སྟོན་པའི་དུས་ཆེན་ལ་ཕུལ་བའི་མཆོད་ཚིག་གི་ཕྲེང་བ། ༼སྟོད་ཆ།༽

0
2659

༄༅། །སྟོན་པའི་རྒྱལ་པོ་འཁོར་བ་འདྲེན་པའི་དཔལ། །མུན་པའི་ཚོགས་རྣམས་འཇོམས་བྱེད་སྒྲོན་མེའི་འོད། །མ་རིག་ནད་གདུང་སེལ་བ་སྨན་པའི་གཙོ། །མི་ཡི་མཆོག་ཏུ་གྱུར་བ་དམུ་ཡི་རྒྱལ། །དུག་ལྔའི་འདམ་དང་མཚོ་སྐེམ་མེ་ཆེན་དཔུང་། །མཚན་དང་དཔེ་བྱད་ལྡན་པའི་གཟི་འཕགས་པོ། །དཀའ་བ་སྣ་ཚོགས་དང་དུ་བླངས་ནས་ནི། །མཛད་པ་སྣ་ཚོགས་མཐར་རུ་ཕྱིན་མཛད་ཅིང་། །གཟིགས་ཚད་བཞི་དང་དགོངས་ཚད་དྲུག་གཉིས་ཀྱིས། །བྱམས་པ་ཆེན་པོས་འཁོར་བ་སྒྲོལ་མཛད་པའི། །གཤེན་རབ་སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ། །

    དེ་ཡང་དེ་རིང་ནི་བདག་ཅག་གི་འདྲེན་པ་ཆེན་པོ་སངས་རྒྱས་གཤེན་རབ་མི་བོ་མཆོག་སྐུ་སྐྱེ་བ་མི་རུ་བཞེས་ནས་ད་བར་བགྲང་བྱ་ ༡༨༠༣༣ འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཏེ་ལོ་གཅིག་ནང་གི་བཅོ་ལྔའི་རྒྱལ་གྱི་ཉ་རུ་ཁེལ་ཡོད་པར་བརྟེན་ངེད་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པ་ཐུན་མོང་གིས་མཆོག་ཏུ་དགེ་བའི་དུས་བཟང་འདིར་སངས་རྒྱས་གཤེན་རབ་མི་བོའི་མཛད་པ་རྗེས་སུ་དྲན་པའི་མཆོད་ཕྲེང་མེ་ཏོག་གི་འབུལ་ཚན་ཞིག་གཉེར་སྐྱོང་བྱེད་བཞིན་ཡོད་པ་ལྟར་ཕྱོགས་བཞུགས་མཁས་དབང་རྣམས་དང་། བླ་སྤྲུལ་དགེ་བཤེས། དེ་བཞིན་རྩོམ་པ་པོ་ཤེས་ལྡན་མི་ཉུང་བ་ཞིག་གིས་སྟོན་པའི་འཁྲུངས་མཆོད་ཆེན་མོར་སྲུང་རྩི་ཞུ་བའི་མཆོད་ཚིག་མེ་ཏོག་ཚོམ་བུ་རེ་གནང་འབྱོར་བྱུང་བ་ལྟར། རིམ་པས་ངེད་ཚོར་ལག་སོན་བྱུང་རིམ་དང་བསྟུན་བང་རིམ་བསྒྲིགས་ནས་འདི་རུ་རྒྱ་ཆེའི་ཤེས་ལྡན་པའི་ཚོགས་ཀྱི་མདུན་སར་མཆོད་སྤྲིན་དུ་བཤམས་པ་ལགས། ད་སྔོན་ངེད་ཚོས་དུས་ཐུང་ནང་འབྲེལ་གནས་ཁག་རེ་ཤས་ལས་རྩོམ་བསྐུལ་ཞུས་མེད་ཀྱང་དེ་རིང་འདི་རུ་རྩོམ་ཡིག་སླེབས་གྲངས་མི་ཉུང་བ་ཞིག་ཡོང་བཞིན་འདུག་པས་ངེད་ཚོས་ལྟ་ཀློག་བདེ་ཆེད་རྩོམ་རྣམས་དུམ་བུ་གཉིས་སུ་བགོས་ནས་སྟོད་ཆ་དང་། སྨད་ཆའི་སྡེ་ཚན་གཉིས་སུ་ཕྱེས་ཡོད། དམིགས་བསལ་མཁྱེན་དགོས་པ་ཞིག་ལ་ད་སྔོན་དུས་ཆེན་འདི་དང་འབྲེལ་བའི་མཆོད་ཚིག་གནང་མཁན་རྣམས་ཀྱིས་ཇི་ལྟར་རྩོམ་བསྐུར་གནང་བ་དེ་ལྟར་ལས་ངེད་ཚོས་བཅོས་བསྒྱུར་དང་སྣོན་འཕྲི་གང་ཡང་བྱས་མེད་ཅེས་ཞུ་རྒྱུ་མ་ཟད་འདི་ལྟར་ལེགས་རྩོམ་གནང་མཁན་ལྷན་རྒྱས་ལ་ཤིན་ཏུ་ཐུགས་རྗེ་ཆེ་ཞུ། ད་དུང་དེ་མཚུངས་ཕྱོགས་ཀྱི་ཤེས་ལྡན་པ་སུ་ཡིན་ཡང་རྒྱལ་ཟླ་བ་འདིའི་མཇུག་མ་རྫོགས་བར་སངས་རྒྱས་ཀྱི་མཛད་པ་ལ་ཕུལ་བའི་ལེགས་རྩོམ་གནང་མཁན་ཡོད་ཚེ་ངེད་ཚོས་རིམ་འགོད་དང་དགའ་བསུ་ཞུ་རྒྱུ་བཅས།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པ་ཐུན་མོང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༠༡ ཚེས་ ༢༣ ཉིན་ཕུལ།

