བརྟན་བཞུགས་མནྡལ་ཞིག་གི་དོད་དུ་བཀའ་དྲིན་རྗེས་སུ་དྲན་པ།

0
3766
༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །

དེ་རིང་གི་དུས་བཟང་འདིར་༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་སྨྲ་བའི་སེང་གེའི་འབུར་ཐོན་གྱི་མཛད་པ་ཆེ་ཤོས་ཁག་ཅིག་

གཤམ་དུ་ངོ་སྤྲོད་ཞུ་བར་འདོད་པས་བོན་སྐྱོང་སྲུང་མ་རྣམས་ཀྱིས་གཟུ་དཔུང་མཛད་དུ་གསོལ་ལོ། །

བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་ཞབས་ལ་གུ་དུན་ཧྲུན། །

༧ རྫོགས་པའི་སངས་རྒྱས་དངོས་བཞུགས་ཀྱང་། །ཁྱེད་ལས་ལྷག་པའི་བྱ་བ་ཞིག །འདི་ཞེས་ཡོད་རེ་དཀོན་ནོ་ཞེས། །ཁྱེད་ཀྱི་མཛད་པའི་ཆེ་བ་དྲན།། ༧ རྣམ་འདྲེན་དམུ་སྲས་མགོན་པོ་ཡི། །སྐུ་གསུང་ཐུགས་ཀྱི་འཕྲིན་ལས་གང་། །ཇི་ལྟར་ཡིན་པའི་རྣམ་འགྱུར་དག། ཁྱེད་ཀྱི་མཛད་པའི་གྲངས་ནས་མཇལ།། ༧ དེ་རིང་བཟང་དགུ་འཛོམ་བཅུའི་ཉིན། །གཤེན་རབ་འཁྲུངས་སྐར་ལེགས་སྐྱེས་སུ། །རྗེས་འཇུག་སེམས་དཔའ་ཆེན་པོ་ཡིས། །གཤེན་བསྟན་འཛིན་སྐྱོང་སྤེལ་ཚུལ་གླེང་། །

 ཐོག་མར་སྐུ་སྐྱེ་བ་མི་རུ་བཞེས་ཤིང་ཁྱིམ་སྤངས་རབ་བྱུང་གི་ཚུལ་མཛད་ནས་མཁས་བཙུན་བཟང་གསུམ་གྱིས་ཕྱུག་པའི་དགེ་བའི་བཤེས་གཉེན་དང་གདན་ས་གོང་འོག་གི་༸ཡོངས་འཛིན་དམ་པ་རྣམ་གཉིས་ལ་བསྟེན་ནས་མདོ་སྔགས་སེམས་གསུམ་དང་། རིག་པའི་གནས་རྣམས་ལ་གསན་བསམ་ཉམས་བཞེས་མཛད་དེ་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་སློབ་གཉེར་ཕུགས་འཕེར་ཚད་ལྡན་གནང་བ་དག་ནི་སྔོན་འགྲོ་ཐོས་བསམ་འཆད་ཉན་གྱི་ལེའུའོ། །

༡༽  ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་ཤིང་དགེ་བའི་བཤེས་ཀྱི་མཚན་རྟགས་བཞེས་ནས་༸དཔལ་ལྡན་རྒྱལ་བ་སྨན་རི་བའི་རྒྱལ་ཐེབས་དཔོན་སློབ་རིན་པོ་ཆེའི་མཚན་གྱི་ཅོད་པན་བཞེས་པ་དང་། གཙང་བཀྲ་ཤིས་སྨན་རིའི་བཤད་སྒྲུབ་འདུས་པའི་སྡེ་བསྐྱངས་ནས་སློབ་བརྒྱུད་མང་པོ་བསྟན་པའི་སོན་གཞི་རུ་བསྐྱེད་ཅིང་བསྲིངས་བ་མ་ཟད་ཉིད་ཀྱི་སློབ་བརྒྱུད་ཁག་དགེ་བའི་བཤེས་གཉེན་ཀྱི་མཚན་རྟགས་བཞེངས་རྒྱུའི་སྐལ་བ་བྱུང་ཡོད་པ་དང་། ཁྱད་པར་དུ་སྨན་རིའི་མཁན་རབས་སོ་གཉིས་པ་ཤེས་རབ་བློ་གྲོས་དང་། དཔོན་སློབ་ཚུལ་ཁྲིམས་དབང་ལྡན་གཉིས་གདན་སའི་ཁྲི་རུ་ལུགས་མཐུན་བསྐོས་གཞག་གནང་ནས་ཡོངས་འཛིན་དམ་པ་རྣམས་ལ་ཐུགས་འགན་ཡང་དུ་བཏང་བའི་མཛད་པ།

