རང་འབྱུང་རིག་པའི་དཔའ་བོར་མཆོད་དོ། །

0
1997
དཔོན་གསས་བླ་མའི་ཞབས་ལ་གུ་དུན་ཧྲུན།

རྩོམ་པ་པོ། ཅོང་རི་དྲང་སྲོང་ཆེན་མོ་དགེ་བཤེས་གཡུང་རྒྱན་པ།

ཨཱ་རང་རིག་འཛིན་པ་བྲལ་བའི་ཀློང་ཆེན་ནས།།

རང་འབྱུང་ལྷུན་གྲུབ་འདུས་མ་བྱས་པའི་སྐུ།།

རང་གསལ་བླ་མ་སྨྲ་བའི་སེང་ཆེན་རྗེ།།

རང་ལུས་སྤྱི་བོའི་རྒྱན་དུ་གཤེགས་སུ་གསོལ།།

རང་སྣང་དག་པའི་ལུས་ངག་ཡིད་གསུམ་གྱིས།།

རང་གཞན་ཀུན་གྱི་སྒྲིབ་གཉིས་སྦྱོང་བའི་ཕྱིར།།

རང་ལུས་གུས་པའི་རྟུལ་ཤུགས་བརྐྱངས་ཕྱག་གིས།།

རང་འབྱུང་རིག་པ་གསལ་ཕྱིར་ཕྱག་འཚལ་ལོ།།

རང་གཞན་ཚེ་རབས་ནས་བསགས་བག་ཆགས་རྣམས།།

རང་སེམས་སྔར་གནོང་ད་འགྱོད་ཕྱིས་སྡོམ་སྟེ།།

རང་རིག་འཛིན་བྲལ་བླ་མར་སྙིང་ནས་བཤགས།།

རང་གཤིས་ཀ་དག་ཚངས་པའི་དངོས་གྲུབ་སྩོལ།།

རང་གདང་འོད་ལྔའི་འབྱུང་སྣང་ཕྱི་མཆོད་འབུལ།།

རང་ལུས་ཕུང་ལྔའི་གདོས་ལུས་ནང་མཆོད་འབུལ།།

རང་སེམས་དུག་ལྔའི་རྟོག་ཚོགས་གསང་མཆོད་འབུལ།།

རང་རིག་ཡེ་ལྔའི་ཡང་གསང་མཆོད་ཚོགས་འབུལ།།

རང་གསལ་དཀྱིལ་འཁོར་ཡོངས་རྫོགས་བླ་མའི་སྐུ།།

རང་འབྱུང་བོན་སྒོ་ཀུན་གྲགས་བླ་མའི་གསུང་།།

རང་རིག་འཁོར་འདས་ཀུན་གསལ་བླ་མའི་ཐུགས།།

རང་གྲུབ་ཡོན་ཏན་ཕྲིན་ལས་རྫོགས་ལ་བསྟོད།།

རང་འབྱུང་ཐུགས་རྗེའི་བཀོད་པ་བསམ་ཡས་པའི།།

རང་འཛིན་ཀུན་བྲལ་གཞན་ཕན་སྙིང་རྗེའི་ལས།།

རང་གཞན་དོན་གཉིས་ལྷུན་གྲུབ་མཛད་པ་ལ།།

རང་སེམས་གཡོ་མེད་དད་པས་རྗེས་ཡི་རངས།།

རང་སྣང་བདེན་མེད་སྟོན་པའི་མདོ་རྒྱུད་དང་།།

རང་ལུས་ལྷ་སྐུར་བསྒྱུར་པའི་གསང་བསྔགས་དང་།།

རང་རིག་ཀློང་ལ་ལྷུན་རྫོགས་ཡོངས་རྩེའི་བོན།།

རང་གསུང་བོན་སྒོའི་བཀའ་འཁོར་བསྐོར་དུ་གསོལ།།

རང་སེམས་དད་པའི་སྟོབས་བྱུང་བསྟོད་ཚོགས་འདིར།

ང་དག་དགེ་མཆིས་མཁའ་མཉམ་འགྲོ་ལ་བསྔོ།།

རང་རིག་བླ་མའི་བྱིན་རླབས་ཞུགས་ནས་ཀྱང་།།

རང་གཞན་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག།

   ཅེས་པའི་བསྟོད་ཚིག་ཡན་ལག་བདུན་པ་འདི་ནི། རྩ་བའི་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོ་ཤིན་ཏུ་དྲན་པའི་རྐྱེན་གྱིས་བསྐུལ་ནས་གར་བཙུན་གཡུང་རྒྱན་པས་ཅོང་རི་རུ་བྲིས་སོ།། །།

ཁྱུང་ཐོག་རྒོད་ཀྱིས་མཐུན་སྦྱོར་ཞུས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།