༼སྟོད་ཆ།༽

རྫོགས་པའི་སངས་རྒྱས་གཤེན་རབ་མི་བོའི་མཛད་རྣམ་རྗེས་སུ་དྲན་པའི་མཆོད་སྤྲིན།

ཁྱུང་གི་ཤེས་རབ།

༧ མྱ་ངན་འདས་ལ་བདེར་གཤེགས་ནས། གཞན་གང་དེ་རུ་འགོད་པ་ཡིས། ཐུགས་བསྐྱེད་ཟབ་མོའི་རྟེན་འབྱུང་ལས། སྐལ་ཆེན་སྟོན་པའི་སྒྲོན་མེ་འབར། ལྷ་ཀླུ་མི་ཡི་ཆེ་གཉན་ཀུན། རྒྱལ་གྱི་རུ་བ་གོང་མའི་མཚེར། སྐུ་མཚན་མཐོང་གྲོལ་རིན་པོ་ཆེ། ཕེབས་བསུ་བྱ་བའི་བསོད་ནམས་སྒྲུབ། འོལ་མོའི་གླིང་ལ་ཐུགས་གཏད་ནས། སོ་བརྒྱད་མཁར་ལ་སྐུ་འཁྲུངས་ཤིང་། ཤམ་པོ་ལྷ་རྩེར་བཀོད་པ་མཛད། སྒོ་བཞི་མཛོད་ལྔའི་འཕྲིན་ལས་འགྱེད། དེའི་ཚེ་དེ་ཡི་དུས་ཤེད་ན། རྒྱལ་བཞེད་ཡུམ་གྱི་འདི་ལྟར་བསྟོད། ༼ལེགས་སོ་ལེགས་སོ་རྒྱལ་བའི་སྐུ། ཤིན་ཏུ་ལེགས་སོ་སྲིད་པའི་འཕྲུལ། ལོ་ལ་དགོངས་པ་བྱི་བ་སྟེ། མཛད་པ་དྲུག་ཅུ་མཐར་ཕྱིན་འགྱུར། ཟླ་བ་དཔྱིད་ཟླ་ར་བ་ཡིས། ཟླ་བཅས་བདུད་དཔུང་འདུལ་བར་བྱེད། སྐར་མའི་དམ་པ་རྒྱལ་གྱི་ནི། བདུད་ལྔ་དབང་དུ་སྡུད་པར་ངེས། དེ་དག་འདུལ་དབང་ཁྱེད་ལྟ་བུ། མཚན་བཟང་ལས་སྐྱེད་སངས་རྒྱས་ནི། ཐོག་མེད་ལྕགས་ཀྱི་ཕྲིན་ལས་བསྒྲུབས། སེ་མོ་བསེ་འདྲ་ལས་སྤྲུལ་པའི། དབལ་གྱི་རྒྱལ་པོ་ལ་ཕྱག་འཚལ། སྐལ་པའི་མེའི་བསྒྱུར་བསྲིད་པ་སྐྱེད། གསང་གནས་སྦུབས་ནུབ་ལས་སྤྲུལ་པ། སྲིད་པའི་མུ་རྟེན་ལ་ཕྱག་འཚལ། འདེགས་པའི་ཤིང་གིས་ཀུན་གནས་བརྟེན། བོལ་གྷོ་འབུར་འཕང་ལས་བསྐྱེད་པ། སྟོབས་ཆེན་སྟག་འགྲོས་ལ་ཕྱག་འཚལ། གསོ་བའི་ས་ནི་ཡོངས་ཀྱི་ཟས། ཨེ་ན་ཡ་འདྲ་ལས་བསྐྱེད་པ། ལེགས་བྱིན་རྒྱལ་པོ་ལ་ཕྱགས་འཚལ། བརྩེགས་པའི་ལྕགས་ནི་རྩལ་ལྡན་པོ། འཁྲིལ་ལྡེམ་བརྗིད་བག་ལས་སྤྲུལ་པ། སྐུ་ཡི་མཚན་རྟགས་ལ་ཕྱག་འཚལ་ལོ། མདངས་འབྱིན་མེ་ནི་དབྱིངས་ལ་རྒྱས། དབུ་སྐྲ་ཨུད་དཔལ་ལས་སྤྲུལ་པ། དབུའི་མཚན་རྟགས་ལ་ཕྱགས་འཚལ། བདེ་ཚོར་ཆུ་ནི་གཏིང་དཔག་ཆེ། སྤྱན་མིག་སྐར་ཆེན་ལས་སྤྲུལ་པ། སྤྱན་གྱི་རྟགས་ཅན་ལ་ཕྱག་འཚལ། བསྒྲོད་པའི་ས་ནི་ཐམས་ཅད་ལམ། གླང་ཆེན་འགྱིང་འདྲ་ལས་སྤྲུལ་པ། ཞབས་ཀྱི་མཚན་རྟགས་ལ་ཕྱག་འཚལ། ནམ་མཁའི་ལྕགས་ནི་སྒྲ་བོ་ཆེ། གསུང་གི་འབྲུག་སྒྲ་ལས་སྤྲུལ་པ། གསུང་གི་མཚན་རྟགས་ལ་ཕྱག་འཚལ། བསྐྱེད་པའི་ཤིང་ནི་ཕན་པ་ཆེ། ཕྱག་ཞབས་འཁོར་ལོ་ལས་སྤྲུལ་པ། ཕྱག་གི་མཚན་རྟགས་ལ་ཕྱག་འཚལ། སྨན་གྱི་ཆུ་ཡི་བསོད་ནམས་རྒྱས། མགུར་གྱི་བུམ་པ་ལས་སྤྲུལ་པ། མགུར་ལྷ་བྱང་ཡུག་ལ་ཕྱག་འཚལ། བརྟན་པའི་ས་ནི་མཆོད་པའི་རྟེན། དབུ་ཡི་བུམ་པ་ལས་སྤྲུལ་པ། ཚངས་པ་གཙུག་ཕུད་ལ་ཕྱག་འཚལ། སྒྲོལ་བའི་མེ་ནི་འབྱུང་འཇུག་མང། པུས་མོ་གཤང་འདྲ་ལས་སྤྲུལ་པ། ཚིག་ལྷ་གྱུར་བུ་ལ་ཕྱག་འཚལ། བསྲིད་པའི་ཤིང་ནི་སྐྱེས་ནས་འགལ། ལྟེ་བའི་སྦུ་གུ་ལས་སྤྲུལ་པས། བསྲིད་ལྷ་འོད་ཆེན་ལ་ཕྱག་འཚལ། སྦུབ་སེལ་ཆུ་ནི་རྣམ་སྣང་འཛག། ཤངས་ཀྱི་ཐོམ་སྒོ་ལས་སྤྲུལ་པ། ཤངས་ལྷ་རུམ་པོ་ལ་ཕྱག་འཚལ། ཚོར་བྱེད་ལྕགས་ནི་གཉིས་བྲལ་འགྲོགས། སྙན་གྱི་གྲོ་ག་ལས་སྤྲུལ་པ། སྙན་ལྷ་ཧོ་སངས་ལ་ཕྱག་འཚལ། བདེ་སྐྱེད་མེ་ནི་གཞན་དོན་མཛད། ལྗགས་ཀྱི་དབང་པོ་ལས་སྤྲུལ་པ། གནམ་གྲགས་ངར་ཆེན་ལ་ཕྱག་འཚལ། བསྐྱེད་པའི་ཤིང་ནི་རྒྱས་ན་བྲལ། རྫི་མ་ཁྲ་གཤོག་ལས་སྤྲུལ་པ། རྫི་ལྷ་ཡིད་མགྱོགས་ལ་ཕྱག་འཚལ། སྐྱོབས་པའི་ས་ནི་གཞན་གྱིས་དབང་། ཡན་ལག་དབང་པོ་ལས་སྤྲུལ་པ། སྟོབས་ཆེན་རྒྱལ་པོ་ལ་ཕྱག་འཚལ། འདུལ་བྱེད་ལྕགས་ནི་ཚ་གྲང་མང་།ཚེམས་ཀྱི་དབང་པོ་ལས་སྤྲུལ་པས། ཟ་བྱེད་རྒྱལ་པོ་ལ་ཕྱག་འཚལ། བག་སྡུད་མེ་ནི་གཉེན་པོས་འཁོར། ཡ་མཆུ་ཆགས་གདབ་ལས་སྤྲུལ་པ། ལྟེ་རྒྱས་བྱིན་ཆེན་ལ་ཕྱག་འཚལ། ནམ་མཁའི་ཆུ་ནི་གཡོ་འཁྲུག་མང་། ལྗགས་ཀྱི་མཆིལ་མ་ལས་སྤྲུལ་པ། སྐྱི་འདང་མི་ཕུད་ལ་ཕྱག་འཚལ། ཤོང་ཡང་པ་ནི་འཇིགས་པ་མེད། སྐུའི་དབང་པོ་ལས་སྤྲུལ་པ། གཡུང་དྲུང་སྐོས་འཛིན་ལ་ཕྱག་འཚལ། གཅོད་བྱེད་ལྕགས་ནི་རང་གཞན་འཇོམས། ཨོག་སྐོ་ཟླ་གམ་ལས་སྤྲུལ་པ། སྔགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ། སྲོག་འཛིན་ཤིང་ནི་རྒྱས་པ་སྟེ། སྟབས་ལེགས་ངང་པ་ལས་སྤྲུལ་པ། དྲང་སྲོང་རྒྱལ་བ་ལ་ཕྱག་འཚལ། རྒྱུ་མེད་ཆུ་ནི་རང་དབང་མེད། ཞབས་ཀྱི་དབང་པོ་ལས་སྤྲུལ་པ། རྒྱལ་བ་སྟོབས་ཆེན་ལ་ཕྱག་འཚལ། ཀུན་འབྱུང་ས་ནི་ཀུན་གྱིས་གསོས། སྐུ་ཡི་ནུ་མ་ལས་སྤྲུལ་པ། སྲིད་པའི་ལྷ་མོ་ལ་ཕྱག་འཚལ། མུན་སེལ་མེ་ནི་སྒྲོན་མ་འདྲ། སྐུ་ཡི་གཟི་མདངས་ལས་སྤྲུལ་པ། གསལ་བ་འོད་ལྡན་ལ་ཕྱག་འཚལ། སྦུབ་སེལ་ཤིང་ནི་གཡོ་ཞིང་བསྐྱོད། གསང་པོའི་མཁའ་ལྔ་སྤྲུལ་པ་སྟེ། བསྐྱོད་པའི་འཁོར་ལོ་ལ་ཕྱག་འཚལ། ཟད་མེད་ཆུ་ནི་རྒྱ་ཆེའི་ཀླུང་། གཟི་མདངས་ཁྲག་ལས་སྤྲུལ་པ་ཡི། གནམ་གྲགས་ངར་ཆེན་ལ་ཕྱག་འཚལ། དེ་སྐད་ཡུམ་གྱིས་བསྟོད་པའི་ངག། ཀུན་འབུམ་ཁྲ་བོའི་དབུ་ལས་སོ།། ༽ སྐྱེ་དགུའི་མངའ་བདག་བཅུ་གསུམ་གཙོས། འབྱུང་བའི་ཁམས་ལ་མངའ་དབང་ཚོའི། དྲེགས་ལྡན་རལ་པའི་ལྗོན་པའང་། གང་སྐུའི་མདུན་ན་ལྷག་པར་སྨད། གླིང་ལྔའི་ཁྱོན་ལ་དབང་སྒྱུར་བའི། སྟོན་དང་བསྟན་པ་བསམ་ཡས་ཀྱང། མ་རིག་དྲུང་ནས་བཅིལ་བའི་ཐབས། སྟོན་འདིས་ཁྱེད་དང་མ་མཚུངས་སོ། གང་ལྟར་བརྟག་པ་དེ་སྣང་དུ། སྟོང་པའི་རྟེན་ཅིང་འབྲེལ་འབྱུང་དུ། ཆེ་བའི་ཡོན་ཏན་ངེས་པས་ན། འདུལ་ཐབས་བྱེ་བྲག་བསམ་མི་ཁྱབ། ང་སོགས་ཚུར་མཐོང་བྱིས་པའི་མིག། ཇི་ཙམ་བགྲུང་བར་བལྟས་བྱས་ཀྱང་། ཁྱེད་ཀྱི་རྣམ་འགྱུར་ཆ་རེའང། བློ་ཡི་མདུན་དུ་མི་གནས་ན། ཐུགས་ཀྱི་མཐིལ་དུ་འཆག་པ་ཡི། གསང་བ་བསམ་གྱི་མི་ཁྱབ་པ། ཇི་ལྟར་མཐོང་བའི་སྐལ་པ་ཡི། འཕོངས་བར་མཐོང་ཕྱིར་ཤིན་ཏུ་སྐྱོ། དེང་དུས་བསམ་བརྗོད་ཐལ་ཆེ་བ། ཡིན་མིན་མཚན་མ་སྣ་ཚོགས་པས། གང་དག་ཚོན་དང་ཆག་འོག་ཏུ། མཇལ་བའི་ཚུལ་ལས་མྱོས་པ་སུ། དངོས་པོའི་གནད་ལ་ཐོད་གཏུག་ཅིང་། བདེན་པ་མངོན་དུ་སྟོན་མཛད་པར། ལྷ་བོན་སྒོ་བཞིའི་འཕྲིན་ལས་ཀྱི། འགྲོ་བའི་ཁ་ལོ་གྱེན་དུ་སྒྱུར། ཁྱེད་མཚན་རྣ་བར་མི་སྙན་ཡང་། བསྟན་འདི་གཤིས་དང་འདྲེས་སོང་བ། བསིལ་མོའི་ལྗོངས་ཀྱི་འགྲོ་བ་ལ། སྐྱོ་དང་མཚར་བའི་གནས་མང་ངོ་། གངས་ཀྱི་རི་བོའི་གདགས་སྲིབ་ཏུ། ཁྱེད་ཀྱི་བསྟན་པའི་མདོ་འཛིན་པ། སྲིད་པའི་གྲོང་གི་བོན་རྒན་རྣམས། གསང་འདུས་གཤེན་གྱི་གདུང་སོབ་ཡིན། གཞན་རྒྱུད་འཁྱོག་པོ་འདུལ་ཐབས་སུ། རང་རྒྱུད་མདུང་ལྟར་དྲང་སྲོང་བས། གཉིས་བརྒྱ་སུམ་བརྒྱའི་རྣམ་གྲངས་ཀྱིས། ཐ་མལ་གནས་ལས་རབ་ཏུ་སྡོམ། བདེ་སྡུག་རྩ་བ་རང་གི་སེམས། ཡན་པར་འཁྱམས་སུ་མི་འཇུག་པར། རྩ་ལག་ཁྲིམས་ཀྱི་རབ་ཏུ་གཅུན། དགེ་དྲང་ཐེག་པའི་བཅའ་བ་མཛད། རྩ་ཡི་ལམ་ལ་རླུང་དང་ལྷན། རྒྱུ་བའི་རྣམ་པར་ཤེས་པའི་ཁམས། ཏིང་འཛིན་གསུམ་གྱིས་བཙོ་སྦྱང་མཐར། གཤིས་ཀྱི་ཡིན་ལུགས་ལྷང་ལ་ཕུད། སྣང་སྲིད་སེམས་སུ་དག་པའི་ཀློང་། མཁའ་ཀློང་དབྱིངས་ཀྱི་ངོ་བོ་རུ། སྣང་ཞེན་དེ་རུ་རྒྱས་གདབ་པའི། ཡེ་གཤེན་ཐེག་པའི་འཕྲིན་ལས་གདལ། སྦྱང་དང་སྒྱུར་བ་དྲི་མའི་ཚོགས། སེམས་ཀྱི་གཤིས་སུ་མ་དམིགས་པས། བླ་མེད་ཐེག་པའི་སྐད་དུ་ན། ཀ་དག་ཅེས་པའི་གསང་མཚན་གསོལ། འབྲས་བུའི་རྟགས་ཆེན་བཅུ་གཅིག་སོགས། གང་དག་ཐོབ་བྱར་གྱུར་པ་ཀུན། བྱས་དང་རྩོལ་བའི་འདུ་བྱེད་ལས། ཤིན་ཏུ་འགལ་ཕྱིར་ལྷུན་འགྲུབ་བོ། ཨེ་མ་ངོ་མཚར་རྨད་དུ་བྱུང་། སོང་ཉིན་ནམ་ལངས་ཉི་ཤར་སྐབས། ལྷ་ཀླུ་མི་དང་བཅས་པ་ཡིས། བསོད་ཚོགས་གསོག་ལ་རྗེས་ཡིད་རངས། དུས་སྟོན་བསུ་བའི་མངོན་རྟགས་སུ། ཁྱེད་གསུང་ཆ་ཤས་ཙམ་དྲན་པ། གནམ་བདེ་སྒོ་མོའི་ཐང་ཟུར་ནས། ཁྱུང་གི་ཤེས་རབ་མིང་དེས་འདེགས།