༢༽       རྒྱལ་བསྟན་སྤྱི་ལ་གོད་ཆག་བྱུང་བའི་དུས་འགྱུར་ནང་རང་ཅག་བོན་པོ་རྣམས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་རྟེན་དང་། རྒྱལ་བ་སྨན་རི་ཚང་གི་རྟེན་རྩ་ཆེན་ཏེ་མཉམ་མེད་སྐུ་གདུང་གཙོས་རིན་བྲལ་གྱི་རྟེན་གསུམ་རིང་སྲེལ་དུ་མ་གཅེས་པའི་སྐུ་སྲོག་དང་བསྡོས་ནས་ཉིད་ཀྱི་ཐུགས་སྲས་བུ་སློབ་འགའ་དང་ལྷན་དུ་སྦས་བསྐུང་གནང་བ་དང་། བསྟན་སྲུང་བོན་སྐྱོང་ཚོགས་ལ་འཕྲིན་བཅོལ་དང་སྦྲགས་བསྟན་པ་སྲུང་བ་གཉེར་གཏད་མཛད་པ་ལྟར་འགངས་ཆེན་རྟེན་རྫས་དེ་རྣམས་དུས་ཀྱི་གཉན་འཕྲང་ནང་ཉར་ཚགས་ཐུབ་སྟེ། སླར་དུས་ཕྱིས་ཆོས་དད་རང་མོས་ཀྱི་སྒོ་ཕྱེས་ནས་ཆོས་ཀྱི་བྱེད་སྒོ་སྤེལ་ཆོག་པའི་དུས་བཟང་ཤར་སྐབས་མཉམ་མེད་སྐུ་གདུང་གཙོས་པའི་རྟེན་རྫས་རྣམས་སྨན་རི་ཚང་གི་གདན་སའི་རང་གནས་སུ་ཕུགས་ནོར་དུ་བཞུགས་ཐུབ་པ་བྱུང་བའི་མཛད་པ།

༣༽      དབྱིན་ཡུལ་དུ་ཕེབས་ནས་ལོན་ཌོན་མཐོ་སློབ་ཀྱི་བོད་ཡིག་སྡེ་ཁག་ཏུ་སློབ་ཁྲིད་གནང་བ་དང་། དབྱིན་ཡིག་སློབ་སྦྱོང་གནང་བ་མ་ཟད་མཁས་དབང་སེ་ནེལ་དགེ་རབ་དང་ལྷན་དུ་བོན་གྱི་ཐེག་དགུའི་རྣམ་བཤད་དབྱིན་ཡིག་ཐོག་བསྒྱུར་སྤེལ་མཛད་པས་དེ་ནས་བཟུང་ཕྱི་རྒྱལ་བའི་བོན་ཉམས་ཞིབ་པ་རྣམས་ཀྱིས་དབྱིན་ཡིག་ཏུ་བསྒྱུར་བའི་བོན་དཔེ་དངོས་ལ་ཉམས་ཞིབ་གནང་རྒྱུའི་ལེའུ་གསར་པ་ཞིག་དང་། ངོས་འཛིན་གསར་པ་ཞིག་ཐོབ་ནས་འཛམ་གླིང་གོ་ལ་ཧྲིལ་པོའི་ཐོག་བོན་ཆོས་གྱི་བདེན་དོན་གང་ཡིན་གསལ་དུ་བཏང་བའི་མཛད་པ།

