སྤུ་རྒྱལ་རིག་སློབ་ཁང་ནས་རྗེ་མཉམ་མེད་ཆེན་པོའི་དུས་ཆེན་ལ་ཕུལ་བའི་བསྟོད་ཚོམ།

0
2197
སྤུ་རྒྱལ་རིག་སློབ་ཁང་ནས་རྒྱལ་བ་མཉམ་མེད་ཆེན་པོའི་དུས་ཆེན་ལ་ཕུལ་བའི་མཆོད་ཚིག་གི་ལེ་ཚན་ཞིག་བཀོད་ཡོད་པས་དགྱེས་གཟིགས་གནང་བར་ཞུ།

22གསོལ་སྨོན་དད་པའི་མེ་ཏོག

དགེ་བཤེས་བསྟན་འཛིན་རྣམ་རྒྱལ།

༧ལྷ་གཅི༵ག་ཐོད་དཀར་སྲས་ཀྱི་རྒྱལ་བའི་ཚབ།། རྗེ་གཅི༵ག་རྒྱལ་བ་མཉམ་མེད་ཆེན་པོ་ཡི།།

དུས་གཅི༵ག་འཁྲུངས་མཆོད་རྫོཌ་ལྡན་བསུ་བའི་ཉིན།། རྩེ་གཅི༵ག་སྒོ་གསུམ་གུས་བརྒྱས་སྨོན་པའི་དོན།།

༧དག་གཉི༵ས་བོན་སྐུ་ལྷ་ལམ་ཡངས་པ་ནས།། མཁྱེན་གཉི༵ས་ཉི་ཟླའི་འོད་སྣང་འབུམ་ཕྲག་གིས།།

    ལུགས་གཉི༵ས་ཤེས་བྱའི་བློ་གྲོས་པད་ཚལ་བཞད།། དོན་གཉི༵ས་འབྲས་བུ་སྨིན་པའི་བྱིན་རླབས་སྩོལ།།

  ༧ཁམས་གསུ༵མ་སྲིད་པའི་གྲོང་དུ་འཕྱན་པ་ཡི།། དུག་གསུ༵མ་ལས་ཀྱིས་མནར་བའི་ཉམ་ཐག་འགྲོ།།

སྒོ་གསུ༵མ་མ་དག་ཉེས་ཚོཌ་ཀུན་བྱང་ནས།། གསང་གསུ༵མ་དགོངས་པ་རྒྱུད་ལ་འཕོ་བར་མཛོད།

                           རྗེ་བཙུན་རྒྱལ་བ་གཉིས་པ་དཔལ་ལྡན་སྨན་རི་བ་ཆེན་པོའི་སྐུ་ཡི་འཁྲུངས་མཆོད་ཆེན་མོར་རྗེས་དྲན་གསོལ་སྨོན་གྱི་ཤིས་ཚིག་འདི་ཡང་། གང་གི་བསྟན་པའི་རྗེས་སུ་མོས་ཤིང་གདན་སའི་དགེ་མིང་ཙམ་འཛིན་པ་བསྟན་འཛིན་རྣམ་རྒྱལ་གྱིས་སྒོ་གསུམ་གུས་པའི་ཕྱག་དང་བཅས་མ་ཧཱ་ཙོ་ནའི་གྲོང་ཁྱེར་ཐེན་ཅིན་ནས་ཕུལ།