༧ མ་རིག་འཁོར་མུན་སེལ་བའི་ཉི་མ་དང་།། སྡུག་སྔལ་སྐོམ་སེལ་བགས་ཆགས་འཁྲུ་བའི་ཆུ།། ཕན་བདེའི་འབྱུང་གནས་བསམ་འཕེལ་ཡི་བཞིན་དབང་།། དམུ་སྲས་བླ་མ་ཚེ་རབས་གཏན་གྱི་སྐྱབས།།

དགེ་མིང་བསོད་ཚུལ་པས། ༢༠༡༦_༡_-༢༢ ཉི་ཤར་དུས་སུ་བྲིས།

སྲིད་པ་ཧྲལ་བའི་མྱི་བོ།

རྟོག་རླུང་།   《སྤུ་རྒྱལ་རིག་སློབ་ཁང་།》

༧ རྨོངས་རིགས་འདུལ་ཕྱིར་རིག་བྱེད་འོད་སྟོང་འབར།། འཕྲུལ་གྱི་གླེགས་བམ་རིག་པའི་ཚལ་དུ་བསྐྱེད།། བུ་སློབ་ཁྲི་འབུམ་འཇའ་ལུས་འོད་དུ་གཤེགས།། སྐྱེས་ཆེན་མི་བོ་སྤྱི་བོའི་རྒྱན་དུ་ལོངས།། ༧ གྱེར་སྒོ་བརྒྱད་ཁྲི་བཞི་སྟོང་ཐུགས་ལ་གསལ།། དྲང་ངེས་ཐེག་པ་དགུ་བོ་ཕྱག་ན་བསྣམས།། སྲ་མཁྲེགས་གྱོང་གྱོང་འདྲ་བའི་སྲིད་པའི་གྲོང་།། ཐུགས་ཉིད་འགུལ་ཐེངས་ཤིག་གིས་ཧྲལ་གྱིས་གཤགས།། ༧ མི་མངོན་གསེར་ཞག་འཕྱུར་བའི་ཞིང་ཁམས་ནས།། དྲི་བྲལ་དར་དཀར་དགུ་ཡིས་ཡུ་བ་འཐེན།། དུག་ལྔས་གཟེར་བའི་བྱིའུ་ཆུང་བགྲང་ཡས་ཤིག། ངེས་འབྱུང་གཤོག་བཙུཊ་མཁའ་རུ་ཝལ་གྱིས་སྤུར།། ༧ ཐར་མེད་བདུད་ཀྱི་འཁོར་བའི་བཙོན་ར་ལས།། མ་རིག་དུག་ལྔས་འདྲེན་པའི་ནད་རོ་ཡིས།། འགྲོ་ཀུན་མནར་བ་སྤྱན་གྱིས་མངོན་གཟིགས་ཏེ།། རབ་མཆོག་གསོ་འབུམ་ཟུང་གཉིས་ས་ལེར་བཞེངས།། ༧ རྣམ་དཀར་པད་མོའི་ཕྲིན་ལས་ཕྱོགས་བཅུར་རྒྱས།། ཟབ་ཡངས་རྟོགས་པའི་ཉིང་དགོས་མཐར་ཐུག་ནས།། འགྲོ་དོན་ཕྱོགས་མེད་འདུལ་བའི་ཤེས་རབ་སྟེ།། སྤྲུལ་པའི་སྐུ་ཡིས་ལུས་ཅན་ཞི་ལ་ཕབ།། ༧ བསླབ་པ་གསུམ་གྱི་དམིགས་པའི་ཉེར་འབྲས་སུ།། ཚངས་པའི་སྐུ་ཡི་བསུང་ངད་ལྡང་བར་བྱེད།། སེམས་ཅན་དགོས་འདོད་འཇོ་བའི་ནོར་བུ་སྟེ།། འགྲོ་བའི་དཔྱིད་དུ་ཉི་གཞོན་ནམ་ཡང་འཆར།།བསྐལ་པའི་སྟོན་པ་གཤེན་རབ་མི་བོ།

རླུང་བུ།

༧ གངས་རིའི་ལྗོངས་སུ་བསིལ་བའི་འོད་ཅིག་འཕྲོས། །གདོལ་རྒྱུན་ཚ་བའི་ནད་གདོན་བགེགས་ཀྱིས་བཀུམས། །མཚན་དཔེ་བཟང་པོའི་འཛུམ་ཞལ་བཞད་པས་ན། །གཅམ་དང་ཕྲ་མའི་བ་མོ་རིམ་གྱིས་བཞུས།། ༧ བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡིས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་མཉེས་པས་ན།། ལྟ་སྤྱོད་གཟུ་བའི་ཤེས་རབ་མོད་པ་ཡི། །འཇིག་རྟེན་འགུལ་བའི་བཙད་པོ་གཅིག་པུ་ཡིན།། ༧ བསླབ་གསུམ་བརྟན་བརླིང་བརྗིད་པའི་ཉམས་གཤིས་སུ།། དམ་པ་རང་གྲོལ་དཔལ་ཡོན་ནོགས་མོའི་མཛོད། །རིས་མེད་སེམས་ཀྱིས་ཕྱོགས་སྐྱོང་འཁོར་དུ་བཏགས། །སྟོན་པའི་རྣམ་དཀར་བརྗོད་ཀྱི་བགྲང་ལས་འདས།། ༧ རྣམ་མཁྱེན་སྒྲོན་མེ་སྲིད་པའི་མུན་དུ་འཚེེར། །ལས་ཀྱི་འགྲོ་བར་ཐེག་པའི་སྒོ་ཟྭ་ཕྱེ། །རབ་འབྲིང་ཐ་ཡི་ལྡེ་མིག་རྫུ་འཕྲུལ་བསྟར། །ཁྱེད་ཀྱི་ཡོན་ཏན་སྲིད་འདིར་ཚ་བར་འབར།། ༧ དཀའ་བ་དང་བླངས་སྤྱོད་པ་རྔུལ་ཆུས་བརླན། །སེམས་ཚེགས་མཐིལ་གནན་བསྐྱེད་རྫོགས་དགོངས་པའི་རྩལ།། སྒྱུ་མའི་ལུས་སུ་རང་རྩལ་གྲུབ་པ་ཐོབ། །རང་ཤར་རྣལ་འབྱོར་ཡེ་ནས་རྩ་ལམ་གྲོལ།། ༧ རབ་དཀར་རི་བོང་གཟུགས་ཅན་ཀུན་གསལ་ནས། །རླབས་ཆེན་རིགས་པའི་ལྗོངས་རྒྱུ་འདུལ་འཛིན་པ། །ས་ལ་རྒྱལ་གསུང་མུ་ཏིག་སྙེ་མ་ལྡེམ། །འཁོར་འབངས་བྱེའུ་ཆུང་བྱེ་བ་དཔལ་ལ་འཚོས།། ༧ ཤེས་འབྱོང་བྱིན་རླབས་ཉར་མའི་བད་པ་ཡིས། །ས་ཡི་ལྷ་མོའི་སྐམ་རེངས་གཤེར་གྱིས་བརླན། །རྐང་མཐིལ་སྐོགས་ཀྱི་རི་མོ་གྱ་གྱུ་ལས། །མི་ལྡོམ་ཁྲི་ཕྲག་མདུན་གྱི་ལམ་བུ་གསལ།། ༧ འཇིགས་མེད་གསུང་གི་སྟོང་སྒྲ་གྲགས་པ་ཡིས། །ཞུམ་པའི་སྙིང་ཁང་བདུད་རྩིའི་དྲོད་དུ་ཕབ། །ཞི་དུལ་ཚངས་པའི་འདུལ་སྤྱོད་པད་མོ་ཡིས། །ཡིད་འོང་ཁབ་ཏུ་གཡོ་ལྡེམ་མཛེས་པས་བརྒྱན།། ༧ ཡངས་པའི་བློ་གྲོས་མྱུར་མགྱོགས་གློག་གི་ཡིད། །འཕྲོས་པའི་རིས་བཀྲ་མ་ཡིབ་འཕྲུལ་གྱི་གཟུགས། །འགྱུ་བའི་སྐལ་དུ་མི་ཡུལ་བདེ་ཞིང་འདུམ། །ལྷ་ཡི་ལྷ་སྲས་འཇིག་རྟེན་བསྐྱབ་པའི་མགོན།། ༧ ཁྱེད་སྐུ་གཙང་མ་གངས་ཀྱི་ཞིང་དུ་བལྟམས། །ཁྱེད་གསུང་གྲགས་པས་འགྲོ་ཀུན་བསྙམས་ཤིང་དུལ། །ཁྱེད་ཐུགས་སྙི་མོས་སེམས་ཅན་བྱམས་ཀྱིས་བསྐྱངས། །ཁྱེད་ཀྱི་མཛད་འཕྲིན་ཡར་ངོའི་ཟླ་བར་འགྲན།། ༧ རིག་བྱེད་སྟོང་གི་འོད་ཀོར་འཁྱུག་པའི་ཉིད། །དྲན་པའི་རྩལ་གྱི་སྲོལ་འབྱེད་གཡུལ་ལས་བརྒལ། །རིག་པའི་གནས་ལ་ཕུལ་བྱུང་རྒྱལ་བའི་ཐུགས། །ཡོན་ཏན་ཕྱུག་པས་ངག་ལ་འདི་ཙམ་འགུགས། །ཞེས་རླུང་བུས་བོད་རབ་བྱུང་བཅུ་བདུན་མེ་སྤྲེལ་ལོའི་རྒྱལ་ཟླ་སྲིད་པའི་སྤྱི་ལོ་ ༢༠༡༦/༡༢/༡༤ ཉིན་སྟོན་པ་རྫོགས་པའི་སངས་རྒྱས་འཁྲུངས་སྐར་གྱི་དུས་ཚོད་ཁྱད་པར་ཅན་ལ་འགངས་ནས་སུག་ཏུ་བྲིས་པའོ།། །།