༤༽      བོན་གྱི་གྲུབ་མཐའི་སྒོ་རུ་ཞུགས་པའི་བྱེས་འབྱོར་བླ་གྲྭ་རྣམས་དང་། མི་མང་གི་བདེ་སྡུག་ལ་ཐུགས་ཁུར་གནང་ནས་དབྱིན་ཡུལ་ནས་རྒྱ་གར་དུ་ཚུར་ཕེབས་ཏེ། ཁ་འཐོར་བོན་འབངས་རྣམས་ཕྱོགས་གཅིག་ཏུ་བསྡུ་རུག་མཛད་པ་མ་ཟད་ཕྱི་རྒྱལ་རོགས་ཚོགས་ལ་བརྟེན་ནས་སྐུ་ཚེགས་འོ་བརྒྱལ་བརྒྱ་ཕྲག་མང་པོའི་གདོང་བསུས་ཏེ་ཌོ་ལན་ཇི་ཞེས་པའི་ས་གནས་ཉོ་བསྒྲུབས་མཛད་པ་དང་། གཞིས་ཆགས་གསར་འཛུགས་གནང་ནས་མཚན་དུ་བོན་གཞིས་ཐོབ་རྒྱལ་གསར་པ་ཞེས་བྱེས་འབྱོར་བོན་འབངས་རྣམས་ཀྱིས་སེམས་ཆགས་ཡིད་ལུས་བྱེད་ས་སྟེ། རང་དབང་ལྡན་པའི་ཁྱིམ་གཞིས་གསར་དུ་བཙུགས་པ་ཟད་བོན་པོ་ཚོགས་པའི་རྩ་ཁྲིམས་མཛད་དེ་ཁྲིམས་ལུགས་ཀྱི་བདག་དབང་ཡོད་པའི་གཞིས་ཆགས་མིང་དོན་མཚུངས་པ་ཞིག་འཛིན་སྐྱོང་གནང་ཐུབ་པའི་མཛད་པ།

༥༽   ཞང་བོད་ཤེས་རིག་གི་རྩ་བ་གཡུང་དྲུང་གི་བོན་རིན་པོ་ཆེ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གནང་བའི་མཛད་འཕྲིན་ཁུར་དུ་བཞེས་ནས་༸ཡོངས་འཛིན་དམ་པས་གཙོས་བླ་གྲྭ་རྣམས་དང་མཐུ་དཔུང་གཅིག་ཏུ་བསྒྲིལ་ཏེ་བཤད་སྒྲུབ་ཀྱི་གཞི་འཛུགས་ས་རྒྱ་གར་སྨན་རི་དགོན་གྱི་གཞི་རྨིང་བཏིང་བ་དང་། སྒོས་སུ་བླ་གྲྭ་སྟོན་འཁོར་རྣམས་ཀྱིས་ལྷ་སྲུང་བོན་སྐྱོང་ཚོགས་ལ་བདེན་བརྡར་དང་། སྒྲུབ་པ་མཛད་དེ་ལུགས་མཐུན་གྱི་སྒོ་ནས་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གདན་སའི་ཁྲི་རུ་བཀོད་དེ་བླ་ཆེན་གྱི་མཚན་གནས་རྗེས་འབྲེལ་གནང་ཐུབ་པའི་མཛད་པ།

༦༽      ༸ཡོངས་འཛིན་གོང་མའི་ཐུགས་བཞེད་ལྟར་ཧི་མ་ལ་ཡི་རི་གསེང་དུ་གབ་པའི་གནའ་བོའི་བོན་དགོན་ཁག་ནས་བོན་གྱི་གསུང་རབ་མང་པོ་འཚོལ་བསྡུ་དང་། བཀའ་གཡར་ཞུས་ཏེ་རྒྱལ་ས་དིལླཱི་རུ་པར་བསྐྲུན་གནང་ནས་བོན་གྱི་དཔེ་རྒྱུན་ཉམས་གསོ་དང་དར་སྤེལ་བཏང་བ་མ་ཟད་འབྲེལ་ཡོད་དཔེ་མཛོད་སྡེ་ཁག་རྣམས་ལ་གཅེས་སུ་བཞག་པའི་མཛད་པ།