པོ་ཏི་སྔོན་པོ་ཁུར་བའི་སྐྱེས་ཆེན།

ཞུ་ཚང་བ།

༧ཉི་ཟླའི་གཤོག་པ་གནམ་ནས་རྐྱོང་བཞིན་དུ།། སྤྲིན་པའི་བང་རིམ་གཤག་པའི་ཁྱུང་ཆེན་དེ།།

སྐུ་མཚན་གཡུང་དྲུང་རི་མོ་བཀྲ་བ་དེས།། གངས་ཀྱི་རི་གྲོང་འོད་ཀྱིས་ཁེངས་པར་བྱས།།

༧གྱེར་གཤེན་བསིལ་ངད་འཐུལ་བའི་ལྡིང་ཁང་ནས།། གངས་རིའི་གཅེས་ཕྲུག་ཅིག་གི་ལང་ཚོ་ཡིས།།

མེས་བོན་གཤེན་གྱི་ཅོད་པན་འཆང་ནས་སུ།། རྒྱལ་གཤེན་བོན་གྱི་བསྭོ་སྒྲ་ཤུགས་ཀྱིས་གྲགས།།

༧ཕྱི་ནང་ལྷ་རུ་བཞེངས་པའི་དགོངས་རྩལ་ལ།། གསེར་མདོག་ལང་ཚོའི་བཞིན་རས་འཛུམ་བཞིན་དུ།།

མཐའ་བཞིའི་རྒྱ་ལས་གྲོལ་བའི་ལྟ་བ་དེས།། རིམ་གསུམ་བསྟན་པའི་སྲོག་ཤིང་ཞེས་སུ་གྲགས།།

༧མཁྱེན་དཔྱོད་བདེན་ཁ་བརྡར་བའི་ངར་ཞགས་ཀྱིས།། ལོག་རྟོག་ཐ་རམ་རྩད་ནས་བཅད་པ་ཡི།།

གངས་རིའི་ལྷ་ཁང་ཞིག་གི་ཡར་ཕུགས་ནས།། གཞུང་ཆེན་འཕྲུལ་སྒྲོན་རྣམ་ལྔའི་འོད་ཟེར་འབར།།

༧ཁ་བའི་རི་གྲོང་ཞིག་གི་གསང་ལམ་ནས།། གནས་ལུགས་དམར་པོའི་ཞབས་རྗེས་འཇོག་བཞིན་དུ།།

རིགས་ཚོགས་དྲུག་པོ་ལེགས་ལམ་དཀྲིས་པས་ན།། ཡབ་རྗེ་གཉིས་པའི་མཚན་སྙན་བདག་གེར་བཞེས།།

༧བདེན་པའི་དཔུང་གི་རྒྱབ་བརྟེན་མཐུག་པ་ཡི།། རང་ལྟ་མི་ཆགས་གཞན་ལྟ་མི་སྡང་བའི།།

པོ་ཏི་སྔོན་པོ་ཁུར་བའི་སྐྱེས་ཆེན་ཞིག། དོ་དགོང་རྒྱུ་སྐར་ཁྲོད་ནས་ལྷམ་མེར་དྲན།།

༢༠༡༦/༢/༡༣དགོང་མོར།

ཡབ་རྗེ་དམ་པ།

སྙུག་ལྕེ།

༧ཐོས༵་པ་ཚད་དུ་རྫོགས་པའི་ཤེས་རབ་འཁྲུངས།། བས༵མ་པ་ཁོང་དུ་ཆུད་པའི་རྟོག་དཔྱོད་འབར།།

སྒོམ༵་པ་གདེང་དུ་ཐུབ་པའི་དན་རྟགས་བཀོད།། མཉམ་པ་མེད་པའི་སྤྱན་གཅིག་ཁྱེད་ལ་གུས།།

༧འཆ༵ད་པ་འགྲོ་དྲུག་གསོས་བྱེད་བདུད་རྩིའི་བཅུད།། རྩོད༵་པ་མུ་སྟེགས་ཚར་ཐག་གཅོད་པའི་མཚོན།།

རྩོམ༵་པ་ཤེས་རིག་དབལ་ཁ་བསྟོད་པའི་གཉེན།། གངས་ཅན་མཁས་པའི་མཆོག་གྱུར་རྒྱལ་རོང་བ།།

༧ལུས༵་ཀྱི་ཉམས་ནས་དད་པའི་མེ་ཞིག་འབར།། ངག༵་གི་འདབ་ནས་འཕྲུལ་སྒྲོན་རྣམ་ལྔ་འཕྱུར།།

ཡིད༵་ཀྱི་གཏིང་ནས་གཞན་ཕན་སེམས་ཤིག་མངོན།། རྒྱལ་བ་སྟོང་གི་གཙུག་རྒྱན་སྨན་རི་བ།།

༧ཚད་གསུམ་ལུང་རིགས་སྨྲ་བ་ཡིད་ཀྱིས་གུད།། ཕ་རོལ་ལོག་པར་སྨྲ་རྣམས་མཚང་དུ་རྟོལ།།

དད་བརྩོན་ཤེས་རབ་ཆེན་པོའི་གོ་ཆ་ཅན།། འཛམ་གླིང་མཁས་གྲུབ་ཅོད་པན་སྨན་རི་བ།།

༧བདེན་པའི་བོན་གྱི་གནས་ལུགས་ཚུལ་བཞིན་རྟོགས།། ལྟ་བ་སྟོང་པ་ཉིད་ཀྱི་ལམ་ཞིག་བརྟན།།

འཇིག་རྟེན་ཕུན་ཚོགས་མི་བདེན་རྫུན་དུ་མཐོང་།། འཁོར་འདས་དབྱེ་བ་འབྱེད་པའི་རྫོགས་ཚིག་འཕངས།།

༧མཁའ་མཉམ་སེམས་ཅན་རང་གི་མ་རྒན་ཤེས།། བདག་གཞན་མཐའ་དང་མཉམ་པའི་ཐིག་ཤིང་བཞག།

འཁོར་བའི་ཉེས་དམིགས་འཇིགས་ཤིང་སྐྲག་པར་དགོངས།། འགྲོ་ལ་བརྩེ་ཆེན་སྙིང་རྗེའི་འོད་ཞགས་དབྱུག།

