སྟོན་པའི་འཁྲུངས་མཆོད་ཆེན་མོ།

0
4682

རྩོམ་པ་པོ། གངས་སེང་།

༄༅། །ཧོར་ཟླ་བཅུ་གཉིས་པ་འདི་བདག་ཅག་གི་སྟོན་པ་རྣམ་མཁྱེན་ཡང་དག་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་སྐུ་ཡི་འཁྲུངས་ཟླ་དང་། དེའི་ཚེས་བཅོ་ལྔ་ནམ་ལངས་ཡོས་ཀྱི་དུས་སུ་སྐུ་དངོས་སུ་བལྟམས་པའི་དུས་ཚིགས་ཁྱད་པར་འཕགས་པའི་ཉིན་དེ་མགོ་ཚུགས་པ་ཡིན། 
   དེའི་ཚུལ་ནི།  ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་བསྟན་རྩིས་ཀྱི་རྣམ་བཤད་མཐོང་བའི་དགའ་སྟོན་ནམ་དྭོགས་བསལ་པན་ཙ་ལི་ཀའི་ཆུན་པོ་ལས།  ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ།  ཟླ་བའི་དང་པོ་དཔྱིད་ཟླ་ར་བ།  མེ་སྟག་གི་ཟླ་བ།  ཞག་གི་སྙིང་པོ་ཚེས་བཅོ་ལྔ།  དུས་ཚོད་ཀྱི་དང་པོ་ནམ་ལངས་པ་དང་།  སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས་པ་ཡན་ཆད།  མདོ་རྒྱུད་མཐའ་དག་གི་དགོངས་པ་གཅིག་ཏུ་འདུས་པ་ཡིན་པས་སོམ་ཉི་དང་བྲལ་བ་ཡིན་ནོ།  །ཞེས་དང་།  ཡང་ཁོང་གིས་མཛད་པའི་སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ་ལས། ལོ་རྒྱལ་ཤིང་ཕོ་བྱི་བ་ཡི། དཔྱིད་ར་མེ་སྟག་ཟླ་ཚེས་༡༥ཀྱི། རྒྱལ་ཕུར་འཛོམས་པའི་ནམ་ལངས་ལ། འགྲོ་བ་རང་མཐུན་ཆ་ལུགས་སུ། མངོན་པར་བལྟམས་པ་ཕྱིན་གྱི་ལོ།  ཞེས་དང་། 
    མཁས་གྲུབ་ལུང་རྟོགས་རྒྱ་མཚོས་མཛད་པའི་བསྟན་འབྱུང་ཀེ་ཏ་ཀའི་དོ་ཤལ་ལས།  དེ་ནས་ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ་ལ་དགོངས།  ཟླ་བའི་རྒྱལ་པོ་དཔྱིད་ར་སྟག  སྐར་མའི་དང་པོ་རྒྱལ།  ཞག་གི་སྙིང་པོ་བཅོ་ལྔ།  དུས་ཚོད་ཀྱི་དང་པོ་ནམ་ལངས་ལ་དགོངས་ཏེ།  ཞེས་གསུངས་པས་མཁས་གྲུབ་རྣམ་གཉིས་ཀྱིས་སྟོན་པ་སྐུ་འཁྲུངས་པའི་དུས་གཟེར་འགྱུར་བ་མེད་པའི་གནད་ནི།  ལོ་ཤིང་ཕོ་བྱི་བ་དང་།  ཟླ་བ་དཔྱིད་ར་སྟག།  ཞག་གི་སྙིང་པོ་ཚེས་བཅོ་ལྔ།  རེས་གཟའ་ཕུར་བུ།  སྐར་མ་རྒྱལ་ལ་བཞེད་པ་དེ་ཡིན།  དེ་ནི་འགྱུར་བ་མེད་པའི་དུས་གཟེར་ཞིག་ཡིན་པའི་རྒྱུ་མཚན་ནི།  ལོ་གཅིག་ནང་ཟླ་བ་བཅུ་གཉིས་ཡོད་པའི་ནང་ནས་ཚེས་བཅོ་ལྔ་ལ་སྐར་མ་རྒྱལ་དང་རེས་གཟའ་ཕུར་བུ་འཛོམས་པའི་དུས་ཚོད་ནི།  བོན་པོ་རང་གི་ལུགས་ཐུན་མོང་མ་ཡིན་པའི་འབྱུང་རྩིས་ལ་གཞིར་བཞག་བྱས་པ་ཡིན་ན།  ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་མ་གཏོགས་ཟླ་བ་གཞན་གྱི་ཚེས་བཅོ་ལྔ་ལ་དེ་འདྲ་འབྱུང་བ་མི་སྲིད་པའི་གནད་དེ་ཡིན།  དེས་ན་ཧོར་ཟླ་བཅུ་གཉིས་པ་དེ་རྒྱལ་ཟླ་བ་དང་།  དེའི་ཚེས་བཅོ་ལྔ་དེ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་སྐུ་འཁྲུངས་པའི་དུས་ཚིགས་ཁྱད་པར་ཅན་ངོས་བཟུང་དགོས་པ་ཀུན་མཁྱེན་དང་མཁས་གྲུབ་རྣམ་གཉིས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན་འདུག་གོ།