༧༽ ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་མཐུ་དཔུང་གཅིག་ཏུ་བསྒྲིལ་ནས་རྒྱ་གར་དུ་གོང་འོག་བར་གསུམ་ནས་མཐུན་སྦྱོར་ཞུས་ཏེ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་པའི་སྡེ་གསར་དུ་བཙུགས་པ་དང་། ཉིན་རེའི་སློབ་སྦྱོང་གི་རེའུ་མིག་གཏན་ལ་ཕབ་སྟེ་སྐུ་འཁོར་སློབ་བུ་རྣམས་ལ་མདོ་སྔགས་སེམས་གསུམ་ཆ་ཚང་དང་རིག་པའི་གནས་ཆེན་ཁག་རྣམས་ཉིན་ལྟར་རིམ་ཆགས་སུ་སློབ་ཁྲིད་གནང་བ་མ་ཟད་འཆད་ར་རུ་སློབ་བུ་རྣམས་དང་མཉམ་ཕེབས་མཉམ་བཞུགས་གནང་ནས་རྩོད་དང་རྩོད་དཔང་གི་ལ་ཤན་ཕྱེད་དེ་མིག་ལྟོས་ཀྱི་རྒྱན་དུ་མཛད་པ་དང་། མདོ་སྔགས་སེམས་གསུམ་ཀའི་ཁྲིད་ལུང་དབང་གསུམ་གྱི་བརྒྱུད་ཁ་མཐུད་ཅིང་གྱེར་དབྱངས་རྡུང་གསུམ་གྱི་ཕྱག་ལེན་བསླབ་ནས་གདན་ས་གོང་མའི་ཕྱག་ལེན་ཇི་ཡོད་ཕ་ངག་བུ་ལ་གདམས་པ་བཞིན་སློབ་བུ་རྣམས་ཀྱི་རྒྱུད་ཐོག་ཏུ་སྦྱོར་ཐུབ་ཡོད་པ་དང་། ཕྱི་ལོ་ ༡༩༨༦ ལོར་སློབ་ཉིད་ཀྱི་སློབ་བུ་དྲུག་ལ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བསྩལ་བ་ནས་བཟུང་རིམ་ཆགས་སུ་དགེ་བཤེས་ཀྱི་མཛད་སྒོ་བསྐྱངས་ཐུབ་པའི་མཛད་པ།