༧སྨིན་གྲོལ་བདེ་ཆེན་ཞིང་དུ་བགྲོད་འདོད་ཚོ།། རྨ་མེད་རྒྱལ་གཤེན་བསྟན་པས་ལམ་ཞིག་དྲངས།།

མ་ཤེས་རྨོངས་པའི་དྲ་བར་ཚུད་པ་རྣམས།། མདོ་སྔགས་བཤད་སྒྲུབ་ཟུང་གིས་སྒོོ་མོ་ཕྱེས།།

༧དམ་པའི་ཡོན་ཏན་ཆ་ཙམ་བརྗོད་པ་དེ།། མེ་ཏོག་ཆུང་ཡང་ལྷ་རྫས་ཤིག་གི་དོད།།

སྐུ་ཉིད་མཆོག་གི་འཁྲུངས་སྐར་དུས་བཟང་དེར།། སྒོ་གསུམ་གུས་པ་ཆེན་པོས་བསུ་བ་ཞུ།།

སྤྱི་ལོ་༢༠༡༦ལོའི་བོད་ཟླ་༡པོའི་ཚེས་༥ཡབ་རྗེ་དམ་པ་མཉམ་མེད་རིན་པོ་ཆེའི་འཁྲུངས་མཆོད་ཉིན་མོར།

མྱེས་པོ་བཀའ་དྲིན་ཅན།

ཞོགས་སྤྲིན།

༧གདུལ་བྱའི་ལས་དབང་ལ་སྐལ་བཟང་ཞིག་ཡོད་ཅིང་།། བོན་བསྟན་ཉི་མ་ལ་ནུབ་པ་དེ་མེད་པས།།

སྲིད་པའི་ཁྱོན་ཀུན་ལ་ཐུགས་བརྩེ་ཡིས་ཁྱབ་པའི།། དུས་གསུམ་སེམས་དཔའ་ཞིག་བོད་ཡུལ་དུ་བྱོན་ཡོད།།

༧མ་འགྲིབ་དུས་ངན་གྱི་རླུང་ནག་དེ་རྒོད་ཅིང་།། བོན་བསྟན་མེ་ཏོག་ལ་སད་སེར་དེ་དྲག་ཀྱང་།།

དཀའ་ཁག་མོད་པོ་ཡི་རྒྱབ་ཁུག་ཅིག་ཁུར་ནས།། དམུ་གཤེན་འདུལ་སྐལ་ལ་ཁྲག་རྒྱུན་ཞིག་བསྲིངས་ཡོད།།

༧གཤེན་རབ་ཐུགས་ཉིད་ཀྱི་ཀློང་ཡངས་ནས་འབབ་པའི།། བརྒྱ་ཕྲག་རིག་གཞུང་གི་གལ་གནད་ཀྱི་ཆུ་བོ།།

རྗེས་འཇུག་བོན་ཕྲུག་ལ་བསྒྲོད་ཐབས་ཤིག་དཀོན་དུས།། པོ་ཏིའི་ཟམ་ཆེན་ཞིག་རིང་མོ་རུ་བཙུགས་ཡོད།།

༧ཐེག་དགུའི་ཉི་མ་དེ་སྲིན་བྱ་ཡི་མིག་ལ།། འཆར་བའི་སྐལ་བ་ཞིག་རྩ་བ་ན་མེད་དུས།།

སྒྲོ་སྐུར་དྲག་པོ་ཡི་ས་སྲོད་ཀྱི་མུན་པ།། འཕྲུལ་སྒྲོན་སྣ་ལྔ་ཡི་འོད་མདངས་ཀྱིས་བཅོམ་ཡོད།།

༧འཁོར་བའི་གཡང་ས་ལ་ཞེན་ཆགས་ཀྱིས་མ་བསླད།། གཉེན་ཉེ་རིང་ལུགས་ལ་བརྩེ་དུང་དེ་མ་བཞག།

བསླབ་གསུམ་རིན་ཆེན་དང་ཚད་གསུམ་གྱི་རིགས་པས།། བསྟན་དང་འགྲོ་བ་ལ་མཛད་བཟང་དེ་ཆེ་ཡོད།།

༧སྐུ་ཚེ་གཡུང་དྲུང་དེ་མི་རྟག་གི་ཚུལ་དུ།། འཁོར་དང་འདུལ་བྱ་ལ་བཀྲི་དྲངས་སུ་བསྟན་ཕྱིར།།

བོན་དབྱངས་སྙན་མོ་ཡི་གསུངས་གདམས་དང་ལྷན་ཏུ།། དག་ཞིང་འོལ་གླིང་ལ་འཆིབ་བསྒྱུར་དེ་གནང་ཡོད།།

༧མདོར་ན་གཤེན་བསྟན་ལ་མཛད་རྗེས་དེ་ཆེ་ཞིང་། །སྲིད་ཁམས་འགྲོ་བ་ལ་བཀའ་དྲིན་དེ་ཆེ་བའི།།

ཡབ་རྗེ་མཉམ་མེད་ཀྱི་ཕྲིན་ལས་ལ་མོས་པའི།། བསྟོད་ཚིག་ཕྲེང་བ་འདི་ཞོགས་སྤྲིན་པས་བསྟར་ཡོད།།

