མཐོང་སྣང་གི་མྱོང་ཚོར་གླེང་བའི་ཁ་ད།

0
2034

 

རྩོམ་པ་པོ། སྨྲ་དབང་རིག་པའི་གོ་ཆ།

༡༽བཤེས་གཉེན་དམ་པ་བསྟེན་དགོས།

བོན་སྡེ་ཕྱི་ནང་གསང་གསུམ་གང་ལ་བལྟས་ནའང་། ཐར་པའི་ལམ་སྒོར་འཇུག་པར་དང་པོ་བླ་མ་མཚན་ལྡན་འཚོལ་དགོས་ཚུལ་དང་། དེ་རྙེད་ནས་བསྟེན་པ་གལ་ཆེ་ཚུལ་བཅས་གཞུང་སོ་སོ་ནས་བླ་མ་བསྟེན་ཐབས་རྣམ་པ་མང་པོ་ཞིག་གི་སྒོ་ནས་གསུངས་ཏེ་གཞུང་འགྲེལ་རྣམས་ཀྱི་གླེང་གཞིའི་ཁོག་ཕུབ་ཡོད།

སྤྱི་ཚོགས་ཀྱི་སེམས་ཁམས་ལ་དཔྱད་དགོས།

ཡིན་ནའང་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ཀྱི་འགྱུར་བབ་དང་ཚན་རིག་གི་འཕེལ་རྒྱས་བཅས་ཀྱིས་མི་ཡི་སེམས་ཁམས་ལ་ཁ་ལོ་སྒྱུར་བཞིན་ཡོད་པ་སྟེ། དེ་ཡང་འདྲ་མཉམ་ཞེས་པའི་མིང་ཚིག་ཅིག་ཁ་ལ་འཁྱེར་ནས་བཟང་ངན་དང་ལེགས་ཉེས། རྒན་གཞོན་དང་གོང་འོག་སོགས་ཀྱི་རིམ་པ་མི་དབྱེ་བ་དང་། དེ་བཞིན་ལྷན་སྐྱེས་སུ་མངའ་བའི་གང་ཟག་གི་བློ་སྒོ་གསལ་མིན་དང་འཇོན་ནུས་ཆེ་ཆུང་། རིགས་རྒྱུད་བཟང་ངན་བཅས་ལས་ཀྱིས་བཞག་པའི་སྣང་ཚུལ་དང་གྲུབ་ལུགས་ལ་བརྩི་འཇོག་ཇི་ལྟར་བྱེད་དེ་མི་བྱེད་པར་དེ་ལས་ལྡོག་སྟེ་དུད་འགྲོ་རྣམས་མི་ཡི་གོ་གནས་སུ་བཞག་ནས་ཁྱི་དང་བྱི་ལ་རི་བོང་སོགས་ཁང་པའི་རྩེ་ནས་འགྱིང་བ་ལ་ལེགས་གསོལ་གྱི་དགའ་འབོད་བྱེད་པའི་རྣམ་པ་ཞིག་ཆགས་ཡོད། སྤྱིར་ན་ཚན་རིག་པའི་ལྟ་ཚུལ་གྱི་སྒོ་ནས་བཤད་ན་སྲོག་ཆགས་ལ་མིའི་རིགས་དང་གཅིག་མཚུངས་ཀྱི་ཁེ་དབང་ལྡན་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་མི་དང་འདྲ་མཉམ་གྱི་ཀླད་པའི་བྱང་ཚད་མེད་ལ། རིགས་དང་སྐྱེ་བ་གྲུབ་ཚུལ་གྱི་ཁྱད་པར་ཡང་མི་དང་ཕན་ཚུན་མི