༨༽       ཕྱི་ལོ་ ༡༩༨༦ ལོར་བོད་དུ་གཞིས་སྐོར་ཐེངས་དང་པོ་ཕེབས་ནས་གཙང་གི་གདན་ས་ཁག་གི་གཙོས་མདོ་སྟོད་སྨད་བར་གསུམ་གྱི་གནད་ཡོད་དགོན་སྡེ་མང་པོར་ཕེབས་ནས་སྐྱེས་ཆེན་བླ་མ་དམ་པ་འགའ་དང་ལྷན་དུ་ཆད་ལ་ཉེ་བའི་རྩ་ཆེའི་དབང་ལུང་རྣམས་འབུལ་བཞེས་གནང་རེས་མཛད་དེ་ཐུགས་དགོངས་འོ་ཆུ་གཅིག་འདྲེས་སུ་གནང་བ་དང་། དེ་བཞིན་ཞབས་ཀྱིས་གཅག་པའི་དགོན་སྡེ་དང་། བླ་བྲང་། གྲོང་སྡེ་ཚུན་ལ་བསྟན་པའི་རྩ་བ་འཆད་རྩོད་རྩོམ་གསུམ་དང་། བཤད་སྒྲུབ་སྒོམ་གསུམ་ལ་ཐུག་ཡོད་པའི་བཀའ་སློབ་ལམ་སྟོན་ཤིན་ཏུ་སྨར་བར་གནང་བ་མ་ཟད་དགོན་སྡེ་མི་ཉུང་བ་ཞིག་ལ་བཤད་གྲྭ་འཛུགས་པའི་རྟེན་འབྲེལ་ཡང་བསྒྲིགས་པ་ནས་བཟུང་སྔ་རྗེས་སུ་ཐེངས་ལྔ་ཙམ་བོད་དུ་ཕེབས་པའི་སྐུ་གསུང་ཐུགས་གསུམ་གྱི་མཛད་པའི་འཕྲིན་ལས་ལས་བཤད་སྒྲུབ་བསྟན་པའི་དབུགས་རྒྱུན་ནགས་ལ་མེ་འཆེད་པ་ལྟ་བུར་གྱུར་ཏེ། དེང་གི་ཆར་བོད་ཕྱི་ནང་གཉིས་སུ་ཉིད་ཀྱི་དངོས་བརྒྱུད་སློབ་མ་དགེ་བའི་བཤེས་གཉེན་དང་། སྒྲུབ་ཐོན་རྣལ་འབྱོར་པ་བརྒྱ་ཕྲག་དུ་མས་བཤད་སྒྲུབ་སྒོམ་གསུམ་གྱི་ཕྱག་ལས་གནང་སྟེ་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས་གྲུབ་མཐའི་རང་རྐང་ཚུགས་ཐུབ་པའི་མཛད་པ།

༩༽  བོན་གྱི་ལུང་གིས་ཟིན་པའི་གནས་ཆེན་འཕགས་པ་ཤིང་ཀུན་གྱི་ཉེ་ས་རུ་གཡུང་དྲུང་བོན་གྱི་དགོན་སྡེ་ཐོག་མ་ཁྲི་བརྟན་ནོར་བུ་རྩེ་ཞེས་དམ་པ་གཤེན་གྱི་དགོན་སྡེའི་མིང་གིས་མཚན་པའི་འདུས་སྡེ་ཕྱག་བཏབ་པ་དང་། བཤད་སྒྲུབ་སྒོམ་གསུམ་གྱི་སྡེ་བཙུགས་ཏེ་མདོ་སྔགས་སེམས་གསུམ་དང་། རིག་པའི་གནས་བཅས་ལ་བརྩོན་པ་མཐར་ཕྱིན་པའི་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་སྩལ་བའི་སྐལ་བཟང་བདག་གིར་བཞེས་པ་དང་། ལྷག་ཏུ་བཤད་གྲྭ་བ་རྣམས་ཀྱིས་བཤད་པ་དང་སྒྲུབ་པ་ཟུང་སྦྲེལ་གནང་བའི་སྲོལ་བཟང་ཚུགས་ཏེ་སྔགས་རིམ་འཛིན་གྲྭས་གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མར་ཆེད་གཉེར་སློབ་སྦྱོང་དང་། སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་རིམ་པ་གོང་བགྲོད་བྱ་རྒྱུའི་ལམ་སྲོལ་བྱུང་ཐུབ་ཡོད་པ། ཡང་སྒོས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དང་ཐུགས་དམ་གཅིག་མཐུན་གྱིས་སྔ་རྗེས་སུ་༸སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་དང་། ཁྲི་བརྟན་ནོར་བུ་རྩེའི་གདན་སའི་མཁན་པོ་ཉི་མ་དབང་རྒྱལ། མཁན་པོ་བསྟན་པ་གཡུང་དྲུང་། དཔོན་སློབ་ཚངས་པ་བསྟན་འཛིན། སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་བཅས་གདན་ས་འཛིན་སྐྱོང་གནང་མཁན་དང་། བཤད་སྒྲུབ་འཆད་ཉན་གྱི་སྡེ་སྐྱོང་མཁན་སོ་སོར་ཁྲི་བཞེངས་མཛད་སྒོ་བསྐྱང་བའི་སྐལ་བཟང་ལེགས་གྲུབ་བྱུང་སྟེ་ཕྱོགས་སོ་སོས་དགོན་སྡེ་དང་བཤད་སྒྲུབ་ཀྱི་བསྟན་པའི་མཛད་ཆེན་ཁུར་དུ་བཞེས་ཐུབ་པའི་མཛད་པ།