གཤེན་རབ་མི་བོ་མཁྱེན་ནོ།

གཡུང་མཐར།

༧ སྲིན་པོ་གདོང་དམར་བོད་པའི་ཁྱིམ་གཞིས་ནི་དངོས་མ།། ཁ་བ་གངས་ཅན་ལྗོངས་འདིར་མ་རིག་གི་མུན་པ།། སྤྲིན་ལྟར་གཏིབས་པའི་དུས་ན་རྒྱལ་བ་ཡི་མཆོག་གྱུར།། དམུ་སྲས་གཤེན་རབ་མཆོག་གིས་སྒྲོན་མེ་ཞིག་སྤར་སོང་།། ༧ བོད་ཡུལ་མུན་པའི་གླིང་དུ་ཤེས་རིག་གི་སྒྲོན་མེ།། ཆིག་ཁྲི་བརྒྱད་སྟོང་གོང་ནས་སྤར་མཛད་ཀྱི་བཤེས་གཉེན།། འོལ་མོ་གླིང་དུ་འཁྲུངས་པའི་ཐོད་དཀར་གྱི་སྲས་པོ།། ཁྱེད་ནི་གངས་ཅན་པ་ཡི་ལྷ་སྐལ་དེ་དངོས་མ།། ༧ རིག་པ་རྣོ་བརྟུལ་མི་འདྲ་གང་ཟག་གི་བློ་ལ།། ལྟོས་ཏེ་རྒྱུ་འབྲས་སོགས་ཀྱི་ཐེག་པ་ནི་རིམ་དགུ།། སྟོན་མཛད་རྒྱལ་བའི་ཐུགས་སྲས་གཤེན་རབ་ཀྱི་མཆོག་ལ།། ཐལ་མོ་སྙིང་ཁར་སྦྱར་ནས་དད་ཕྱག་ཞིག་འབུལ་འདོད།། ༧ བཀའ་འཁོར་བར་མ་ཉོན་མོངས་དུག་ལྔ་ཡི་གཉེན་པོར།། སྒོ་བཞི་མཛོད་དང་ལྔ་ཡི་བོན་འཁོར་ཞིག་བསྐོར་ཏེ།། འཛམ་གླིང་གོ་ལ་ཟླུམ་པོར་བོན་ཆར་གྱིས་སྦངས་མཛད།། རྣམ་མཁྱེན་སྟོན་པ་གཤེན་རབ་སྙིང་དུས་ནས་བསྟོད་དོ།། ༧ སྒྲིབ་གཉིས་རྣམ་ཟད་ཚོགས་གཉིས་ཡོངས་རྫོགས་ཀྱི་བདག་ཉིད།། འཇིགས་རུང་འཁོར་བའི་མཚོ་མོའི་ཕར་རོལ་ལ་བརྒལ་ཞིང་།། སེམས་ཅན་ཐར་ལམ་སྟོན་མཁན་མུན་སེལ་གྱི་སྒྲོན་མེ།། འཚེ་མེད་ཞི་བདེའི་མངའ་བདག་ཁྱེད་ཉིད་ལས་སུ་ཞིག། གུས་གཡུང་མཐར་གྱིས་ཕུལ་ལོ།།

ཡང་མྱེས་དམུ་གཤེན།

ཞོགས་སྤྲིན། སྤུ་རྒྱལ་རིག་སློབ་ཁང་།

༧ མ་འགྲིབ་དུས་ཀྱི་བརྒྱ་པའི་འགྲོ་བ་ལ།། ཐུགས་བརྩེ་ཟབ་མོས་དྲིན་གྱིས་སྐྱོང་པ་སྟེ།། བསྐལ་ཆེན་སྟོན་པའི་ཐུ་བོ་གཤེན་རབ་མཆོག།། འདི་ནས་ཡར་བརྩིས་ལོ་ངོ་ཁྲི་གཅིག་གོང་།། བོནད་ཡུལ་དག་པའི་ཞིང་འདིར་སྐུ་མཆོག་བལྟམས།། ༧ མུན་པའི་གུར་ཁང་དགུ་བརྩེགས་འཁྲིགས་པ་ཡི།། བསིལ་ལྡན་ཁ་བ་རི་བའི་ལྗོངས་འདི་རུ།། གནམ་སར་ཤོང་དཀའའི་མཛད་ཕྲིན་བླ་མེད་དེ།། ལྔ་ཟུང་རིག་པའི་གནས་ཀྱི་འཇུག་སྒོ་ལ།། ཀ་ཁ་ག་ངའི་འཕྲུལ་ཡིག་སྲོལ་ཁ་ཕྱེས།། ༧ ནང་བསྟན་ཉི་མ་གཞོན་ནུ་འཛུམ་པའི་འོད།། འགྲོ་དྲུག་པད་མ་དཀར་པོར་འཕྲོས་པ་ཡིས།། རྨོངས་པའི་འདབ་མ་ཞལ་ཁ་ཕྱེས་པ་དང་།། ཉམས་དང་རྟོགས་པའི་རོ་བཅུད་ལྷག་རྒྱས་ཏེ།། ཐར་པའི་གོ་འཕང་ཕྱེ་ལེབ་མཁའ་རུ་འཕུར།། ༧ འགྲོ་དྲུག་སེམས་ཅན་ཀུན་ལ་འཚེ་བ་ཡི།། ཁྱབ་པ་ལ་སོགས་བདུད་རིགས་མ་ལུས་པའི།། གདུག་རྩུབ་གནོད་པའི་སེམས་ནག་བོར་བཅུག་སྟེ།། བྱམས་སྙིང་ཚད་མེད་བཞི་པོ་རྒྱུད་མངའ་བའི།། གཡུང་དྲུང་སེསམ་དཔའ་ཆེན་པོ་ཐུགས་རྗེས་བསྒྱུར།། ༧ བློ་དང་རིག་པའི་ཐེག་ཚད་ལ་ལྟོས་ཏེ།། ཐེག་པ་རིམ་དགུའི་རྣམ་གཞག་སྤྲོས་པ་དང་།། ཡང་དག་ལྟ་བར་མ་མཐོང་མུ་སྟེགས་ཀྱི།། གཞུང་ལུགས་མང་པོ་ཚར་བཅད་སྟོན་པ་ཡིས།། བོན་བསྟན་ཉི་མ་ཀུན་ལ་དྲོ་བར་བྱས།། ༧ བཟོ་དང་གསོ་བ་ནང་དོན་རིག་པ་སོགས།། གསལ་བར་སྤྲོས་པའི་གཞུང་ལུཊ་གྲངས་འདས་ཤིག། དུང་གི་ཚེམ་དང་ལྗགས་ཀྱི་དབང་པོ་ལས།། རྒྱས་པར་ང་ཅག་འགྲོ་བ་ཡོད་ཅོག་གི། རྨོངས་བླུན་དྲ་བར་དབྲལ་བའི་སྐྱེས་སུ་བཀྲམ།། ༧ ཉོན་མོངས་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ།། གཉེན་པོར་བོན་སྒོ་བརྒྱད་ཁྲི་སྤྲོས་པ་ཡི།། སྐལ་ལྡན་སེམས་ཅན་འགྲོ་བ་གྲངས་མེད་ཅིག། ཡང་དག་ཐར་པའི་ལམ་ལ་དཀྲི་བ་དང་།། སྐལ་མེད་འགྲོ་བར་བསྟན་པར་རྗེས་སུ་བཞག། ༧ ཉོན་མོངས་དབང་ཁ་བཙན་པོ་ཤོར་སོང་བའི།། རྟག་འཛིན་སྐྱེས་བོར་མི་རྟག་དོན་སྟོན་ཕྱིར།། དགུ་པའི་གནམ་སྟོང་དུས་བཟང་ཉི་མོ་རུ།། འགྲོ་བ་དོན་གྱི་མཛད་པ་མཐར་ཕྱིན་ཏེ།། སྐུ་མཆོག་མྱ་ངན་འདས་པའི་ངང་ཚུལ་མཛད།། ༧ ཁྱེད་ཀྱི་མཛད་ཕྲིན་ནམ་མཁའི་ངང་ཚུལ་ལ།། བདག་བློ་བྱི་འུའི་གཤོག་པས་མི་ཆོད་ཀྱང་།། མོས་གུས་བློ་ཡིས་དག་པའི་ཡིད་དྲངས་ཏེ།། ཚིག་བཅད་མེ་ཏོག་འདབ་མ་དཀར་རྐྱང་ཞིག། སྟོན་མཆོག་ཁྱེད་ལ་རྗེས་འཇུག་གྲྭ་ངས་འབུལ།། ༧ ཁྱེད་ལ་མོས་པའི་ངག་གི་ཕྲེང་བ་འདིས།། མ་འགྲིབ་ཉེར་གཅིག་དུས་ཀྱི་འགྲོ་བ་ཀུན།། ལུས་ལ་ནད་མེད་ཚེ་ཐག་རིང་བ་དང་།། ཅི་བསམ་ཡིད་བཞིན་གེགས་མེད་མྱུར་འགྲུབ་ནས།། ཐར་ཐུག་བླ་མེད་ས་ཆེ་འགྲོད་ནུས་ཤོག།