་འདྲ་བ་ཡོད་པ་ནི་ཆོས་ལུགས་ཀྱི་ངོས་ནས་བཤད་ན་ཚེ་སྔོན་གྱིས་བཞག་པའི་ལས་རྒྱུ་འབྲས་དང་བསོད་བདེ་ཞེས་པར་ཐུག་ཡོད། རེད་དེ། ཁ་སང་དེ་རིང་གི་མི་རྣམས་ཀྱིས་དེ་འདྲ་ངོས་འཛིན་མི་བྱེད་པ་མ་ཟད་སངས་རྒྱས་ཀྱི་ཆོས་གཞུང་ཁག་ནས་གསུངས་པའི་ལས་དགེ་སྡིག་དང་། ཚེ་སྔ་ཕྱི་སོགས་མངོན་ལྐོག་གི་གནས་མང་པོ་ཞིག་ལ་ཡིད་ཆེས་ཀྱི་དད་པ་བརླགས་པ་དང་། དེ་བཞིན་ཆོས་ཀྱི་གནས་ལུགས་དེ་རིགས་ལ་སྦྱང་བརྩོན་གྱི་འདུན་པ་ཡང་རིམ་དང་ཁད་ཀྱིས་ཡལ་བཞིན་པའི་སྣང་ཚུལ་དུ་འདུག དེ་ལས་ལྡོག་སྟེ་འཇིག་རྟེན་བོན་བརྒྱད་ལ་བློ་ཁ་ལིང་གིས་ཕྱོགས་ནས་དཔལ་འབྱོར་གྱི་འདུ་རྒོད་དང་། གཏམ་སྙན་གྱི་གྲགས་པ། ཆེ་ཐོབ་ཀྱི་གོ་ས། རྙེད་བཀུར་གྱི་ངོམས་སོ་བྱེད་པ་བཅས་ལ་བདེ་སྐྱིད་དུ་ངོས་འཛིན་ནས་སངས་རྒྱས་ཀྱི་གཞུང་ལུགས་ལས་གསུངས་པ་ལྟར་གྱི་མུ་སྟེགས་ཆད་ལྟ་བའི་ལྟ་བའི་འདུ་ཤེས་དང་དུ་ལེན་བཞིན་པའི་གནས་ཚུལ་དུ་སྣང་། ད་དུང་དེང་གི་སྤྱི་ཚོགས་འདིར་སེར་མོ་བའི་སྡེ་མང་པོ་ཞིག་གིས་ཀྱང་སངས་རྒྱས་ཀྱི་ནབ་བཟའ་ལ་བརྟེན་ནས་མིང་འཚོལ་བ་དང་། ཆོས་མིན་ཆོས་དང་བོན་མིན་བོན་དུ་རློམ་ནས་བཀའ་ལ་ར་ཆོད་དང་ལུང་ལ་གྱུར་མིད་གཏོང་བཞིན་གསེར་དངུལ་གྱི་ཁྲི་ཡི་སྟེང་དུ་འཚང་ཀ་རྒྱག་ནས་ཆེ་དྲེགས་ཀྱི་མགོ་འཕང་སུ་མཐོ་དང་། གཡོ་སྒྱུས་ཁོག་པ་བཀང་ནས་སློབ་དཔོན་ཟོང་དུ་འཚོང་བ། གདམས་ངག་བོན་ཚོང་བྱེད་ནས་ནོར་གྱི་ཁེ་ཕན་ལེན་པ། རང་ཉིད་ཆེ་སར་འདོན་ནས་གཞན་ལ་སྡང་ཟུག་བྱེད་པ་བཅས་ཀྱིས་ཆོས་གཞུང་ཁག་ནས་གསུངས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་རྡོག་པས་བརྫི་བཞིན་པའི་གནས་སྟངས་སུ་མཐོང་།