རྒྱལ་བ་སྨན་རི་བ་རྒྱལ་ལོ།

ལྡོང་རིག་སྨྱུག

༧མདོ་སྨད་རྒྱལ་མོ་རོང་དུ་ཟེར་ཐིག་འཕྲོས།། གངས་ཅན་ཁ་བའི་ལྗོངས་སུ་བློ་རྩལ་རྫོགས།།

མཁས་བཙུན་བཟང་གསུམ་བསྟན་པའི་མཆོད་སྡོང་ཆེ།། མི་ཡི་སེང་གེ་རྒྱལ་བ་སྨན་རི་བ།།

༧སྲིད་པ་སངས་པོ་འབུམ་ཁྲིའི་ཐུགས་སྤྲུལ་ལས།། ཡིད་ཀྱི་ཁྱེའུ་ཆུང་གཡུང་དྲུང་གཙུག་གཤེན་རྒྱལ།།

ལུང་གི་བསྔགས་ཤིང་མི་ཡི་གར་དུ་རོལ།། ཤེས་རབ་མིང་ཅན་བདུན་བརྒྱུད་སྨན་རི་བ།།

༧ཀི་སྒྲ་མཁའ་ནས་གྲགས་པའི་བོན་སྐད་འདི།། ཐལ་སྒྲ་ཀློང་དུ་སྒྲོག་པའི་གཤེན་སྐད་འདི།།

ཚད་གསུམ་དབྱིངས་ནས་བརྡོལ་བའི་བདེན་པ་འདི།། ས་གསུམ་ཀུན་ལ་གྲགས་པའི་གྱེར་རྔ་བརྡུང་།།

༧ཡར་ངོའི་ཟླ་ལ་འཆད་ཉན་བོན་ཆར་དབབ།། མར་ངོའི་ཟླ་ལ་བསྙེན་སྒྲུབ་ལས་མཐའ་བསྐྱལ།།

ཕྱི་ནང་གསང་བའི་དབང་ལུང་མ་ལུས་པ།། དར་དཀར་ཉག་ཐག་བརྒྱུད་འདྲའི་སྨན་རི་བ།།

༧འཆད་པའི་འབྲུག་སྒྲ་སྤྲིན་སྤུངས་གསེབ་ནས་སྒྲོག། རྩོད་པའི་གློག་ཞགས་བར་སྣང་ཁམས་ནས་འཁྱུག།།

རྩོམ་པའི་མེ་ཆར་དོག་མོའི་ཁྱོན་ལ་ཕབས།། མ་རྟོག་ལོག་རྟོག་འཇོམ་བྱེད་སྨན་རི་བ།།

༧ཐོབ་རྒྱལ་སྨན་གྱི་རི་ལ་བདུད་རྩིའི་བརླན།། རྣམ་དག་འདུལ་བའི་དྲི་བསུང་ཕྱོགས་བཅུར་ཁྱབ།།

ཕྱི་ཚུལ་ནང་ཁྲིམས་འགལ་མེད་སྲོག་བཞིན་བསྲུངས།། མི་འཇིགས་གདོང་ལྔའི་ཁྲི་ལ་རྟག་བརྟན་བཞུགས།།

༧ཆབ་སྲིད་ཆོས་སྲིད་འཇིག་རྟེན་འབངས་གཉེན་དང་།། མགོ་གཉིས་ཁ་བདེ་དྲན་འཕྲུལ་གང་མེད་ཀྱང་།།

ཕ་ཆོས་ཞྭ་དཀར་བོན་བསྟན་རིང་ལུགས་འཛིན།། བསླབ་གསུམ་སྡོམ་པའི་རྒྱུད་ལྡན་སྨན་རི་བ།།

༧ཁྱེད་ཉིད་བོན་འཆད་ངང་དུ་དག་ཞིང་གཤེགས།། རྗེས་བཞག་ནུབ་མེད་བསྟན་པའི་ཉི་གཞོན་དེ།།

ཤར་རིའི་རྩེ་ནས་མངོན་པར་འཕགས་ནས་སུ།། འཆད་མེད་དལ་འགྲོའི་རྒྱུན་བཞིན་རྒྱལ་ཁམས་ཁྱབ།།

༧ཉིད་ཀྱི་མཛད་སྤྱོད་ཕྲིན་ལས་བསམ་མི་ཁྱབ།། བློ་དམན་ཚུར་མཐོང་བདག་གིས་གཞལ་ཚོད་དག།།

སྨྱུ་གུ་སེར་པོའི་ལམ་ནས་ཤུལ་དྲོངས་ནས།། མཉམ་མེད་བླ་མའི་བསྟན་པ་རྒྱས་བྱེད་ཤོགས།།

མེ་སྤྲེལ་ལོའི་ཟླ་བ་དང་པོའི་ཚེས་ལྔ་ཉིན་ལ་ལྡོང་རིག་སྨྱུག་པས་སྒོ་གསུམ་གུས་པ་ཆེན་པོས་ཕུལ།

དད་སེམས་ཀྱི་མཆོད་སྤྲིན།

ཨར་རྩེ་བ།

༧ཚོགས་གཉིས་རྒྱ་མཚོའི་རླབས་ཀྱིས་ཆེར་གཡོ་བའི།། ལང་ཚོའི་དགོས་འདོད་འབྱུང་བའི་ཟེའུ་འབྲུ་སྨིན།།

