན་པོ་རིག་འཛིན་དབང་རྒྱལ་གནམ་གཉིས་ཀྱིས་སྒྲུབ་རྒྱུད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པ་མ་ཟད། ད་ཆར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཁ་ཤས་གདན་འདྲེན་ཞུས་ནས་ཀུན་མཁྱེན་ཉི་མའི་སྡུད་གྲྭ་དང་རྗེ་ཡི་ཚད་མ་སོགས་སློབ་ཁྲིད་བྱེད་དེ་ཚད་མ་རིག་པའི་ལམ་ནས་ཀུན་མཁྱེན་ཤར་རྫའི་མཛོད་ཆེན་ལྔ་དེ་ལོ་ལྔའི་རིང་ལ་རྩོད་པའི་ལམ་ནས་སློབ་སྦྱོང་བྱེད་པའི་བཤད་སྒྲུབ་ཟུང་འབྲེལ་ལྟ་བུའི་ལམ་སྲོལ་བཙུག་སྟེ་ཀུན་མཁྱེན་འཇའ་ལུས་པའི་བསྟན་པ་འདི་ཉིད་དར་ཞིང་རྒྱས་པའི་སྐབས་ཡིན་པ་བཅས་ཀྱི་ངོ་སྤྲོད་སྙིང་བསྡུས་འདི་ཁྱུང་ཁྲི་ལྡེས་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུའི་རྩེ་ནས་བྲིས།། །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།