༢༽སློབ་གསོ་གཉིས་གཞི་གཅིག་ཏུ་ངོས་འཛིན་མི་འོས།

དེ་ཡང་དགོན་སྡེ་གྲྭ་བཙུན་གྱི་སློབ་གསོ་དང་། སྤྱི་ཚོགས་ལས་རིགས་ཁག་གི་སློབ་གྲྭ་བའི་སློབ་གསོ་གཉིས་མཉམ་དུ་བསྲེ་བ་དང་། གཅིག་གྱུར་དུ་ངོས་འཛིན་གནང་མི་རུང་། དགོན་སྡེ་གྲྭ་བཙུན་གྱི་སློབ་གསོ་ནི་འདུལ་བའི་བཅས་ཁྲིམས་དང་དགོན་སྡེའི་བཅའ་ཁྲིམས་ཡིན་ཞིང་། དེ་ནི་བློ་ཁ་ནང་དུ་བསྐོར་ནས་ཉོན་མོངས་ཞི་བར་བྱེད་པ་དང་། རྒྱུད་དུལ་བར་བྱེད་པའི་སློབ་གསོ་ཞིག་ཡིན་པས་དུག་གསུམ་གྱིས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་ལས་སྤྱོད་གང་འདྲ་ཞིག་ཡིན་ཡང་དེ་དག་དགག་པ་དང་སྤོང་བར་བྱེད་པའི་སློབ་གསོ་ཞིག་ཡིན་པ་དང་། དེ་ལ་མི་མཐུན་ཕྱོགས་སྤོང་བའི་གཉེན་པོའི་ཐབས་ལམ་དུ་ཁྲིམས་ཉི་ཤུ་རྩ་ལྔ་དང་། ཉིས་བརྒྱ་ལྔ་བཅུ། སུམ་བརྒྱ་དྲུག་ཅུ་སོགས་རྣམ་གྲངས་མང་པོའི་སྒོ་ནས་སྲུང་ཁྲིམས་ཀྱི་ངོ་བོ་དང་སྤང་བླང་གི་རྣམ་བཞག་ཞིབ་ཏུ་ཕྱེས་ཡོད། ཕྱི་ཡི་ཀུན་སྤྱོད་ཀྱི་ཐོག་ནས་བཤད་ནའང་སྐྱེ་བོ་ཐ་མལ་བ་རྣམས་དང་མི་མཐུན་པའི་ཁྱད་པར་ཏེ། ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་རྩིང་བ་རྣམས་འདུལ་ནས་ཞིབ་པར་བྱེད་དགོས་པ་དང་། ཁྲུས་དང་གོས། མིང་སོགས་རྗེས་སྲུང་རྣམས་ལ་རྒྱུན་དུ་གནས་ནས་ཚངས་པར་སྤྱོད་པའི་སྤྱོད་ཚུལ་འཛིན་ཏེ། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་དང་། སྐལ་ལྡན་དྭང་བ་འདྲེན་པའི་དམིགས་རྐྱེན་དུ་བཀུར་བར་འོས་པ་ཞིག་དགོས་པ་ཡིན།

སྤྱི་ཚོགས་ལས་རིགས་ཀྱི་སློབ་གྲྭ་ཁག་གི་སློབ་གསོ་ནི་སྤྱིར་ན་བཟང་སྤྱོད་ཅེས་རྒན་ལ་གུས་བཀུར་དང་། གཞོན་ལ་བྱམས་སྐྱོང་། འདྲ་མཉམ་ལ་དྲང་ཐད་ཀྱི་ལྟ་བ་དང་སྤྱོད་པ་འཛིན་དགོས་པ་གཞིར་བཅས་མདོར་ན་འཇིག་རྟེན་པའི་སྣང་ངོར་འགྲོ་བའི་སྤྱོད་ཚུལ་གྱི་སློབ་གསོ་ཞིག་དགོས་པ་ཡིན་ན་ཡང་། དོན་དམ་དུ་འཇིག་རྟེན་བོན་བརྒྱད་ཀྱི་སེམས་ཁམས་ཀྱིས་ཟིན་པའི་སློབ་གསོ་དེ་མེད་ན་སྤྱི་ཚོགས་རྗེས་ལུས་དང་། མུན་འཐོམས། ཀླ་ཀློ་ཞེས་པ་སོགས་ཀྱི་མིང་གི་གདགས་གཞི་རུ་འགྱུར་འགྲོ་བར་ངོས་འཛིན་བྱེད་བཞིན་ཡོད། དེས་ན་འཇིག་རྟེན་པའི་སློབ་གསོ་ལ་དགོས་པ་ནི་ཆེ་ས་ནས་བསམ་ན་རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱའི་ཐོག་འགྲན་རྩོད་ཀྱི་ལྟ་བའི་འདུ་ཤེས་ཆགས་སུ་བཅུག་ནས་སྤྱི་ཚོགས་ལས་རིགས་ཁག་ལ་འཇོན་ཐང་ཞེས་པའི་ནུས་པ་འདོན་དུ་བཅུག་པའི་ཚུལ་ཞིག་དང་། ཆུང་ས་ནས་བསམས་ན་རང་གི་ལྟོ་གོས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་ནས་ཕྱུག་ལས་ཀྱི་ལྟ་བའི་འདུ་ཤེས་ཆགས་སུ་བཅུག་པའི་སློབ་གསོ་ཞིག་ཡིན། དེ་ཡང་ཤེས་བྱ་རེ་རེའི་ཤེས་ཡོན་གྱི་སློབ་གསོ་ནི་བཟང་ངན་ལེགས་ཉེས་གཉིས་རེ་བླང་དོར་དང་འདེམས་གསེས་བྱེད་བཞིན་སྤྱི་ཚོགས་ཀྱི་མདུན་ཕྱོགས་ནས་མདུན་ཕྱོགས་སུ་བསྐྱོད་དེ་གོང་འཕེལ་གྱི་ལྟ་བ་དང་དུ་ལེན་དགོས་པའི་སློབ་གསོ་ཞིག་ཡིན་ནའང་། དེ་དང་ལྷན་དུ་རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་བའི་གཏམ་སྙན་གྱི་གྲགས་པ་འཚོལ་བའི་འདུ་ཤེས་ཤིག་དང་། ང་རྒྱལ་དང་འགྲན་སེམས་གཉིས་ཀྱི་ནུས་པ་གོང་སྤེལ་བྱེད་བཞིན་པའི་རྣམ་པ་ཞིག་ཡིན་ནོ། །