དོ་དགོང་མཆོད་མེ་ཞིག་སྤར།

སྤ་སངས་རྒྱས།

༧ དོ་དགོང་གངས་མི་ཁྱུ་ཞིག་རུག །དགོང་མོ་གཅིག་ལ་མཆོད་མེ་སྤར།། ཡང་ཞིག་འདིར་འདུས་བཙུན་པ་ཚོས། །གནམ་མཐའ་གསལ་བའི་མཆོད་མེ་སྒྲོན།། ༧ གངས་ཅན་བསྟན་པའི་བདག་པོ་ཞིག །འདས་ལོ་ཁྲི་གཅིག་ཕྱིན་ན་ཡང་། །ད་དུང་སྐུ་ཡི་མཚན་སྙན་ཞིག །གནམ་སའི་བར་ནས་ལྷང་བཞིན་འདུག། ༧ དོ་དགོང་ཆོལ་གསུམ་ཕྱོགས་གཅིག་ལངས།། མཚན་ཡུག་གཅིག་ལ་སྨོན་ལམ་གྱེར།། ཡང་ཞིག་འདིར་གའི་བཙུན་མ་ཚོས།། ལྷ་གཉིད་དཀྲོག་པའི་སྨོན་ལམ་གྱེར།། ༧ མི་གཟུགས་སྤྲུལ་པའི་འགྲོ་མགོན་ཞིག །སྟག་གཟིག་ཡུལ་ལ་ཕེབས་ཀྱིན་ནས། །རྐང་རྗེས་གངས་ལ་བཞག་པས་ཀྱང་། །ད་དུང་རྐང་རྗེས་མ་ཡལ་འདུག། ༧ དོ་དགོང་བོད་འབངས་ཚོགས་ཤིག་བསྡེབས། །མཚན་ནམ་གཅིག་ལ་དད་ཕྱག་འཚལ། །ལྷག་ཏུ་འདིར་འདུས་འབྲོག་མི་ཚོས།། ས་གཞི་གཡོ་བའི་དད་ཕྱག་འཚལ།། ༧ ཞྭ་དཀར་བསྟན་པའི་རྣམ་འདྲེན་ཞིག །འོལ་མོའི་ཡུལ་ནས་ཕེབས་ན་ཡང་། །ད་དུང་ཉིད་ཀྱི་བསྟན་པ་འདི།། ས་མཐོའི་ཡུལ་ལ་དར་ནས་འདུག། ༧ དོ་དགོང་བོད་མི་ཡུལ་གཅིག་འཛོམས། །མཚན་ཐུན་གཅིག་ལ་བསྐོར་རར་འགྲོ། །ལྷག་ཏུ་དད་ལྡན་མི་སྐྱ་ཚོས། །ས་མདོག་བརྗེ་བའི་བསྐོར་བ་རྒྱག། ༧ ཞྭ་དཀར་སྟོན་པའི་མི་བོ་ཞིག །ཕེབས་ནས་མི་ལོ་ཁྲི་བརྒལ་ཡང་། །ད་དུང་དམའ་སའི་གངས་ཁྲོད་ནས།།་ཁྱེད་ཉིད་འབོད་པའི་སྐད་འཕང་འདུག །སྤ་སངས་རྒྱས་ཀྱིས་ཕུལ་ལོ།

རྒྱལ་བ་གཤེན་གྱི་འཁྲུངས་མཆོད།

ཁྱུང་ཐོག་རྒོད།

༧ རྩོད་ལྡན་བརྒྱ་པའི་མགོན་པོ་ཉིད།། ལྔ་སྙིགས་གདུལ་བྱའི་དོན་ཆེད་དུ།། འགྲོ་བ་རང་མཐུན་སྐུར་བསྟན་ཏེ།། ཞི་བའི་དབྱིངས་ནས་དོག་ལ་ཕེབས།། ༧ གདུལ་བྱའི་ཁམས་དང་མོས་པ་ནི།། མ་ངེས་དུ་མ་བགྲང་ཡས་ཕྱིར།། རང་རང་བློ་དང་གང་འཚམས་པའི།།། ཐོག་མར་ཐེག་པ་དགུ་རུ་བསྟན།། ༧ ལྷ་ཀླུ་མི་ཡི་ཞིང་ཁམས་སུ།། གདུལ་བྱ་སོ་སོའི་སྒྲ་སྐད་བཞིན།། བརྒྱད་ཁྲི་བཞི་སྟོང་བཀའ་བསྒྲགས་ཀྱང་།། བར་དུ་སྒོ་མཛོད་ལྔ་རུ་བསྡུས།། ༧ ཇི་སྲིད་འགྲོ་བ་འདུལ་ཆེད་དུ།། དེ་སྲིད་བོན་གྱི་འཁོར་ལོ་ཆེ།། རྡུལ་གྱི་གྲངས་སུ་བསྐོར་བ་དག། མཐའ་མ་ཕྱི་ནང་གསང་བར་དྲིལ།། ༧ གངྒའི་ཀླུང་གི་བྱེ་མའི་གྲངས།། ས་ཡི་རྡུལ་བཞིན་བརྗོད་འདས་པའི།། བོན་སྒོ་བསམ་འདས་དུ་མ་ཉིད།། མཐར་ཐུག་ཐིག་ལེ་གཅིག་ཏུ་བསྒྲགས།། ༧ རབས་ཆད་མ་ནིང་ངག་བཅག་ཕྱིར།། རྒྱལ་ས་ཕོ་བྲང་གླིང་བརྒྱད་དུ།། ཁབ་དང་སྲས་ཀྱི་ཚོགས་བསྐྱངས་ཏེ།། འཁོར་ལོ་བསྒྱུར་བའི་རྒྱལ་པོ་མཛད།། ༧ དྲེགས་པ་བདུད་ཀྱི་སྙིང་གཞོམ་ཕྱིར།། འཁོར་དང་རྒྱལ་སྲིད་ཀུན་སྤངས་ཏེ།། གཅིག་པུར་མེ་ཏོག་གླིང་ཁ་རུ།། དཀའ་ཐུབ་དག་པའི་རྣམ་ཐར་བསྐྱངས།། ༧ སྲིད་པའི་གདོས་ཐག་གཅོད་པའི་ཕྱིར།། འཁོར་ཚོགས་སྡེ་བཞི་ཡ་བརྒྱད་པོར།། རྣམ་དག་སོ་ཐར་སྡོམ་པ་ཕོག། སྡེ་བཅུ་བོན་གྱི་འཁོར་ལོ་བསྐོར།། ༧ ཕྱི་རབས་འགྲོ་བའི་དོན་ཆེད་དུ།།འཁོར་དུ་གཏོགས་པའི་གཤེན་རྣམས་ལ།། བཀའ་ཡི་གཉེར་གཏད་བཅོལ་ནས་སུ།། བསྟན་པ་རྣམ་གསུམ་རྗེས་སུ་བཞག། ༧ འཆི་མེད་སྐྱེས་ནས་བཙན་པ་ལ།། སྐྱེ་དང་འཆི་བའི་མིང་མེད་ཀྱང་།། གདུལ་བྱའི་རྟག་འཛིན་གཞོམ་པའི་ཕྱིར།། མི་རྟག་འཆི་བའི་ངང་ཚུལ་བསྟན།། ༧ མ་ངེས་མཛད་པ་བསམ་འདས་པ།། སྲིད་འདིར་ཤོང་པར་མི་འགྱུར་ཞིང་།། བརྗོད་ལ་དབྱངས་ཅན་ལྷ་ངལ་བས།། བདག་བློས་དཔོག་པར་ག་ལ་ནུས།། ༧ འོན་ཀྱང་མཛད་འཕྲིན་ཆུ་ཀླུང་ལས།། བདག་བློའི་སྐྱོགས་ཀྱིས་བླངས་བ་དག། འགལ་དང་ནོར་བའི་ཆ་མཆིས་ཚད་།། གཤེན་རབ་ཉིད་ལ་གུས་པས་བཤགས།། ༧ འདི་སྦྱར་ལས་བྱུང་དགེ་བ་ཡི།། བསོད་ནམས་ཕུང་པོ་མཆིས་སོ་ཅོག། འགྲོ་རྣམས་བདེ་ཆེན་ཞིང་ཁམས་ཀྱི།། གོ་འཕང་ཐོབ་པའི་རྒྱུ་རུ་བསྔོ།། བདག་ཅག་གི་འདྲེན་པ་ཆེན་པོ་རྒྱལ་བ་གཤེན་རབ་མི་བོ་མཆོག་གདུལ་བྱ་གཞན་དོན་དུ་སྐུ་མཆོག་མངོན་པར་བལྟམས་ནས་མི་ལོ ༡༨༠༣༣ འཁོར་བའི་དུས་མཆོད་ཁྱད་པར་ཅན་གྱི་ཉིན་ས་མཐའི་གྱི་ན་བ་ཁྱུང་ཐོག་རྒོད་ཀྱིས་ཀླུ་གྲུབ་རི་འདབས་ནས་བཏེགས།།