འོ་ན་ཀུན་མཁྱེན་ཉི་མ་དང་མཁས་གྲུབ་ལུང་རྟོགས་རྒྱ་མཚོ་གཉིས་ཀྱིས་དེ་ལྟར་གསུངས་པ་དེ་ལུང་གང་ལ་གཞི་བཅོལ་ཡོད་ཅེ་ན།  དེ་ནི་བླ་ཆེན་དྲན་པ་ནམ་མཁས་མཛད་པའི་དྲང་དོན་མུན་སེལ་སྒྲོན་མ་དང་མཛད་མདོ་འབྲིང་པོ་གཟེར་མིག་གཉིས་ལ་གཞི་བཅོལ་ཡོད།  དེའི་ཚུལ་ནི།  དྲང་དོན་མུན་སེལ་སྒྲོན་མའི་གཤེན་རབ་མཛད་པ་མཐར་ཕྱུང་གི་གཟེར་བུ་ལས།  དེ་ཡང་ལོ་ཡི་དང་པོ་བྱི་བ།  ཟླ་བའི་དང་པོ་དཔྱིད་ཟླ་ར་བ།  ཞག་གི་དང་པོ་ཚེས་བཅོ་ལྔ།  སྐར་མའི་དང་པོ་རྒྱལ་གྱི་རུ་གོང་།  དུས་ཚོད་ཀྱི་དང་པོ་ནམ་ལངས་ལ་སྐྱེ་བ་བཞེས་པ་སྟེ།  ཞེས་དང་། 
   གཟེར་མིག་ལས། གཤེགས་པའི་དུས་ཚོད་ཀྱང་འདི་ལགས་ཏེ།  ལོའི་འགོ་བོ་བྱི་བ་ལ་དགོངས་ནས་གཤེགས་པ་ནི།  འཇིག་རྟེན་གྱི་ཁམས་སུ་མཛད་པ་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པས།  ནན་ཏན་གྱིས་སེམས་ཅན་འདུལ་ཞིང༌།  ཞིབ་ཏིག་གིས་བསྟན་པ་སྤེལ་བ་ལགས་སོ།  །ཟླ་བའི་འགོ་བོ་དཔྱིད་ཟླ་ར་བ་ལ་དགོངས་ནས་གཤེགས་པ་ནི།  ཟླ་བ་བཅུ་གཉིས་ཀྱི་འགོ་དཔྱིད་ཟླ་ར་བ་ལ་དགོངས་ནས་བྱོན་པ་ལགས་སོ།  །ཞག་གི་སྙིང་པོ་ཚེས་བཅོ་ལྔ་ལ་གཤེགས་པ་ནི།  སྔོན་གྱི་སྟོན་པ་རྣམས་གཤེགས་པའི་དུས་ཁྱད་པར་ཅན་གྱི་རྗེས་དང༌།  ཟླ་གསང་ཐིག་ལེའི་དངོས་གྲུབ་ནོད་པས་གཤེགས་པའོ།  །སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་གཤེགས་པ་ནི།  བདུད་ལྔ་དབང་དུ་བསྡུས་ཏེ་རྒྱལ་བ་དང༌།  འཇིག་རྟེན་ཟིལ་གྱིས་གནོན་ཏེ་རྒྱལ་བའི་ཕྱིར་རོ།  །ཞེས་གསུངས་པས་ལོ་ཟླ་ཞག་དེ་དག་ལ་བྱོན་པའི་དགོས་པ་དང་།  ལྷག་པར་སྐར་མ་རྒྱལ་ལ་སངས་རྒྱས་སྐུ་འཁྲུངས་དགོས་པའི་རྒྱུ་མཚན་དང་བཅས་པ་ཞིབ་ཕྲར་བཤད་དོ།  །