༣༽ཆོས་ལུགས་ཀྱི་ལྟ་ཚུལ་ཤེས་དགོས།

ཡིན་ནའང་འཇིག་རྟེན་ལ་རྒྱབ་ཀྱིན་ཕྱོགས་ཏེ་ཐར་པ་ལ་བྲོད་པ་སྐྱེ་ནས་མ་ནོར་བའི་ལམ་ཞིག་བསྒྲུབ་པར་འདོད་ཚེ་འཁོར་བ་ལ་ཡིད་སུན་པའི་ངེས་འབྱུང་བཅོས་མིན་རང་རྒྱུད་ལ་སྐྱེ་དགོས་པ་དང་། དེ་ལ་བརྟེན་ནས་སྐྱབས་གནས་ལ་ཡིད་ཆེས་པའི་དད་པ་དང་།གཏན་གྱི་བདེ་གནས་འཚོལ་བའི་འདུན་པ། དཀོན་མཆོག་བློ་ཡིས་མི་གཏོང་བའི་སྐྱབས་སྡོམ། སངས་རྒྱས་ཀྱི་ཡོན་ཏན་རིག་པའི་ཤེས་རབ། འགྲོ་དྲུག་ལ་མ་ལྟར་བརྩེ་བའི་བྱམས་པ། གཞན་རྒྱུད་ཀྱི་སྡུག་བསྔལ་མཐོང་བའི་སྙིང་རྗེ། བླ་མེད་བྱང་ཆུབ་བསྒྲུབ་པའི་སེམས་བསྐྱེད། དགེ་ལ་ཡིད་གཞུང་བའི་སེམས་པ། མཆོད་སྦྱིན་ཚོགས་སུ་གཏོང་བའི་མཆོད་འབུལ་ལས་སོགས་གཞུང་གང་ལ་འཇུག་པའི་སྔོན་འགྲོའི་ཆ་རྐྱེན་རྣམས་ལ་ཐོག་མར་བློ་སྦྱོང་དགོས་པ་ནི་ཆེས་བདེ་སྐྱིད་ཀྱི་གཞི་རྩ་ཞིག་ཏུ་འདོད། ཚུལ་དེ་དག་ལ་བསྟེན་ན་རང་ཉིད་ཀྱི་རྣམ་རྟོག་དང་། མི་བདེ་བའི་མཚན་མ་ཞི་ནས་རང་གཞན་ཀུན་དགའི་དཔལ་ལ་སྤྱོད་ཐུབ་པ་དང་། རང་རྒྱུད་ལ་བསོད་ནམས་ཀྱི་བག་ཆགས་བཟང་པོ་ཞིག་ཀྱང་སྐྱེ་བར་འགྱུར། དེ་ལྟར་བོན་གཞུང་ཁག་ལས་གསུངས་པའི་ལམ་གྱི་གོ་རིམ་རྣམས་ཚང་ལ་མ་ནོར་བར་སྟོན་པའི་སྟོན་པའམ་སློབ་དཔོན་ནི་རང་ཉིད་ཐར་ལམ་འདྲེན་པའི་དེད་དཔོན་ཞིག་ཡིན་ཕྱིར་དེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཟུང་ནས་གོང་དུ་བཀུར་དགོས་པ་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་ཡ་རབས་ཀུན་སྤྱོད་ཀྱི་ཚད་དང་ལུགས་མཐུན་པ་ཞིག་ཡིན། དེ་ཡང་ལུང་ལས། བླ་མ་མེད་པའི་གོང་རོལ་དུ། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་དང་། བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ནས་བྱུང་། །ཞེས་པའི་ལུང་ཚིག་དེ་རྣམས་ཀྱིས་དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང་ཉོན་མོངས་སངས་བ་དང་། ཡེ་ཤེས་རྒྱས་པར་བྱེད་པའི་ལམ་གྱི་འགག་རྩ་དང་པོ་བླ་མའམ་སློབ་དཔོན་ལ་རགས་ལས་པ་དང་། དེ་ལ་བརྟེན་ནས་སྤང་རྟོགས་ཀྱི་ཡོན་ཏན་རང་རྒྱུད་ལ་ཐོབ་དགོས་པ་ལས་ཐབས་ལམ་གཞན་མེད་པར་གསུངས་པ་ཡིན། དེས་ན་བླ་མ་ལ་དད་པ་མེད་ན་ངོ་མཚར་གྱི་གདམས་པ་ཕ་ལ་ཡོད་ཀྱང་བུས་མི་ལོན་ཞེས་པའི་དཔེ་ལྟར་འགྱུར། དད་པ་དེ་རྒྱུད་ལ་ཡོད་ན་བླ་མ་ངན་ཀྱང་རྒྱལ་བས་དབྱིངས་ནས་གཟིགས་གསུངས་པ་ལྟར་རྒྱལ་བ་སྲས་བཅས་ཀྱིས་ཐུགས་རྗེས་མི་འདོར་བ་ཡིན་པར་གསུངས། ཡང་འགའ་ཞིག་གིས། མདོ་ལས་གསུངས་པའི་ལུང་ཚིག་སྟེ། “སློབ་དཔོན་ལྷ་ཡིས་བཀའ་བྱུང་ན། །དམྱལ་བར་སྤྱུགས་ཀྱང་བཟོད་དེ་མཆིས། །”ཅེས་པ་ལྟར་གྱི་ལུང་ཚིག་ཁ་ཡར་བ་རེ་ལ་བློ་རྩེ་ལིང་གིས་བཀལ་ནས་བྱ་བ་གང་ཞིག་ཡིན་ནའང་བླ་མའི་ཐུགས་དགོངས་དང་ཕན་གནོད་ལ་མི་ལྟོས་པར་གླེན་པས་རྡོ་སྲེག་སྤོང་བའི་གཏམ་རྒྱུད་ཉམས་སུ་ལེན་ནས་རང་གི་ལུས་ངག་ཡིད་གསུམ་བླ་མའི་ཆེད་དུ་རྡུལ་དུ་བརླགས་པ་ནི་ཆེས་མི་འོས་པ་དང་མི་འཚམས་པ་ཞིག་རེད་སྙམ། ཚུལ་དེ་འདྲ་ནི་བླ་སློབ་གཉིས་ཀྱི་མཚན་ཉིད་ཇི་ལྟར་དགོས་པའི་ཚུལ་ངོས་མ་ཟིན་པའི་སྐྱོན་ཞིག་དང་འཆད་ཉན་གྱི་བསླབ་བྱ་ལ་གཏིང་མ་ཚུགས་པའི་ངང་ཚུལ་ཞིག་ཀྱང་ཡིན་པར་གོ། དེས་ན་སྐྱོན་ཡོན་དང་སྤང་བླང་གོ་ལྡོག་མ་ནོར་བའི་སྒོ་ནས་ཚུལ་བཞིན་བླ་མར་བསྟེན་ཤེས་དགོས་པ་ནི་གལ་ཆེའོ། །