༡༠༽     མཁས་པའི་བྱ་བ་དྲུག་ཉམས་སུ་བཞེས་པའི་ཕྱག་རྗེས་སུ་མདོ་སྔགས་སེམས་གསུམ་དང་། རིག་པའི་གནས་རྣམས་ཀྱི་དཀའ་གནད་བཀྲོལ་བའི་ལེགས་བཤད་གསུང་འབུམ་པོད་བཅུ་དྲུག་ལྷག་ཕྱི་རབས་རྗེས་འཇུག་རྣམས་ལ་ལེགས་སྐྱེས་གཅེས་སུ་བཞག་གནང་བ་དང་།

ཡང་སྒོས་རབ་བྱུང་འདུལ་བ་པ་རྣམས་གཡུང་དྲུང་གཙུག་གཤེན་རྒྱལ་བའི་རྗེས་སུ་འབྲང་ནས་མཛད་མདོའི་དགོངས་དོན་དཀའ་ཐུབ་ལ་གནས་དགོས་པའི་བཀའ་སློབ་ལམ་སྟོན་དང་སྦྲགས་དཀའ་གནད་གསེད་དཀྲོལ་མཛད་དེ་སྲོལ་བཟང་བཙུགས་པས། དེ་མུས་བོད་ཕྱི་ནང་གཉིས་སུ་ལོ་བསྟར་དཀའ་ཐུབ་ལག་ལེན་གྱི་བཅས་ཁྲིམས་ལ་འཇུག་པའི་རབ་བྱུང་བའི་སྡེ་དུ་མ་རིམ་པ་འཕེལ་རྒྱས་ཕྱིན་པའི་མཛད་པ།

    དེ་མཚུངས་སྟོན་པའི་ཆ་ལུགས་ཀྱི་རྣམ་བཤད་མདོ་རྒྱུད་ཁུངས་ལ་གཏུགས་ནས་བྲིས་བརྩམས་དང་འཆད་སྤེལ་གནང་བས་བོན་གྱི་ལྷ་བྲིས་པ་དང་། བཟོ་བོ་དུ་མས་སྟོན་པ་གཤེན་རབ་ཀྱི་ཆ་ལུགས་ཚུལ་མཐུན་ལུགས་མཐུན་གྱི་བཞེངས་ལུགས་གང་ཡིན་ངོས་འཛིན་ར་སྤྲོད་གསལ་པོ་ཐོབ་ཡོད་པའི་མཛད་པ། 

    ལྷག་པར་དུ་ད་སྔོན་བོན་གྱི་མཁས་པ་མང་པོས་སྟོན་པའི་འཁྲུངས་ཟླ་ལ་ངོས་འཛིན་དང་། རྩིས་གཞི་མི་འདྲ་བ་མཛད་ཡོད་པ་རྣམས་ལ་དོག་སེལ་དགག་སྒྲུབ་མཛད་དེ། མདོ་རྒྱུད་ཁུངས་ལ་གཏུགས་ཤིང་རྩིས་གཞུང་མང་པོ་གཞི་ལ་བཞག་ནས་ས་རིས་ཕྱག་གིས་བྲིས་པའི་མཛད་རྗེས་སུ། གནམ་གྱི་གཟའ་སྐར་འཕྲོད་སྦྱོར་དང་ལུང་གི་བདེན་པ་གཅིག་ཏུ་བབ་ནས་ཧོར་ཟླ་བཅུ་གཉིས་པ་སྟོན་པའི་འཁྲུངས་ཟླ་རུ་ངེས་གཏན་གནང་བའི་མཛད་པ། 