རྒྱལ་ཟླ་དཔྱིད་ར་བ་ཡིན་པའི་ཚུལ་ནི།  གཟེར་མིག་དེ་ཉིད་ལས།  མུ་ཁྱུད་བདལ་པའི་མཚོ་འགྲམ་དུ།  གཞི་བཙལ་གནས་ཀྱི་ཕོ་བྲང་ནི།  དཔྱིད་ཟླ་ར་བའི་བཅུ་བཞི་ལ།  སྐར་མ་དབང་བསྒྱུར་ལག་དུས་སུ།  །ས་བཟུང་ཀུན་ཀ་དེ་རུ་འཚོགས།  །དེ་ལ་ཀོང་ཙེས་ལན་གསོལ་པ།  །གཏོ་བུ་འབུམ་སངས་མཁས་པའི་མཆོག  །ཤིན་ཏུ་རྩུབ་པའི་བཤའ་ལག་ལ།  །ཞི་རྒྱས་མཆོད་པ་ཅང་རུང་ངམ།  །དྲག་པོས་སྲིན་པོ་བསྒྲལ་བའི་དུས་ལགས་ན།  །གཏོ་བུའི་ཐུགས་ལ་འཁྲུལ་བ་ཅང་སྲིད་དམ།  དེ་སྐད་ཅེས་ཀོང་ཙེས་གསོལ་པས།  དེ་ལ་ཡང་གཏོ་བུས་གསུངས་པ།  རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། དབང་སྒྱུར་ལག་འདི་བསྔགས་པ་ཡིན།  བཟང་ཡང་དབང་སྒྱུར་ལག་གིས་བཅོས་ཏེ།  ཡང་ཡང་མང་པོ་བཤའ་བ་ཡིན་ཏེ་ཟློས།  ངན་ཀྱང་དབང་བསྒྱུར་ལག་གིས་བཅོས་ཏེ།  ཡང་ཡང་མང་པོར་བཤའ་བ་ཡིན་ཏེ་ཟློས།  དེ་ཕྱིར་ལག་འདི་བཟང་ལ་ཡང་ཡང་ཟློས་ཏེ་འོང་བས་བསྔགས་པ་ཡིན།  དེ་སྐད་ཅེས་གཏོ་བུས་གསུངས་པས་ཀུན་ཀྱང་རྟོག་པ་ཚིམས།  དེ་རིང་བཅུ་བཞིའི་གདུགས་ལ་གཞི་བཟུང་ཡོ་བྱད་གསོག  ནངས་པར་བཅོ་ལྔ་རྒྱལ་ལ་མཆོད་སྦྱིན་རྒྱས་པར་འབུལ་བར་གཅད།  ཅེས་གསུངས་པས་དཔྱིད་ར་བའི་ཚེས་བཅུ་བཞི་ལ་སྐར་མ་ལག་དང་།  དེའི་ཕྱི་ཉིན་ཚེས་བཅོ་ལྔ་ལ་སྐར་མ་རྒྱལ་འབྱུང་བའི་དུས་ནི་ཧོར་ཟླ་བཅུ་གཉིས་པ་དེ་ཡིན་པས་ཟླ་བ་དེ་དཔྱིད་ར་ཡིན་པར་གསལ་པོར་གསུངས།  རྟ་པ་ཟླ་བའི་ཚེས་བཅུ་བཞི་ལ་སྐར་མ་ལག་དང་དེའི་ཕྱི་ཉིན་བཅོ་ལྔ་ལ་སྐར་མ་རྒྱལ་མི་ཁེལ་བ་འབྱུང་རྩིས་ལ་གོ་བ་ཡོད་ན་དེས་ཆོག་པས་མང་དུ་བཤད་མི་དགོས་སོ།  །

དེས་ན་ཧོར་ཟླ་བཅུ་གཉིས་པ་འདི་རང་ལུགས་འཁྲུལ་མེད་དཔྱིད་ཟླ་ར་བ་ངོས་འཛིན་དགོས་པ་མདོ་གཟེར་མིག་གིས་ཁ་གསལ་གོ་བདེ་བྱས་ནས་གསུངས་འདུག་པས་གཡུང་དྲུང་བོན་ལུགས་འཛིན་པ་ཀུན་གྱིས་ལུང་འདི་དང་འདི་འདྲ་ལ་ཡིད་རྟོན་བྱས་ནས་རྒྱལ་ཟླ་བའི་ཚེས་བཅོ་ལྔ་ལ་སྟོན་པའི་འཁྲུངས་མཆོད་ཆེན་མོ་ངོས་འཛིན་གནང་ཐུབ་ན་ཁུངས་ལུང་ཡོད་པ་ཞིག་དང་སྐལ་པ་བཟང་པོ་རེད་སྙམ།  དེ་མིན་སྔར་སྲོལ་ཡིན་ཞེས་བཤད་ནས་རྒྱུ་མཚན་མེད་བཞིན་དུ་རྟ་ཟླ་ལ་སངས་རྒྱས་འཁྲུངས་ཞེས་ཨུ་ཚུགས་བྱེད་པ་འདི་ནི་སངས་རྒྱས་ཀྱི་བཀའ་སྣང་མེད་དུ་གཡུགས་ནས་ཡུལ་ལུགས་ལ་མཁྲེགས་འཛིན་བྱེད་པ་ཙམ་ལས་གཞན་པའི་རྒྱུ་མཚན་གང་ཡང་མ་མཐོང་ངོ་།། །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།