འདི་སྣང་བོན་སྐུ་རུ་གྲོལ་ཤོག

0
3432
ཀུན་བཟང་ཐུགས་སྤྲུལ་སྐུ་མདོག་ཤེལ་དཀར་འོད། །དྲི་མེད་མདངས་གསལ་འོད་ཟེར་ཕྱོགས་བཅུར་འཕྲོ། །རྒྱན་མེད་གཅེར་བུ་ཡེ་ཉིད་སྙིང་པོའི་དོན། །མཁྱེན་གཉིས་ཐུགས་རྗེས་འགྲོ་བའི་དོན་ལ་དགོངས། །

རྩོམ་པ་པོ། ཚུལ་ཁྲིམས་དྲི་མེད།

ཕར་ལ་བལྟས་ཚོད་ཅིག་ལ་སྐྱིད་སྣང་གི་ལོངས་སྤྱོད།།

དེ་ཉིད་རང་ལ་ཐོབ་ཚེ་སྙིང་པོ་ཞིག་མི་ཚོར།།

ཡང་ཅིག་སེམས་པ་ཤོར་ས་གཞན་ཞིག་ལ་འོང་བ།།

འདི་སྣང་འཁྲུལ་པ་ཡིན་པའི་གནས་ལུགས་དེ་ཨེ་རེད།།

༧ མཐོང་ཙམ་གོ་ཙམ་ཞིག་ལ་ཐག་རིང་ན་ཡོད་དུས།།

དེ་ལ་རེ་དང་འདོད་པས་ལུས་སེམས་ཀུན་བསྲེག་འགྲོ།

དངོས་སུ་ཞུགས་ཤིང་ཐོབ་ན་དམིགས་བསལ་ཞིག་མི་འདུག།

འཇིག་རྟེན་སྙིང་པོ་མེད་པའི་རང་བཞིན་དེ་ཨེ་རེད།།

༧ ཇི་ཙམ་འདོད་འདོད་བྱས་ཀྱང་ད་དུང་ཡང་འདོད་ཅིང་།།

མི་དགོས་རྒྱང་སྐྱུར་བྱས་ཚེ་དེ་ཀ་ཡིས་འགྲིག་པ།།

དེ་གཉིས་ཐོབ་ཤོར་བསམ་ན་ཕྱི་མ་དེ་ཅི་ཁྱད།།

འདོད་ཆུང་ཆོག་ཤེས་དགོས་པའི་གནས་ལུགས་དེ་ཨེ་རེད།།

༧ དངོས་སུ་མིག་སྔུན་དེ་ཡིས་སེམས་ཁ་དེ་མི་གང་།།

ཐག་རིང་ཐག་རིང་ཞིག་ལ་ཡིད་སྨོན་རང་འཆོར་བཞིན།།

རང་ལག་ཡོད་པའི་གོ་སྐབས་གཅིག་གཉིས་ནས་འཆོར་འགྲོ།

ཡིད་ཆེས་རང་ལ་དགོས་པའི་བདེན་པ་དེ་ཨེ་རེད།།

༧ དེ་རིང་བལྟ་རེག་མྱོང་གསུམ་དབང་པོ་ཡི་གཡེང་བ།།

ཅི་འདྲའི་སྐྱིད་སྣང་ཆེ་ཡང་ཐོབ་རྒྱུ་ཞིག་ཅི་ཡོད།།

སང་ཉིན་ཕྱི་དྲན་བྱེད་དུས་འགྱོད་པ་ལས་མི་འདུག།

སྣང་བ་བསླུ་བྲིད་ཡིན་པའི་རྣམ་འགྱུར་དེ་ཨེ་རེད།།

༧ གནས་སུ་ཚུལ་བཞིན་འདུག་དུས་རྒྱ་གྲོང་དུ་གཡེང་འདོད།།

གྲོང་དུ་འཁྱམ་ཞིང་ཉུལ་དུས་དབེན་ས་དེ་དྲན་པ།།

གར་སོང་གར་བསྡད་ས་ལ་མ་འགྲིག་པ་རེ་རེ།།

འཁོར་བ་སྡུག་བསྔལ་ཡིན་པའི་ངང་ཚུལ་དེ་ཨེ་རེད།།