གང་འདུལ་ཐབས་ཀྱིས་འགྲོ་བ་འདུལ་བའི་དཔལ།། མཉམ་མེད་བླ་མའི་ཞབས་ལ་གུས་པས་འདུད།།

༧སྣ་མང་ཤེས་བྱའི་དཀྱིལ་འཁོར་ཐུགས་མངའ་བའི།། རབ་འབྱམས་གསེར་རིའི་ཕྲེང་ལྟར་བསྐོར་བའི་དབུས།།

ཚད་གསུམ་ལུང་རིག་བ་དན་མཁའ་ལ་བསྒྲེངས།། གྲགས་སྙན་འབུམ་ཕྲག་སྲིད་པ་གསུམ་ལ་ཁྱབ།།

༧བྱམས་བརྩེ་ཐུགས་རྗེའི་འོད་སྟོང་རབ་འབར་བའི།། བརྩེ་ཆེན་སྙིང་རྗེས་ཕྱོགས་མེད་འགྲོ་ཀུན་སྐྱོང་།།

ལུང་རིགས་འབྲུག་སྒྲ་ས་གསུམ་ཀུན་ཁྱབ་པས།། རྒོལ་ངན་བྲག་རིའི་དཔུང་ཚོགས་སྐད་ཅིག་བརླགས།།

༧ཕྱི་ནང་གསང་གསུམ་གདམས་ངག་ཆུ་བོའི་གཏེར།། འཆད་ཉན་སྒོམ་སྒྲུབ་འཇིག་རྟེན་བྱ་བྲལ་བའི།།

མདོར་ན་ཐེག་མཆོག་རྒྱལ་སྲས་ཀུན་གྱི་གཙོ།། རྗེ་ཆེན་མཉམ་མེད་རྣམ་ཀུན་སྤྱི་བོར་འདུད།།

མཉམ་མེད་ཆེན་པོ་བསྟོད་དོ།

ཚུལ་ཁྲིམས་རྒྱ་མཚོ།

༧མདོ་སྨད་རྒྱལ་རོང་ཡུལ་ཕྱོགས་སུ།། མི་ལོ་དྲུག་བརྒྱའི་ཡར་སྔོན་དུ།། མེ་ཏོག་རྐང་གཅིག་འཁྲུངས་རབས་གདའ།། དེའི་མཚན་འཛམ་གླིང་སྤྱན་གཅིག་འབོད།།

༧ཉག་ཕྲའི་དུས་ནས་ཡབ་ཀྱི་དྲུང་།། གཏོ་དཔྱད་བཟོ་སོགས་བསླབ་རབས་གདའ།། དེ་དག་ཕུལ་དུ་ཕྱིན་སྐད་ཡོད།། སངས་རྒྱས་བསྟན་ལ་དད་ནས་ཡོད།།

༧དེ་ནས་དགུང་ལོ་བཅུ་རུ་སླེབས།། འཁོར་བར་ངེས་འབྱུང་དྲག་ཏུ་སྐྱེས།། ཕྱྭ་བླ་གཡུང་དྲུང་མདུན་དུ་བྱོན།། རབ་ཏུ་བྱུང་བའི་བསྡོམས་པ་མནོས།།

༧རྒྱལ་བ་གཡས་རུའི་ཕྱོགས་སུ་ཕེབས།། འཆད་རྩོད་རྩོམ་ལ་འབད་པ་བྱས།། གཙུག་ལག་རིག་གནས་ཕུལ་དུ་ཕྱིན།། འཕྲུལ་སྒྲོན་སྣ་ལྔ་གཏན་ལ་ཕབས།།

༧དེ་ནས་བཀྲ་ཤིས་སྨན་རིར་ཕེབས།། ཁང་ཚན་དྲུག་བཅུ་རྫུལ་འཕྲུལ་བསྐྲུན།། ཡར་ངོའི་ཟླ་ལ་འཆད་ཉན་དང།། མར་ངོའི་ཟླ་ལ་བསྙེན་སྒྲུབ་མཛད།།

༧གང་གི་འཁྲུངས་མཆོད་དང་བསྟུན་ནས།། རྗེས་འཇུག་ཚུལ་རྒྱལ་འབོད་པ་དེས།། སྤུ་རྒྱལ་རིག་པའི་སློབ་ཆེན་ནས།། དད་ཕྱག་དང་བཅས་ཚིག་ཕྲེང་འབུལ།། ཞེས་འཛམ་གླིང་བོན་གྱི་གཙུག་རྒྱན་རྒྱལ་བ་མཉམ་མེད་ཆེན་མོ་སྐུ་སྐྱེ་བ་མི་ཡི་གཟུགས་སུ་སྤྲུལ་ནས་མི་ལོ་༦༦༠འཁོར་བར་རྟེན་འབྲེལ་མཚོན་བྱེད་དུ་གང་གི་རྗེས་འཇུག་ཚུལ་ཁྲིམས་རྒྱ་མཚོས་དད་པའི་ཐལ་མོ་སྤྱི་བོའི་གཙུག་ཏུ་བཀུར་བཞིན་ཕུལ་བ་དགེ།