༤༽བླ་མའི་རྣལ་འབྱོར་ལ་བརྩོན་དགོས།

མཁན་སློབ་རྣམ་གཉིས།༡མ་རྒྱུད་ལམ་མངོན་སངས་རྒྱས་པའི་རྒྱུད། དེབ་ཤོག་ཨང་༥༥ལས། གསུམ་པ་རྩ་བའི་བླ་མ་རིན་པོ་ཆེ། །དབང་བསྐུར་ལུང་གི་བླ་མ་སྲོག་དང་འདྲ། །ངོ་སྤྲོད་རྒྱུད་བཀྲོལ་བླ་མ་སྙིང་དང་འདྲ། །གཞུང་འཆད་སློབ་གཉེར་བླ་མ་མིག་དང་འདྲ། །དངོས་གྲུབ་ལུང་བསྟན་བླ་མ་གོས་དང་འདྲ། །བཀའ་འབྲེལ་མོས་འདུན་བླ་མ་རྒྱན་དང་འདྲ། །ཞེས་རྩ་བའི་བླ་མར་རྣམ་གྲངས་ལྔ་རུ་མདོར་བསྟན་ཏེ་དེ་དག་དཔེ་ཡི་སྒོ་ནས་རང་ལུས་ཀྱི་མིག་སྙིང་སྲོག་གསུམ་ལྟ་བུ་གལ་ཆེ་ཚུལ་བསྟན་ཡོད། དེ་ལྟར་དཔོན་གསས་བླ་མ་དཀོན་པའི་མཆོག་ཡིན་པར་ཤེས་ནས་གདམ་ངག་དང་དུ་ལེན་དགོས་པ་ནི་བླ་མ་བསྟེན་པའི་དགོས་པ་ཡིན་ཏེ། མ་རྒྱུད་ལས། “བཀའ་རྒྱུད་བྱིན་རླབས་རང་གི་དད་པས་ལེན། །” ཞེས་སོ། །ཚུལ་ཇི་ལྟར་ཞེ་ན་བླ་མར་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ནས་དག་སྣང་སྦྱང་ཞིང་གཉན་པར་བཀུར་བ་དང་། གསོལ་བ་འདེབས་ནས་བླ་མའི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་རྣམས་རང་རྒྱུད་ལ་འཇུག་པའི་ཐབས་ལམ་ལ་བརྩོན་དགོས་པ་ཡིན། །དེ་ཡང་མ་རྒྱུད། དེབ་ཤོག་ཨང་༧༤ལས། “བླ་མར་སངས་རྒྱས་འདུ་ཤེས་མ་སྐྱེས་ན། །ཡི་དམ་དམིགས་པ་བསལ་ཡང་འདོད་བློ་ཡིན། །”ཞེས་དང་། མཚན་ལྡན་འདུལ་བ་རིན་པོ་ཆེའི་ཞལ་ནས། “དད་མོས་བྱིན་རླབས་ཀྱི་རྒྱུ་སྟེ། གསོལ་བ་མ་བཏབ་ན་རྒྱུད་ལ་གར་འཇུག།” ཅེས་དང་། “ལས་དང་པོའི་དགེ་སྦྱོར་ཕལ་ཆེར་དད་པ་མོས་གུས་ལ་བརྟེན་ནས་སྐྱེ་བ་ཡིན།”ཞེས་སོ། །དེ་ཡང་བླ་མ་ལ་དད་པས་བཀུར་བ་ནི་བླ་མའི་ཐུགས་ཟིན་པར་བྱེད་པའི་ཆེད་དམ་རང་གི་བསོད་ནམས་ཀྱི་ཚོགས་བསགས་པའི་ཚུལ་ཞིག་ཀྱང་ཡིན་པར་གསུངས་ཡོད།