༧ མི་དང་བསྟུན་མཁས་བྱས་ན་རང་དོན་དེ་འཆོར་ཞིང་།།

རང་འདོད་ཁོ་ནར་བྱས་ནས་རོགས་གྲལ་ནས་འབུད་འགྲོ།།

ཅི་བྱས་རང་དུ་མི་འགྲིག་འགལ་འདུ་ཞིག་ཁོ་ན།།

ཀུན་རྫོབ་འཁྲུལ་རྒྱ་ཡིན་པའི་ངང་ཚུལ་དེ་ཨེ་རེད།།

༧ ཁྱོད་ལ་བདེན་རྐྱང་ཡིན་པའི་གནས་ལུགས་ཀྱི་གཤིས་ལ།།

ཁོ་ཡིས་རྫུན་རྐྱང་ཡིན་པའི་སྐད་ཆ་དེ་མང་ངོ་།།

འཇིག་རྟེན་གང་ལ་བལྟས་ཀྱང་དེ་ལྟར་ལས་མ་འདས།།

འདི་སྣང་བློས་བཏགས་ཡིན་པའི་གྲུབ་ཚུལ་དེ་ཨེ་རེད།།

༧ བསམ་ན་བྱ་བ་འགའ་ལ་སྙིང་པོ་དེ་མེད་པ།།

རང་སེམས་ཐག་གིས་ཆོད་ཀྱང་རང་དབང་ཞིག་མི་འདུག། 

ཡང་ནས་ཡང་དུ་དེ་ལ་རྩེད་སྙིང་རང་འདོད་པ།།

སྣང་བར་ཉིང་འཁྲུལ་བརྩེག་པའི་རྐྱེན་དབང་གིས་ཨེ་རེད།།

༧ བྱིས་དུས་རྩེད་ར་ཅི་འདྲའི་བདེན་སྣང་གིས་བསྐྲུན་ཀྱང་།།

ད་ལྟར་བལྟས་ན་རྨི་ལམ་ངོ་མ་ལས་མི་འདུག།

དེ་ལྟར་བསམ་ན་ཡོད་ཚད་འགྱུར་རྒྱུ་ལས་ཅི་ཡོད།།

འདི་སྣང་ངེས་པ་མེད་པའི་གཏན་ཚིགས་དེ་ཨེ་རེད།།

༧ བདེར་གཤེགས་བཀའ་ལུང་བསམ་ན་འཇིག་རྟེན་འདི་ཡོད་ཚད།།

སྒྱུ་མའི་གཟུགས་ལས་མེད་ཀྱང་སྣང་བ་འདིར་བལྟས་ན།།

བདེན་པ་ཧྲེང་ངེ་བ་ལས་རྫུན་ཚུལ་ཤིག་མ་མངོན།།

འཁྲུལ་སྣང་གོམས་ཐག་ཆོད་པའི་ལག་རྗེས་ཀྱིས་ཨེ་རེད།།

༧ རེག་ན་མེ་ཡིས་ཚ་བ་མངོན་སུམ་ན་གྲུབ་བཞིན།།

འདི་རང་རྫུན་དུ་བཤད་ན་བདེན་བློ་ཞིག་སྐྱེའམ།།

གཏམ་དེ་རྣ་བར་ཐོས་ཚེ་གོ་བདེ་ཞིག་མི་ཡོང་།།

བདེན་འཛིན་མངོན་གྱུར་ཡིན་པའི་བདེན་དཔང་དེ་ཨེ་རེད།།

༧ ཀྱེ་མ་ཀུན་རྫོབ་འཁོར་བའི་འཁྲུལ་པ་ཡི་རྒྱ་འདི།།

ཞིག་ནས་རྩོལ་མེད་ལྟ་བ་རང་དབང་གི་ཀློང་ན།།

གང་འདོད་ཅི་ཤར་རིག་པ་རང་ས་རུ་གློད་དེ།།

ནམ་ཞིག་འདི་སྣང་ཅིས་ཀྱང་བོན་སྐུ་རུ་གྲོལ་ཤོག།

སྤྱི་ལོ་༢༠༡༦/༢/༢/ཉིན་བྲིས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།