གངས་ཀྱི་ལྷ་ཆེན་པོ་ཞིག་དྲན་པ།

ཁྱུང་ཁྲི་ལྡེ།

༧ གླིང་མཆོག་འཛམ་བུ་རྩེ་མོ་རུ།། སྲིད་པ་འགྲེང་བུའི་གཙུག་གི་རྒྱན།། རིག་པའི་སྲོལ་ཆེན་འབྱེད་པའི་ལྷ།། སྟོན་མཆོག་གཤེན་རྒྱལ་མཆོག་ལ་གུས།། ༧ སྲིད་པ་རྟ་གདོང་མེ་ཡི་ཁར།། འཁོར་བའི་བྱིས་པ་སྲེག་པའི་ཚེ།། མི་བཟོད་ཆོ་ངེ་བསྒྲགས་པ་དེ།། ཁྱུད་འཁོར་སྙན་གྱི་སྲང་ལ་སིབ།། ༧ སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་སུ།། དཀར་འཇམ་དར་གྱི་འབོལ་གདན་སྟེང་།། གཡོ་མེད་བཞུགས་པའི་དཀྱིལ་དཀྲུང་དེ།། ལན་གཅིག་འགྲོ་བའི་དོན་ལ་བཤིགས།། ༧ ལོ་རྒྱལ་ཤིང་ཕོ་བྱི་བ་ཡི།། དཔྱིད་ར་སྟག་གི་རྒྱལ་ཟླ་ལ།། འཛམ་གླིང་སུམ་གཉིས་ས་ཡི་དཀྱིལ།། རྟག་གཟིགས་འོལ་མོའི་གླིང་དུ་བསྐྱོད།། ༧ སྤྲིན་དཀར་གུར་གྱི་བར་གསེང་ནས།། འཇའ་རིས་མེ་ཏོག་ཟམ་བཙུགས་ཏེ།། སོ་བརྒྱད་མཁར་གྱི་ཡང་རྩེ་རུ།། ཞབས་ཟུང་རྡུལ་གྱི་སེན་ཁ་རྒོད།། ༧ མཚན་དཔེ་ན་མར་མེ་ཏོག་དེ།། སྟེང་ཕྱོགས་ལྷ་ལ་བཞད་པའི་ཚེ།། འོག་ཕྱོགས་ཀླུ་ཡི་བུ་མོ་ཚོ།། དགོད་པའི་ཟ་འགྲམ་རྣ་བར་ཐུག། ༧ ཕྲིན་ལས་ཟ་འོག་ཁ་ཕྱེས་དུས།། གདུལ་བྱའི་ལྷ་མིའི་མྱི་ཆེན་དག། འགྲམ་ཆུ་ལུད་པའི་རྦ་རླབས་ཀྱིས།། གྱིམ་ཤོང་ནག་པོ་གྱེན་དུ་འབྲུབ།། ༧ བཅུ་གཉིས་མཛད་པའི་འཁོར་ལོ་ཡིས།། སྟོང་གསུམ་དོང་ནས་སྤྲུག་པའི་ཚེ།། གྱད་ཆེན་ཁྱབ་པའི་ཨོ་ངར་རེས།། བདུད་དམག་བྱེ་བའི་འཕོང་ཤ་སྦྲིད།། ༧ ཕྱྭ་གཤེན་ཐེག་པའི་ཐེམ་སྐས་ནས།། བླ་མེད་ཐེག་པའི་མཁར་རྫོང་བར།། ཐེག་དགུ་ཤེལ་གྱི་ཐེམ་སྐས་དེ།། ཏི་སེའི་མགུལ་དུ་ཁྲིགས་སེ་བཙུགས།། ༧ ཚུལ་མཐོང་བྱིས་པའི་བློར་བབ་པའི།། གཏོ་དཔྱད་ཧོས་ཀྱི་མན་ངག་མཆོག། ཆབ་ནག་གྱེར་གྱི་དུང་སྒྲ་དེ།། སོ་བརྒྱད་མཁར་གྱི་རྩེ་ནས་བུས།། ༧ སྒྲིབ་གཉིས་དུག་གི་དྲི་ནག་དེ།། བཀྲུ་བཤལ་བྱེད་པའི་མདོ་ཡི་སྡེ།། འཕན་ཡུལ་འབུམ་གྱི་ཆུ་བོ་དེ།། ཤམ་པོ་ལྷ་རྩེའི་མགུལ་ནས་བབ།། ༧ ཐ་མལ་སྣང་ཞེན་ཕྲ་རགས་གང་།། ལྷ་དང་ཞིང་ཁམས་བསྒྱུར་བའི་འཕྲུལ།།ཆབ་དཀར་སྔགས་ཀྱི་ལག་རྩལ་དེ།། གཡུ་ལུང་ཤེལ་གྱི་བྲག་ནས་ངོམས།། ༧ རང་བྱུང་རིག་པའི་བང་མཛོད་ནང་།། སྐུ་གསུམ་ལྷུན་གྲུབ་རོལ་པ་ཡི།། དཔོན་གསས་ལུང་གི་ནོར་བུ་དེ།། ཟད་མཚམས་མེ་ཏོག་གླིང་ལ་བཀྲམ།། ༧ བཅུ་བདུན་གནས་ཀྱི་འཛུམ་མོ་ཡིས།། བསྐལ་སྲིད་ཆག་ལ་གཞལ་བ་ཡི།། མཐོ་ཐོག་མཛོད་ཀྱི་རིག་ལམ་དེ།། འོད་ཀྱི་ལྷ་རིའི་རྩེ་ནས་བསྒྲགས།། ༧ དེ་ལྟའི་རིག་པའི་གཞུང་ལུགས་ཀྱིས།། ལྷོ་རྒྱལ་འཛམ་བུའི་རྩེ་མོ་ཡི།། ཁ་དོག་གངས་ཀྱི་ལྷུན་པོ་བཞིན།། བསྒྱུར་བའི་མཛད་ཕྲིན་སྙིང་ནས་དྲན།། ༧ སྟོན་ཆེན་ཁྱེད་ཀྱི་མཛད་ཕྲིན་ཁག། ནམ་མཁའི་སྐར་དང་ས་གཞིའི་རྡུལ།། ཚུལ་བཞིན་དྲན་པའི་བློ་ཡོད་ན།། ཀླད་ཆེནའཐོར་བའི་ཉེན་ཁ་ཚ།། ༧ མཛད་པ་བྱེ་བའི་ཆ་ཤས་རེའི།། དཔྱད་བརྗོད་ཚུལ་བཞིན་འབྲི་དགོས་ན།། མི་ཚེ་རྩོམ་ལ་བསྐྱལ་ན་ཡང་།། ད་དུང་ཐོན་པའི་རེ་བ་བྲལ།། ༧ སྔ་རབས་མཁས་པའི་གླེགས་བམ་ནང་།། ཁྱེད་ཀྱིས་འགྲོ་དོན་མཛད་པའི་ཚེ།། འགུལ་བསྐྱོད་གང་ཡང་མ་བྱས་པ།། བཞུགས་པའི་ཚུལ་ཞིག་ཁ་ོབོས་མཐོང་།། ༧ ཁྱེད་ཀྱིས་མྱི་ལོ་བརྒྱད་སྟོང་རིང་།། དཀའ་དཔྱད་སྡུག་རུས་བྱས་པ་དེ།། ནག་སུབ་གཏོང་བའི་རྗེས་འཇུག་ཚོ།། ཁྲེལ་ཡོད་ཡིན་ནམ་ཁྲེལ་མེད་ཡིན།། ༧ མྱི་རྒན་ཁྱབ་པ་གཅིག་པུའི་དོན།། ཟད་མཚམས་མེ་ཏོག་གླིང་ཆེན་ལ།། ཤ་ཟད་རུས་ལ་ཐུག་པ་ཡི།། དཀའ་དཔྱད་བྱས་པའི་ཚུལ་ཨི་ཤེས།། ༧ དེ་བཞིན་སེམས་ཅན་བྱེ་བ་བརྒྱར།། ཞི་རྒྱས་དབང་གི་ཕྲིན་ལས་ཀྱིས།། བོན་སྒོ་བརྒྱད་ཁྲི་བསྟན་པ་དེ།།སྐུ་ངལ་མ་བསྐྱོན་ཅི་ཞིག་ཡིན།། ༧ ཞབས་ཀྱི་ཤ་འུ་དམར་ཆུང་དེ།། སྲིད་པའི་འཁོར་བའི་ས་རྒོད་ལ།། རེག་པ་སུ་ཡིས་མི་བཟོད་ཀྱང་།། ཁྱེད་ཀྱིས་གོམ་ཁ་གངས་ལ་བསྒྱུར།། ༧ བསྐལ་བཟང་སངས་རྒྱས་སྟོང་གི་དབུས།། སྨྱོན་པ་ང་དང་གཟའ་རོ་ཁོ།། འདུལ་བའི་ལྷག་བསམ་ཅན་པོ་དེ།། གཤེན་རྒྱལ་ཁྱེད་ལས་གཞན་ཡོད་མིན།། ༧ བོད་ཡུལ་ཐུབ་པའི་དབང་པོ་ཡི།། གདུལ་ཞིང་ཡིན་རབས་གླེང་ན་ཡང་།། རྒྱ་གར་ཚ་བའི་ལུང་པ་ལས།། བསིལ་ལྗོངས་ཞིང་ལ་ཕེབས་མ་ཕོད།། ༧ དེ་བཞིན་ཁ་ཡེའི་སྟོན་པ་སོགས།། ས་ཆ་གང་བཟང་ཕེབས་པ་ལས།། འཚོ་བའི་ཆ་རྐྱེན་ཞན་པ་ཡི།། བོད་ལ་ཕེབས་ཉན་འདོད་མི་འདུག། ༧ ང་ཚོ་མགོ་ནག་བོད་པ་ལ།། ཤ་ཚ་ངོ་མ་ཡོད་མཁན་དེ།། སྟོན་མཆོག་གཤེན་རབ་ཁྱེད་ཡིན་པ།། ཕེབས་པའི་དུས་འདི་གཅིག་པུས་ཤེས།། ༧ བསིལ་ལྡན་ཁ་བའི་ཡང་རྩེ་རུ།། རླིག་རྡོག་འཁེང་ལ་ཉེ་བ་ཡི།། གྲང་ངར་ཤིན་ཏུ་ཚ་བའི་དུས།། འོ་བརྒྱལ་ཚད་མེད་མྱོང་ནས་ཕེབས།། ༧ དེ་འདྲའི་བཀའ་སྡུག་ཉམས་མྱོང་སྟེ།། གངས་ཀྱི་རིག་གཞུང་བསྐྲུན་པ་ལ།། བཀའ་དྲིན་ལན་གཅིག་མ་དྲན་ན།། གཟའ་རོ་མིན་ན་ཅི་ཞིག་ཡིན།། ༧ ཁྱེད་ཀྱི་རྗེས་འཛིན་གཤེན་ཕྲུག་ངས།། བཀའ་ལུང་རིག་པས་ཞལ་གྲགས་པའི།། འཁྲུལ་མེད་རྒྱལ་གྱི་ཟླ་བའི་ཉིན།། རྗེས་དྲན་མཆོད་པའི་ཚོམ་འདིར་འབུལ།། ༧ རྣམ་འདྲེན་ཁྱེད་ཀྱི་སྦྱིན་བདག་སྟེ།། བལ་རྒྱལ་ཨ་ཤོའི་ས་ཡི་ཆར།། གླང་ཆེན་འགྱིང་པའི་རི་མགུལ་ནས།། ཁྱུང་གི་ཁྲི་ལྡེས་སྡུག་ལག་འགུལ།།