ང༽ གཡུང་དྲུང་བོན་གྱི་མདོ་རྒྱུད་ཁག་དང་། གསང་སྔགས་ཆོག་ཁྲིགས་རྣམས་ཀྱི་གཞུང་དོན་ཁུངས་སུ་མཛད་པའི་དཀྱིལ་འཁོར་དང་། མཆོད་རྟེན། ཐང་ག་གསུམ་གྱི་ཐིག་རྩ་དང་། ལྷ་བཀོད་བྲིས་བརྩམས་གནང་བ་མ་ཟད་དེ་དག་རེ་རེའི་ཕྱག་ལེན་བསླབས་པ་དང་སྦྲགས་བྲིས་ཐང་འབྲི་བཞེངས་གནང་ནས་སྔ་ཕྱི་རིམ་པར་དཔེ་སྐྲུན་ཁང་མི་འདྲ་བ་དང་། ཉི་ཧོང་ཨོ་ས་ཁའི་རྒྱལ་ཡོངས་མི་རིགས་རྩད་ཞིབ་རིག་པའི་འགྲེམ་སྟོན་ཁང་བཅས་ཁག་སོ་སོ་ནས་དཔེ་དེབ་དཔར་སྐྲུན་བྱས་པ་དང་། དེ་མུས་འགྲེམ་སྤེལ་དང་དར་རྒྱས་ཤུགས་ཆེན་བྱུང་ནས་དེང་བོད་ཕྱི་ནང་གཉིས་ནས་དཔེ་ལྟོས་དང་མིག་རྒྱན་དུ་གྱུར་ཕྱིར་དེ་སྔོན་ཟུར་དུ་ལྷག་པའི་ཞང་བོད་བཟོ་རིག་འདི་ལ་འབུར་དུ་ཐོན་པའི་ཕྱག་ལེན་རྗེས་བཞག་གནང་བའི་མཛད་པ།

༡༡༽     ཕྱི་ལོ་ ༡༩༨༩ ལོར་ཕྱི་གླིང་དུ་བོན་ཆོས་འཆད་ཁྲིད་ཐོག་མར་གནང་བ་ནས་བཟུང་བོན་ཆོས་ཉམས་ལེན་གནང་མཁན་ཕྱི་རྒྱལ་གྱི་སློབ་ཚོགས་བསྐྱངས་པ་དང་། ཁྱད་པར་དུ་ཕྱི་ལོ་ ༢༠༠༥ ལོར་ཉིད་ཀྱི་ཐུགས་སྲས་མཁན་པོ་བསྟན་པ་གཡུང་དྲུང་སྟོན་འཁོར་གཉིས་ནས་ཕ་རན་སིས་ France གཤེན་བསྟན་དར་རྒྱས་གླིང་ཞེས་པའི་དགོན་སྡེ་ཕྱག་བཏབ་སྟེ་ཕྱི་ནང་རྟེན་དང་བརྟེན་པ་འཐུས་ཚང་རྗེས་སུ་བཞག་པ་དང་། དེ་མུས་ནུབ་ཕྱོགས་སློབ་མ་རྣམས་ལ་ལོ་བསྟར་རྫོགས་པ་ཆེན་པོའི་བོན་སྡེ་རྣམས་བློ་ཚོད་དང་བསྟུན་ཁྲིད་ལུང་བཀའ་དྲིན་བསྐྱངས་པ་དང་། ཡང་སྒོས་ཨ་ཁྲིད་དང་སྙན་རྒྱུད་ཀྱི་ཕྱག་ལེན་རྣམས་ཁྲིད་རིམ་ཇི་བཞིན་བསྟར་ཆགས་སུ་ཉམས་ལེན་གནང་བའི་སྒོམ་སྒྲུབ་ཀྱི་སྡེ་བཙུགས་ཏེ་ལོ་ལྟར་སློབ་མའི་གྲངས་ཚད་ངེས་ཅན་ཞིག་གིས་དུས་བཅད་ཀྱི་སྒོ་ནས་འཆད་ཉན་སྒོམ་སྒྲུབ་དང་ཉམས་ལེན་ཟུང་སྦྲེལ་གནང་བའི་སྲོལ་བཟང་བཙུགས་པའི་མཛད་པ།