སེར་ཕྲེང་།༡དེ་ལ་ཕྱི་ནང་གསང་གསུམ་གྱི་སྒོ་ནས་བཀུར་ཚུལ་རྣམ་པ་མང་པོ་ཡོད་པའི་ནང་ནས་རྫོགས་ཆེན་ཡང་རྩེ་ཀློང་ཆེན་ལྟར་བླ་མའི་སྐུ་བརྙན་ལ་བསྟེན་ནས་བཀུར་བསྟི་ཞུ་བའི་ཚུལ་ནི་འདི་ལྟར་ཏེ།  གཤེན་རབ་འོད་ཟེར་དཔག་མེད་ཀྱི་གདམས་པ་ལས། དེབ་ཤོག་ཨང་༢༣༡ལས། “དེ་ཡང་དང་པོ་བླ་མ་བསྒྲུབ་པར་འདོད་པས། རས་ཁ་ཚར་མ་ཉམས་པ་སོར་ཉི་ཤུ་རྩ་བཞི་པ་ཞིག་ལ། སྐར་མ་རྒྱལ་གྱི་ཉིན་པར་དབང་ཐོབ་པའི་བོན་རིགས་རི་མོ་མཁན་ཞིག་གིས། གོས་དམར་པོ་ཞིག་གྱོན། ཐོད་པ་མཚན་ལྡན་གླིང་གཅིག་པའི་ནང་དུ། བླ་མ་སྙ་ཆེན་པོའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་བྱ་བྲིས་ལ་དེ་ལྷ་རིས་པའི་སྙིང་ཁར་བཀབ། དེ་ནས་རས་ལ་ཨ་དང་། མ་དང་། ཨཱོཾ་ཨ་ཧཱུཾ་དང་ཧྲི་རྣམས་བྲིས་ལ། ག་བུར་དང་གླ་བ་གུར་གུམ་ལས་སོགས་དྲི་བཟང་པོ་བྱུགས་ལ། བླ་མའི་སྐུ་འབག་དང་བཅས་པ་སྒྲུབ་ཐབས་ལྟར་བྲི། ཉིན་གཅིག་ལ་ཚར་བ་གལ་ཆེ།” ཞེས་གཟའ་སྐར་དང་མཐུན་རྐྱེན་འཛོམ་པའི་རྟེན་འབྲེལ་ལ་བརྟེན་ནས་བླ་མའི་སྐུ་ཐང་བཞེངས་ཏེ་གདམས་ངག་དང་བྱིན་རླབས་ཀྱི་རྟེན་དུ་ཉར་ཚག་གནང་ནས་བཀུར་བསྟི་ཞུ་དགོས་པའི་གདམས་པ་བསྟན་ཡོད། སྐབས་འདིར་གདམས་ངག་འདིའི་ཆ་ཤས་ཉམས་སུ་བླངས་པའི་ཚུལ་དུ་ཡོངས་འཛིན་རྣམ་གསུམ་ལ་དད་དམ་གྱི་འབྲེལ་བ་ཐོབ་པའི་གྲོགས་པོ་ཞིག་གིས་ལོ་ཤས་སྔོན་ཕྲན་ལ་ཇི་ལྟར་བསྐུལ་མ་ཞུས་པ་ལྟར་ཡོངས་འཛིན་རྣམ་གསུམ་གྱི་སྐུ་ཐང་ཞིག་ཕན་ཚུན་འབྲེལ་མོལ་དང་འབད་བརྩོན་བརྒྱུད། དང་དོད་བྱས་ནས་བཞེངས་གྲུབ་འདུག་ནའང་། དེ་ལ་འགལ་རྐྱེན་གྱི་བར་ཆད་ཞུགས་ནས་ཁོ་བོའི་ལག་ཏུ་མ་ཐོབ་པས་གྲོགས་པོ་དེར་དངོས་སུ་འབུལ་བསྐུར་ཞུ་རྒྱུ་མ་རྙེད་ནས་ལུས། དེ་རྗེས་ཁྱད་མཚར་བ་ཞིག་ལ་སྐུ་ཐང་དེ་ཉིད་མ་བསམས་ས་ནས་རང་ལག་ཏུ་ལྷུན་གྱིས་གྲུབ་པའི་ཚུལ་དུ་ངང་གིས་བྱུང་སོང་བ་འདི་ནི་རང་གི་དད་བཀུར་ལ་ཡིད་ཆེས་ཀྱི་རེ་འབྲས་སྨིན་ཏེ་བྱིན་རླབས་ཀྱི་དངོས་པོ་དུས་སུ་བརྡོལ་བ་ཞིག་མིན་ནམ་སྙམ་སྟེ་བཤེས་གཉེན་བསྟེན་ཚུལ་མདོ་ཙམ་འདི་འཕྲལ་དུ་བྲིས་ཏེ་སྤེལ་བའོ།། །།

རྩོམ་འདི་ལོ་ཤས་སྔོན་༼ཁྱུང་ཆེན་རིག་པའི་གཤོག་རླབས་༽ཀྱི་དུས་དེབ་དུ་བཀོད།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།