འཁྲུངས་མཆོད་དེ་རིང་བསུ།

<ཁྱུང་གཤོག>

༧ ཐུགས་ཉིད་ནམ་མཁའི་རང་བཞིན་ལས།། ཐབས་ཤེས་ཉི་ཟླའི་འོད་མདངས་ཀྱིས།། གདུལ་བྱའི་བློ་མུན་སེལ་མཛད་པ།། འགྲོ་འདྲེན་དམུ་རྒྱལ་སྲས་པོ་ཡི།། ཨེ་མ་འཁྲུངས་མཆོད་དེ་རིང་བསུ།། ༧ དཔྱིད་ཟླ་ར་བའི་དུས་བཟང་འདིར།། རྒྱལ་ཕུར་འཛོམས་པའི་ཉ་ཆེན་ལ།། དུས་ཀྱི་ཐོག་མ་ནམ་ལང་ཡོས།།མཚན་དཔེའི་སྐུ་མཆོག་མངོན་པར་བཞད།། དེས་ན་དེ་རིང་འཁྲུངས་མཆོད་བསུ།། ༧ བདག་ཅག་འགྲོ་བའི་དེད་དཔོན་དུ།། ཕེབས་པའི་སྐལ་བཟང་དུས་འདིར་ཤར།། ལམ་ལུགས་ཞིག་གི་སྲོལ་རྒྱུན་མིན།། བཀའ་ལུང་ཚད་མའི་དགོང་དོན་ཡིན།། དེས་ན་འཁྲུངས་སྐར་དེ་རིང་བསུ།། ༧ མཛད་མདོ་རྒྱས་པ་གཟི་བརྗིད་ལས།། གཤེགས་པའི་དུས་ལ་ངེས་མེད་ཀྱང་།། ལོ་འགོ་བྱི་བ་སྐར་མ་རྒྱལ།། ཟླ་འགོ་དཔྱིད་ར་ཚེས་བཅོ་ལྔ།། གསུངས་པས་འཁྲུངས་སྐར་དེ་རིང་བསུ།། ༧ གཤེན་རབ་ཐུགས་ཀྱི་གཉེར་དཔོན་གྱིས།། མཛད་པའི་རྩ་རྒྱུད་ཉི་སྒྲོན་ལས།། ལོ་དང་ཟླ་བ་ཚེས་གྲངས་དང་།། དུས་དང་སྐར་མ་མདོ་ལྟར་གསུངས།། དེས་ན་འཁྲུངས་སྐར་དེ་རིང་བསུ།། ༧ མཁས་གྲུབ་ཆེན་པོ་ཤྲི་ལ་དྷས།། སྟག་ཟླའི་ངོས་འཇིན་མི་མཐུན་པ།། ཡོད་ཀྱང་རྒྱ་རྩིས་ནག་རྩིས་པས།། རྒྱལ་ཉ་ཧོར་ཟླ་བཅུ་གཉིས་འདོད།། གསུངས་པས་འཁྲུངས་སྐར་དེ་རིང་བསུ།། ༧ མཁས་གྲུབ་ལུང་རྟོགས་རྒྱ་མཚོ་ཡི།། བསྟན་འབྱུང་ཀེ་ཏའི་དོ་ཤལ་ལས།། ཟླ་བ་དཔྱིད་ར་སྟག་གསུངས་ཀྱང་།། ལོ་སྐར་ཚེས་དུས་མདོ་དང་མཐུན།། དེས་ཕྱིར་འཁྲུངས་སྐར་དེ་རིང་བསུ།། ༧ སྨྲ་དབང་མི་ཡི་སེང་གེ་ཡི།། མདོ་རྒྱུད་དག་ལ་གཞི་བཅོལ་ནས།། སྣང་མཐོང་རྩིས་ཀྱིས་གཞལ་བའི་ཚེ།། འཁྲུངས་ཟླ་བཅུ་གཉིས་གྲུབ་ཚུལ་གསུངས།། དེས་ན་འཁྲུངས་སྐར་དེ་རིང་བསུ།། ༧ རྒྱལ་བའི་བཀའ་ལུང་ཟབ་མོ་དང་།། འཕགས་པའི་ལུང་ཚད་མང་དག་ཞིག། ཐུགས་དགོང་གཅིག་ཏུ་མཐུན་པའི་ཕྱིར།། གཡུང་དྲུང་བོན་གྱི་སྒོར་ཞུགས་ཚོས།། དེས་ན་འཁྲུངས་སྐར་དེ་རིང་བསུ།།

 རྒྱལ་བ་གཤེན་གྱི་འཁྲུངས་སྐར་བསུ།

༧ ཉེས་ཚོགས་སྒྲིབ་པ་མ་ལུས་ཀུན་བྲལ་སྤངས་རྟོགས་ཡོན་ཏན་མཁའ་ལ་འཕྱུར།། གཟིགས་ཚད་ལྔ་དང་དགོངས་ཚད་ལྔ་བཅས་མཁྱེན་རབ་ཟབ་མོ་ཐུགས་ལ་རྫོགས།། རབ་ཆད་མ་ནིང་དབང་པོའི་སྐྱོན་བསལ་ཡང་དག་འདུལ་བའི་གཉེར་དཔོན་རྗེ།། སྟོན་མཆོག་ཁྱེད་ནི་དུས་ཀུན་འབྲལ་མེད་གཡུང་དྲུང་བོན་གྱི་མགོན་དུ་བཞུགས།། ༧ མཚན་ལྡན་གནས་ནི་བརྗོད་པར་དཀའ་བ་གཤེན་ཡུལ་འོལ་མོ་ལུང་རིང་དུ།། འཛམ་གླིང་བསྟན་པའི་རྒྱན་དྲུག་ལ་སོགས་གདུལ་བྱའི་བློ་ཚོད་ལ་བསྟུན་ནས།། ཐེག་པ་རིམ་དགུ་སྒོ་བཞི་མཛོད་ལྔ་ཕྱི་ནང་གསང་བའི་བོན་ཆར་ཕབ།། ཁྱེད་ནི་མ་བགོས་སྤྱི་ལ་བཤམས་པའི་རིན་ཆེན་གླིང་གི་ནོར་སྐལ་བཞིན།། ༧ ཁྱབ་པ་ལ་སོགས་བདུད་ཆེན་བཞི་ཡིས་འགྲན་རྩལ་དོ་ཟླ་ག་ལ་ནུས།། ཕ་རོལ་དགྲ་ཚོགས་གཡུལ་ལས་རྒྱལ་ནས་མི་འཇིགས་གདོང་ལྔའི་ཁྲི་ལ་བཞུགས།། མ་དག་སྐྱེ་བོས་དག་པའི་སྐུ་ལ་དོ་ཟླ་འགྲན་རྩལ་ཅི་བྱས་ཀྱང་།། རང་གི་ལས་འབྲས་རང་ལ་སྨིན་ནས་རང་ཉིད་ཐ་མར་དམྱལ་ཁམས་འགྲིམས།། ༧ མདོར་ན་འདི་ཕྱི་གཉིས་ཀྱི་སྐྱབས་གནས་བསླུ་མེད་དག་པ་ཁྱེད་ལས་སུ།། རྒྱལ་གཤེན་ཁྱེད་ཀྱི་འཁྲུངས་སྐར་བསུ་བའི་ཤིས་ཚིག་རེ་འགའ་ཕུལ་བའི་མཐུས།། ཉམས་ཐག་མ་ལུས་སེམས་ཅན་ཀུན་འདིར་ཚེ་འདིའི་ལུས་རྒྱ་ཞིག་པའི་ཚེ།། མཐོ་རིས་བདེ་གནས་ལམ་བཟང་རྙེད་ནས་མཐར་ཐུག་སྐུ་གསུམ་མྱུར་ཐོབ་ཤོག།