༡༢༽  ཡི་དམ་ཕྱི་ནང་གསང་གསུམ་གྱི་གསང་སྔགས་ཕྱག་ལེན་རྣམས་གྲྭ་ས་གོང་མའི་ལུགས་སྲོལ་ཇི་བཞིན་ཆུ་ལ་ཆུ་བཞག་ཏུ་སློབ་མ་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་འདྲེས་པར་མཛད་དེ། དམིགས་བསལ་སྔར་དུས་སུ་སྨན་རིའི་མཁན་ཆེན་རེའི་སྐུ་དུས་སུ་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་པ་ཆེན་པོ་ཐེངས་རེ་ཙམ་མ་གཏོགས་འགྲུབ་མི་ཐུབ་པའི་གསང་སྔགས་ཀྱི་སྒྲུབ་པ་ཆེན་པོ་དེ་ཉིད་བྱེས་སུ་ཕེབས་རྗེས་སྔ་ཕྱི་ཐེངས་གསུམ་ཙམ་ལ་བསླབས་པ་དང་། སྒྲུབ་པའི་ཕྱག་ལེན་རྗེས་བཞག་གནང་བའི་མཛད་པ། དེ་འབྲེལ་བོད་ཀྱི་གསོ་བ་རིག་པའི་འབྱུང་ཁུངས་གསོ་རིག་འབུམ་བཞིའི་སློབ་གྲྭ་དང་། ཞང་ཞུང་ལྡོང་ལུགས་རི་མོའི་སློབ་གྲྭ་གཉིས་ལ་མཐུན་སྦྱོར་རྒྱབ་སྐྱོར་དང་བཀའ་སློབ་ལམ་སྟོན་གནང་བའི་ཐུགས་རྗེའི་མཐུ་སྟོབས་ལ་བརྟེན་ནས་དགེ་སློབ་དུ་མས་འཆད་འཁྲིད་དང་སློབ་སྦྱོང་གི་གོ་སྐབས་ཐོབ་པ་དང་། སློབ་མ་མི་ཉུང་བ་ཞིག་གིས་སྦྱོང་འབྲས་ཀྱི་བྱང་ཚད་མཐོན་པོ་ལོན་ནས་སྤྱི་ཚོགས་ལ་ཕན་བདེ་བསྒྲུབ་ཐུབ་ཡོད་པ་མ་ཟད། དེ་མུས་འཛིན་གྲྭ་དེ་གཉིས་ཁྲིམས་མཐུན་ལུགས་མཐུན་གྱི་སྒོ་ནས་མུ་མཐུད་འཛིན་སྐྱོང་གནང་ཐུབ་པའི་མཛད་པ་བཅས་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་སྐུ་ཚེའི་མཛད་རྣམ་ཆེ་ཁག་རྣམས་གྲངས་བཅུ་གཉིས་སུ་བསྡུས་ཏེ། རྫོགས་པའི་སངས་རྒྱས་གཤེན་རབ་མི་བོའི་སྐུ་ཡི་འཁྲུངས་སྐར་གྱི་དུས་བཟང་དགེ་བའི་ཆར་དད་ལྡན་རྣམས་ལ་མཐུན་སྦྱོར་ངོ་སྤྲོད་ཀྱི་ཚུལ་དུ་དགེ་བཤེས་བསྟན་འཛིན་སྦྱིན་པས་ཕྱི་ལོ་ ༢༠༡༦ ཟླ་ ༠༡ ཚེས་ ༢༣ ཉིན་བཅོ་ལྔའི་རྒྱལ་གྱི་ཉ་ལ་ཕུལ།།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།