འཁྲུངས་སྐར་བསུ།།

སྨྱུག་མདའ།།

སྤྲིན་དཀར་གྱི་གཤོག་པ་ལྷབ་ལྷུབ་དུ་གཡུག་བཞིན་དམར་སེར་འདུས་སྡེའི་གླིང་ཁ་ནས།།

མཆོད་མེ་ཡི་མེ་རླབས་ཆེམ་ཆེམ་དུ་སྤར་བཞིན་དུས་སྟོན་སེམས་ཀྱི་མར་མེས་བསུ།།

ཤེས་རིག་གི་འོད་མདངས་རེ་བས་གསལ་བཞིན་ཐོས་བསམ་གྱི་གཤོག་པ་ཐད་དུ་རྐྱོང་།།

འཆད་སྒྲ་དང་ཐལ་སྐད་ཀྱི་བར་གསེང་ནས་རྒྱལ་བ་གཉིས་པའི་འཁྲུངས་མཆོད་ལ་བསུ་བ་ཞུ།།

༧ལྷ་བསང་གྱི་མེ་ཏོག་མཁའ་དབྱིངས་སུ་གཏོར་ཏེ་དེ་རིང་དུས་བཟང་དགའ་བས་བསུ།།

བོན་སྒྲ་ཡི་དབྱངས་རྟས་འཛམ་གླིང་ཁེངས་བཞིན་སྤྲོ་སྣང་གི་ཉི་མ་དགའ་བས་བསུ།།

གྱེར་འདོན་གྱི་འུར་སྒྲས་རི་ལུང་སྐོང་བཞིན་ཉིད་ཀྱི་མཛད་བཟང་དགའ་བས་བསུ།།

ལྷིང་འཇག་གི་ཤག་ནས་དད་མོས་གཡོ་བཞིན་རྗེ་ཁྱེད་ཀྱི་འཁྲུངས་སྐར་དགའ་བས་བསུ།།

༧གསུང་རབ་ཀྱི་གླེགས་བམ་རི་རབ་ཏུ་སྤུངས་ནས་རྗེ་ཡི་འཁྲུངས་སྐར་ལྷག་ཏུ་བསུ།།

མ་རྟོག་དང་ལོ་རྟོག་ཕ་མཐའ་རུ་བཀར་ནས་རྗེ་ཡི་འཁྲུངས་སྐར་ལྷག་ཏུ་བསུ།།

གཞི་ལམ་ཀྱི་རྣམ་གཞག་སྙིང་ཁོང་དུ་བཀོད་ནས་རྗེ་ཡི་འཁྲུངས་སྐར་ལྷག་ཏུ་བསུ།།

གཤེན་སྡེ་དང་འབངས་མི་ཡོད་དོ་ཅོག་གིས་དད་མོས་ཀྱི་ཐལ་མོ་བརྩེགས་བཞིན་ཡོད།།

རྗེ་བླ་མ།

ཕྱེ་མར།

༧གཤེན་བསྟན་གྱི་སྲོལ་འཛིན།། མཉམ་མེད་ཀྱི་བླ་མ།། དྲན་ཡིད་ཀྱི་ཀློང་ནས།། འཁྲུངས་སྐར་གྱི་ཉིན་ལ།། རྗེས་དྲན་ཞིག་ཞུ་འོ།།

༧སངས་རྒྱས་ཀྱི་དྲུང་ལ།། མཚན་ལྡན་གྱི་བླ་མ།། ཁྱེའུ་བཞི་ཡི་མཁན་པོ།། གཡུང་དྲུང་གི་རྒྱལ་བ།། རྗེས་དྲན་ཞིག་ཞུ་འོ།།

༧ཕྱི་དར་གྱི་སྐབས་ལ།། འདུལ་བ་ཡི་བསྟན་པ།། དབུ་འཛུགས་ཀྱི་མཁན་པོ།། ཁྲི་འབར་གྱི་ཚུལ་ཁྲིམས།། རྗེས་དྲན་ཞིག་ཞུ་འོ།།

༧རྗེ་བཙུན་གྱི་ཡར་མེ།། མེ་སྟོན་གྱི་གྲགས་དཔལ།། བློ་གྲོས་ཀྱི་རྒྱལ་མཚན།། སྐྱེ་བ་ཡི་བཞེས་སོ།། རྗེས་དྲན་ཞིག་ཞུ་འོ།།

༧གསང་སྔགས་ཀྱི་བསྟན་པ།། ཇི་ལྟར་གྱི་རིམ་པ།། ལྷ་ཀླུ་མིའི་གཤེན་གསུམ།། སྒོ་གསུམ་གྱི་སྤེལ་བ།། རྗེས་དྲན་ཞིག་ཞུ་འོ།།

༧ཁ་བ་ཡི་དོག་མོ།། སྨན་རི་ཡི་གླིང་ནས།། ལུང་རིགས་ཀྱི་ཁ་མེར།། སྨན་རི་བའི་ཕྲིན་ལས།། རྗེས་དྲན་ཞིག་ཞུ་འོ།།