         ___________ལྡོང་རིག་སྨྱུག་པས་ཕུལ།

གཤེན་གྱི་ངོ་སོ་དགུང་ལ་བསྟོད།

ལི་ཁྲི་ཐིགས་པ།།

༧ ཁྲི་འདས་ལོ་ལ་སྟོང་ཕྲག་རྩེག་ཀྱང།། ད་དུང་མཚན་སྙན་འབྲུག་ལྟར་ཆེམ་པ།། གྲུབ་མཐའ་ཞིག་གི་ཡབ་མེས་ཆེན་པོ།། དམུ་གཤེན་སྟོན་པ་དུས་ཀུན་རྒྱལ་ལོ།། ༧ ཁྱེད་ཉིད་གཤེགས་པའི་ཤུལ་ལམ་རིང་མོ།། ད་ནངས་ཁ་བའི་རྗེས་ཞིག་མ་རེད།། ས་བཅུ་རིམ་པའི་ཐེམ་སྐས་དོད་པའི།། མྱང་འདས་ཐར་པའི་སྐྲས་པ་ཡིན་རེད།། ༧ མུན་པ་བཞི་ཡི་མདོ་ཆེན་དེ་རུ།། ཁ་ཕྱོགས་ངེས་མེད་འཐོམ་ནག་དེ་ཚོ།། དཀར་ངོགས་བདེ་བའི་ལམ་མཆོག་བགྲོད་ལ།། ལྔ་ཕྲག་ཐར་པའི་ལམ་ཡིག་བསྟན་ཡོད།། ༧ འཁོར་ས་དགུ་ཡི་ཁ་དབྲག་བར་ན།། བདེ་གནས་མ་རྙེད་སྡུག་རིད་འདི་ཚོ།། ནུབ་ཀྱི་བདེ་བའི་ས་རུ་གཤེགས་ལ།། བཅུ་ཕྲག་ས་ཡི་ས་ཁྲ་བརྩལ་ཡོད།། ༧ ས་རྒྱུས་ལམ་རྒྱུས་ཐལ་ལས་ཞིབ་ཞིང་།། བདེ་ཆེན་གནས་སུ་ཕ་གཞིས་བཟུང་ཡང་།། སྙིང་ཉེའི་འགྲོ་དྲུག བདེ་མགྲོན་བསུ་ཆེད།། ལྷ་མི་ཡུལ་དུ་མཛད་ཆེན་སྐྱོང་འདུག། ༧ ལྷ་ལ་ལྟོས་པའི་ལྷ་སྐད་གཙང་མ།། མི་དང་མཐུན་པའི་མི་སྐད་དག་མ།། སྐད་རིགས་མི་འདྲ་སུམ་བརྒྱ་སྤྱད་ནས།། མཁའ་ནས་དོག་ལ་བོན་འཁོར་བསྐོར་འདུག། ༧ མུ་ལ་བསྒར་ན་གཏན་ཚིག་དབེན་ཡང་།། ཁོག་ཟོན་དགོས་པའི་ལྕེ་བསྒྱུར་མཁན་ཚོས།། རིས་མེད་ཁ་ཁྱེར་རིས་སུ་ཕྱེས་ཏེ།། དབུ་འཕང་སྨད་ཞོར་ལོག་ཞིག་བཀར་སོང་།། ༧ མུ་སྟེགས་ལྟ་བའི་རྒོལ་ངན་མགོ་ལ།། གཏན་ཚིག་ངར་མའི་རིག་ཕུར་བསྣུན་ནས།། ཚ་ཐག་བཅད་པའི་ཕྱག་རྗེས་བཞག་ཀྱང་།། ད་དུང་མུ་སྟེགས་གྲལ་ལ་བཞག་སོང་།། ༧ སྒོ་བཞི་མཛོད་ལྔ་གང་ལ་བཤེར་ན།། ཐར་འདོད་སྐྱེས་བུ་ཐར་བར་གཤེགས་ལ།། ཆ་རྒྱེན་གཙང་མ་གང་དགོས་ཡོད་ཀྱང་།། ད་དུང་ཁྱེད་གསུང་སྡིག་སླད་འདྲེས་སྐད།། ༧ དེ་དང་དེ་འདྲའི་ཁ་གཏོང་བ་ཚོས།། འདུ་ཤེས་འཆོལ་བའི་ཚིག་འཆལ་དག་ནི།། རང་སེམས་མ་དག་འཛིན་སྟངས་ཙམ་ལས།། ཡིད་ཆེས་བྱེད་སའི་གནས་ཤིག་མ་ཡིན།། ༧ འགྲོ་མཐུན་ཆ་ལུགས་ཇི་ལྟར་སྤྲུལ་ཡང་།། སྐུ་ཡི་མཚན་བཟང་ཆ་ཤས་རེ་རེས།། སྲིད་ཞི་གཉིས་ཀྱི་མཐའ་འགེགས་ནུས་པའི།། ཤེས་རབ་སྙིང་རྗེའི་རང་གཟུགས་ངོ་མ།། ༧ སྐུ་བསྟན་དུས་ཀྱི་ཁྱབ་པ་འདྲ་ལེའི།། གསུང་གི་དུས་འདིར་མང་མང་ཞིག་གིས།། སྣ་ཡི་གཉེར་མ་དགུ་རིམ་རྩེགས་ཀྱང་།།
སྡིག་སྡོང་ཙམ་ལས་དགེ་ཞིག་མ་འཆིས།། ༧ བློ་ཚད་མཐོ་དམན་ཐེམ་སྐས་འདྲ་ལ།། གང་ལ་དེ་བསྟུན་ཐེག་སྒོ་སྣ་ཚོགས།། རྗེས་བཞག་ལུང་གི་བཀའ་འཁོར་རིམ་པ།། གསེར་ནག་རི་བོའི་གཏོས་ལ་འགྲན་ཡོད།། ༧ ཁྱེད་སྐུ་སྒྲུབ་དང་ཁྱེད་གསུང་མྱོང་ན།། གྲུབ་པ་སྟོང་ལ་རེས་འགའ་ཙམ་རེད།། འོན་ཀྱང་ཁྱེད་དང་ཁྱེད་གསུང་གཙང་མ།། སྨན་སྡོང་དང་ནི་རྩི་སྨན་ལོ་མ།། ༧ གསུང་གདམས་ཟབ་མོའི་འདུལ་བའི་སྒང་ལ། ཁྱེད་གསུང་བདུད་རྩི་སེམས་ཐོག་བཞེས་མཁན། གྲུབ་རིག་མང་པོའི་རྣམ་ཐར་འཇལ་ན།། ཡིད་ཆེས་དགུ་འགྱུར་སླར་ལ་འཕེལ་ཡོང་། 

དད་པའི་ཀོང་བུར་འཁྱིལ་བའི་རྗེས་དྲན་མར་ཁུ།

གཙོ་ཚུལ།

༧ དང་པོ་བྱང་ཆུབ་སེམས་མཆོག་བསྐྱེད།། བར་དུ་གྲངས་མེད་ཚོགས་གཉིས་བསགས།། མཐར་ཐུག་མངོན་སངས་རྒྱས་བཞེངས་པའི།། སྟོན་པ་བླ་མེད་གཤེན་རབ་མཆོག། མཆོག་ཉིད་སླར་ཡང་འགྲོ་བ་ལ།། རྗེས་ཆགས་དམུ་རིགས་རྒྱལ་སྲས་སུ།། གཟུགས་སྐུའི་བཀོད་པ་ངོམ་པ་ཡི།། རྒྱལ་ཟླའི་བཅོ་ལྔའི་ཚེས་བཟང་སྟེ།། དི་རིང་ཉི་མའི་གདུགས་གོང་ལ།། ལུས་ཀྱིས་སྐོར་ཕྱག་གར་སྟབས་ཀྱིས།། གཤེན་རབ་སྟོན་པ་ཁྱེད་ལ་མཆོད།། ངག་སྙན་འདོན་བཟླས་འགྱུར་ཁུག་རེས།། གཤེན་རབ་སྟོན་པ་ཁྱེད་ཉིད་བསུ།། ཡིད་ཁམས་དད་འདུན་མིག་ཀོང་དུ།། གཤེན་རབ་སྟོན་པ་ཁྱེད་ཉིད་དྲན།། ༧ དང་པོ་གཞོན་ནུའི་རྣམ་རྩེད་མཛད།། བར་དུ་རྒྱལ་སྲིད་ཁུར་ཆེན་འདེགས།། མཐར་ཐུག་འཁོར་སྤངས་དགོན་པ་རུ།། གཅིག་པུའི་ལྟ་སྒོམ་བསྐྱངས་པ་ཡི།། སྐུ་ཚེའི་མཛད་རྣམ་མཇལ་ཐེངས་རེར།། སྲིད་པའི་འཁོར་བའི་ལུགས་བཟང་དང་།། མྱང་འདས་ཐར་པའི་གཤེགས་ཤུལ་ལམ།། འདི་ཞེས་བརྩེ་བས་མིག་དཔེ་རུ།། བསྟན་པའི་དྲིན་དེ་དྲན་གིན་དུ།། དི་རིང་ཉི་མའི་གདུགས་གོང་རུ།། གཤེན་རབ་སྟོན་པ་ཁྱེད་ལ་མཆོད།། ༧ རྨོངས་པའི་ལྐུགས་འབྱེད་ཡི་གེའི་འཕྲུལ།། ནད་ཀྱིས་གདུང་སེལ་སྨན་དཔྱད་རིག། གདོན་གྱིས་རྒུད་སྐྱོབ་གཏོ་ཐབས་སྒོ། ལུས་སེམས་ཀུན་བདེ་ཐེག་ཆེན་བོན།། འཕྲལ་ཕུགས་གང་ལ་གང་དགོས་སུ།། ཏི་སེའི་གངས་ནས་ཁ་འབབ་བཞིར།། ཕྱོགས་ཕྱོགས་འགྲོ་བའི་གསོས་མཆོག་ཏུ།། ལན་མེད་སྦྱིན་མཛད་དམུ་རྒྱལ་སྲས།། ཁྱེེད་རྗེས་འཇུག་པའི་ཁུར་འཆང་བའི།། བོན་འབངས་ཁྲི་མ་འབུམ་ཚོགས་ཀྱིས།། དི་རིང་ཉི་མའི་གདུགས་གོང་དུ།། ཁྱེད་ཉིད་དགྱེས་པའི་སྟོན་མོ་ཆེ།། ཚོགས་བསགས་སྒྲིབ་སྦྱོང་ལམ་སྒོ་ལ།། དད་འདུན་མོས་པས་འཇུག་བཞིན་ལགས།། ཉིད་དང་དབྱེར་མེད་མྱུར་འགྲུབ་སྨོན།། ༧ སྟོན་པ་བཀའ་དྲིན་ཅན་མཆོག་གི་འཁྲུངས་ཟླ་རུ་ལུང་གིས་བསྔགས་པའི་རྒྱལ་ཟླ་བའི་ཚེས་བཅོ་ལྔའི་ནངས་མོར་ཚིག་གི་སྒྱུ་འཕྲུལ་སྒྲོས་ཆ་མེད་ཀྱང་རྒྱུད་ཀྱི་སེམས་ཁམས་ལ་དད་པས་བངས་བའི་གཙོ་ཚུལ་པས་ཕུལ།

སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་སྐར་བསུ།

སྦྲ་དྲི་བཞོན།     ༼བོད་ལྗོངས།༽

སྤུ་རྒྱལ་བཙན་པོ་ཡི་དབུ་ཁྱུད་མ་བྲིས།། 

མངའ་མཛད་བཅུ་དྲུག་གི་རྫོགས་ཚིག་མ་བཀོད།། 

རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་སུ།།། 

ཐོད་དཀར་སྲས་པོ་ཡི་འཁྲུངས་སྐར་དེ་རིང་།། 

༧ སྟག་གཟིག་འོལ་གླིང་ངམ་ཞང་ཞུང་ཡུལ་ཏེ།། 

གནའ་བོའི་བོད་ཡུལ་གྱི་རྒྱལ་ཕྲན་ཞིག་ནས།། 

འཚེ་མེད་ཞི་བདེ་ཡི་དགེ་རྒན་ཆེན་མོ།། 

ཧོས་རྗེ་སངས་རྒྱས་ཀྱི་འཁྲུངས་སྐར་དེ་རིང་།། 

༧ བརྒྱད་ཁྲི་བཞི་སྟོང་གི་ཉོན་མོངས་གཉེན་པོ།། 

བརྒྱད་ཁྲི་བཞི་སྟོང་གི་བོན་སྒོའི་བྱེད་པོ།། 

རྣམ་འདྲེན་བརྒྱད་པ་ཡི་ཅོད་པན་འཆང་བ།། 

གཤེན་རབ་མི་བོ་ཆེའི་འཁྲུངས་སྐར་དེ་རིང་།། 

༧ གཏོ་རྒྱལ་བསྟན་པ་ཡི་འགྲོ་དོན་གྲུབ་རྗེས།། 

ཐུབ་པ་འཇིག་རྟེན་འདིར་མ་བྱོན་སྔ་ལོར།། 

གཞི་ལམ་འབྲས་གསུམ་གྱི་ཤིང་རྟའི་སྲོལ་འབྱེད།། 

རྒྱལ་བ་གཤེན་རབ་ཀྱི་འཁྲུངས་སྐར་དེ་རིང་།། 

༧ བདེ་བ་སྡུག་བསྔལ་ལ་རང་དཔེ་གཞན་ལེན།། 

ལྟ་བ་བརྟེན་འབྲེལ་གྱི་དེ་ཉིད་མཁྱེན་པའི།། 

བསིལ་ལྡན་གངས་ལྗོངས་ཀྱི་རྟོགས་སད་དང་པོ།། 

སྟོན་པ་གཤེན་རབ་ཀྱི་འཁྲུངས་སྐར་དེ་རིང་།

                 

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།