ང་ཡི་སྟོན་པ་ཉི་ཟླ་ཟུང་གཅིག།

0
1516

དྲ་ཐག་འདི་མནན་ན་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་མེ་སྤྲེལ་གནམ་ལོ་གསར་ཚེས་ལ་འཚམ་འདྲི་ཞུས་པ་གཟིགས་ཐུབ་ཀྱི་ཡོད།

https://www.youtube.com/watch?v=Gja9Y1Hw5X8&feature=youtu.be

རྩོམ་པ་པོ་ཁྱུང་ཐོག་རྒོད།

འོད་ཀྱིས་ས་ཆེན་དྲོས་པའི་ཉི་ཟླ་ཟུང་།།

གཤེན་བསྟན་གྱེན་ལ་བཏེགས་པའི་ཀ་བ་ཆ།།

ང་ཡི་མྱེས་ཆེན་ནམ་མཁའི་ཞལ་ངོ་ཅན།།

ཀླད་ཀྱི་གུར་དུ་བསྐལ་པ་བརྒྱ་རུ་དབུབ།།

ཞི་བའི་སྤྱན་རྩ་གྲུང་བའི་ཞལ་རླངས་ཀྱིས།།

གླིང་ཆེན་བཞི་ཡི་གོ་ལ་ཐུགས་རྗེས་ནེམ།།

བཅུ་ཕྲག་བརྒྱད་དགུའི་དབུ་རྨོག་བཙན་པ་ཡི།།

སྨན་གྱི་རི་བོའི་གསེར་གདུགས་ཆ་འགྲིག་ཡིན།།

བརྒྱ་ལ་ཉེ་བའི་བགྲང་བྱའི་རྩིབས་སྟོང་ཅན།།

ངལ་མེད་བསྟན་ལ་བསྐོར་བའི་འོད་རླབས་ཀྱིས།།

ལྷོ་ཡི་གླིང་ཆེན་ཉིད་ཀྱི་བྲང་གཞུང་དུ།།

བཤད་དང་སྒྲུབ་པའི་ཞབས་རྗེས་ལམ་མེར་དཔར།།

ས་ཡི་ཁྱེའུ་ནམ་མཁའི་སྐུ་སྲོག་ཅན།།

འཁར་བར་ཕྱག་གིས་བརྟེན་པའི་ཨ་སྐྱོའི་སྒྲུང་།།

ལྷོ་ཡི་ཚ་བའི་རྫོབ་ཏུ་ཞབས་ཀྱིས་བྲིས།།

གངས་ཀྱི་རི་ལ་གཡུང་དྲུང་དམུ་ཐག་བསྲིངས།།

སྨན་གྱི་རི་བོའི་སྟོན་པ་སྤྱན་གཅིག་པ།།

དེ་ཡི་ཐུགས་སྲས་དྲང་སྲོང་སུམ་ཅུའི་གྲངས།།

བྲུ་ཡི་བ་དན་སྲིད་རྩེར་བསྒྲེངས་པ་ལ།།

འགྲན་གྱི་ཟླ་མེད་དྲན་དབང་ཉི་ཟླ་གཉིས།།

ང་ཡི་བསྐལ་པ་ནམ་མཁའི་མཐའ་ཀླས་སུ།།

ཁྱེད་གཉིས་གོ་ལའི་ཚེ་སྲོག་ཆ་གཅིག་ཡིན།།

དབུ་ལོ་དཀར་པོ་བྱིན་རླབས་ཕྲོམ་ཕྲོམ་གྱིས།།

མི་ཤིག་གཡུང་དྲུང་གཤིས་སུ་རྟག་ཏུ་བརྟན།།

མེ་སྤྲེལ་གནམ་ལོ་གསར་པའི་ཚེས་གཅིག་ཉིན་ཁྱུང་ཐོག་རྒོད་ཀྱིས་ཀླུ་གྲུབ་རི་འདབས་ནས་བཏེགས།།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།