༧མདོ་སྔགས་ཀྱི་ཟུང་འབྲེལ།། ཉི་ཟླ་ཡི་འོད་བསྲེས།། འཕྲུལ་སྒྲོན་གྱི་རྣམ་ལྔ།། སྨན་རི་བའི་ཕྲིན་ལས།། རྗེས་དྲན་ཞིག་ཞུ་འོ།།

༧དམུ་གཤེན་གྱི་ཉི་མ།། གཤོག་རྩལ་གྱི་འདྲེན་པས།། འགྲན་པ་ཡི་ཟླ་བྲལ།། མཚུངས་མེད་ཀྱི་བླ་མ།། རྗེན་དྲན་ཞིག་ཞུ་འོ།།

༧ཡར་ངོ་ཡི་འཆད་ཉན།། མར་ངོ་ཡི་བསྙེན་སྒྲུབ།། ཚིག་དོན་གྱི་ཟུང་འབྲེལ།། སྨན་རི་བའི་ཕྲིན་ལས།། རྗེས་དྲན་ཞིག་ཞུ་འོ།།

༧མང་པོ་ཡི་ཡིག་ཚོགས།། བརྗོད་པ་ཡི་མཐའ་བྲལ།། གང་སྣང་གི་ཚོར་བ།། ཁྱད་པར་གྱི་དུས་ལ།། བྱ་བ་ཞིག་གྲུབ་སོང་།།

༢༠༢༦/༢/༡༢ཉིན།

ཡབ་རྗེ་མཉམ་མེད།

ཟིལ་ཐིགས།

གངས་རིའི་ལྗོངས་སུ་མཚན་མཆོག་གྲོལ་བ་གཙུག་གི་ནོར།། མཚན་དང་དཔེ་བྱེད་བརྒྱད་བཅུ་ལྡན་པའི་སྐྱེས་བུ་ཡིས།།

ཐུགས་ཀྱི་དབྱིངས་ནས་འཕྲུལ་སྒྲོན་རྣམ་ལྔས་བོན་འཁོར་བསྐོར།། གྲངས་མེད་མགོན་བྱེད་མི་རྗེ་མཆོག་ལ་གུས་པས་འདུད།།

༧ལུང་རིག་མན་ངག་གངས་ཅན་ཡུལ་དུ་འབྲུག་སྒྲ་སྒྲོག། དགག་སྒྲུབ་རྩོད་པས་བདེན་པའི་མེ་ལྕེ་དབལ་དུ་འབར།།

རང་ལྟ་མ་ཆགས་གྲུབ་མཐའི་རྣམ་གཞག་ཐུགས་སུ་ཆུད།། གཞན་ལྟ་མ་སྡང་བྱམས་དང་བརྩེ་བ་སྙིང་རྗེའི་གཟུགས།།

༧ཁ་བའི་ལྗོངས་སུ་བསྟན་པའི་སྒོ་མོ་ཝལ་གྱིས་ཕྱེས།། གཟིགས་དགོངས་ཟབ་མོའི་ངེས་དོན་བོན་གྱི་བདེན་མཐའ་གསལ།།

འགྲོ་བའི་དོན་ལ་བརྩེ་བའི་ཉི་མ་འབུམ་གྱིས་མཛེས།། སྟོན་པ་གཉིས་པའི་མཚན་སྙན་འབོད་པར་ཡབ་རྗེ་བ།།

༧རྒྱལ་གཤེན་བསྟན་པའི་རྔ་བོ་ཆེན་མོའི་བྱིན་རླབས་ཀྱིས།། ལས་སྐལ་ལྡན་པའི་སྐྱེས་མཆོག་མ་ལུས་གཉིད་ནས་བསླངས།།

མཛད་འཕྲིན་ཟབ་མོ་གླིང་བཞིའི་ཡུལ་ལ་རྡུལ་ལྟར་ཁྱབ།། མ་བགོས་སྤྱི་ནོར་མགོན་དུ་བྱོན་པའི་སངས་རྒྱས་མཆོག།

༧ཤེས་༵བྱ་རིག་པས་བདེན་གཉིས་བོན་ལ་མདའ་ལྟར་གཟེར།། རབ༵་འབྱམས་ཆེན་མོའི་བསྟན་པའི་མེ་སྟག་དགུང་འདིར་འཕྱོར།

རྒྱལ༵་དབང་ཁྱེད་ནི་འཛམ་གླིང་ཉི་མ་གསེར་མདོག་འཆང་།། མཚ༵ན་གྱི་མེ་ཏོག་རྒྱལ་གཤེན་བོན་གྱི་དབུས་ན་སྤ།།

ཐོས་བསམ་གྱི་ཀློང་ནས་འཁྲུངས་སྐར་བསུ།

རླུང་སྙུག།

༧རང་ངོའི་འཛུམ་ཞལ་ཡལ་མེད་རྟག་བརྟན་གྱི་ངོས་ནས། །མ་བཅོས་དད་པ་དཀར་པོའི་རང་མདངས་ཀྱིས་འདེགས་ཤིང་། །

རང་སེམས་གངས་རི་དཀར་པོ་བརྟན་བརྟན་ཞིག་བྱེད་ནས། །མི་རྗེ་མཉམ་མེད་བླ་མར་མཆོད་ཚིག་ཅིག་འབུལ་འདོད། །

༧སྤུ་རྒྱལ་བོད་དུ་གྲགས་པའི་མཐོ་སྒང་གི་ཡུལ་ན། །སྙིང་རྗེའི་འགྲོ་དོན་མ་ཆད་གང་ས་རུ་ཁྱབ་པའི། །

རང་ཚུགས་ལྷུན་བཞིན་བརྟན་པའི་ཞང་བོད་ཀྱི་རྗེ་ལ། །སྙིང་ཁར་ཐལ་མོ་སྦྱར་ཞིང་འཁྲུངས་སྐར་དེ་བསུ་འོ། །

༧མུ་ཁྱུད་གངས་ཀྱིས་བསྐོར་བའི་གདོང་དམར་གྱི་གཞིས་ལ། །རྒྱལ་བ་གཉིས་པའི་མཚན་སྙན་ལྷང་ལྷང་དུ་ལྡིར་བའི། །

འཆད་པའི་ཀི་སྒྲ་དབལ་བའི་གངས་ལྗོངས་ཀྱི་རྗེ་ལ། །གསོལ་བ་རྩེ་གཅིག་འདེབས་ཤིང་འཁྲུངས་སྐར་དེ་བསུ་འོ། །

༧དགེ་བཅུའི་དཔལ་འབར་རྫོགས་པའི་སྨན་རི་ཡི་ཁྲོད་ན། །ཚེ་གཅིག་འཇའ་ལུས་ཆེན་པོའི་སྐུ་མཆོག་ཏུ་བཞེངས་པའི། །

གཤེན་བསྟན་མེ་ཆེན་སྤར་བའི་ཐབས་མཁས་ཀྱི་རྗེ་ལ། །བཅོས་མིན་དད་པའི་ཀློང་ནས་འཁྲུངས་སྐར་དེ་བསུ་འོ། །

༧བཅུ་རིག་དཔལ་ཡོན་ཕྱུག་པའི་བསིལ་ལྡན་གྱི་ཞིང་དུ། །བཅུད་ཆེན་འཕྲུལ་སྒྲོན་རྣམ་ལྔ་མགྲིན་གསེང་ནས་བཀྲལ་བའི། །

སྐྱེས་ཆེན་འགྲན་ཟླ་བྲལ་བའི་བསིལ་ཡུལ་གྱི་རྗེ་ལ། །མོས་གུས་ཡིད་ནས་བྱེད་ཅིང་འཁྲུངས་སྐར་དེ་བསུ་འོ། །

༧སྦས་ཡུལ་གངས་དཀར་ལྷུན་པོའི་འདབས་རོལ་གྱི་ལྗོངས་སུ། །འཆད་རྩོད་གཞི་རྩ་བཙུགས་ཤིང་ལུང་རིགས་ལ་རོལ་བའི། །

རིག་པའི་རྩལ་ཤུགས་རྫོགས་པའི་མཁྱེན་ལྡན་གྱི་རྗེ་ལ། །མཐོ་པོའི་སྤྱི་བོར་སྒོམ་ཞིང་འཁྲུངས་སྐར་དེ་བསུ་འོ། །

༧རང་བྱུང་གཏེར་ཁས་ཕྱུག་པའི་དབུ་ནག་གི་ས་རུ། །ཡབ་ཆེན་གཤེན་གྱི་བསྟན་པ་མི་ནུབ་ཏུ་ཐེག་པའི། །

མཉམ་མཁན་གང་ཞིག་མེད་པའི་མཁས་གྲུབ་ཀྱི་རྗེ་ལ། །ཕྱག་གསུམ་མྱུར་དུ་འཚལ་ནས་འཁྲུངས་སྐར་དེ་བསུ་འོ། །༢༠༡༦/༢/༡༢ཉིན།

འགྲོ་བ་བསྙམས་པའི་མངའ་བདག

རླུང་བུ།

ཞི་བའི་འོད་ཀྱིས་གང་འདུལ་ལོང་བར་གསལ་བར་འཁྱུག་པའི་འོད་ཟེར་འཁྱུད་པའི་མཐོན་མཐིང་ལས།།

གང་ཁྱབ་མི་དམིགས་སྤྲིན་ཡོལ་འཐེན་པའི་ཐུགས་རྗེའི་རྩལ་གྱིས་བསླུ་མེད་བསྟན་པའི་གཙུག་རྒྱན་ཆེ།།

བསམ་ཡས་གདོས་བྲལ་སྟོངས་པའི་ཁམས་ལ་རྒྱུ་བ་ལྷོད་པའི་གཉིས་མེད་རྟོགས་པའི་འབྲས་རྟགས་སུ།།

སྨན་གྱི་རི་ལ་བདུད་རྩིའི་བྱིན་གྱིས་ཉོན་མོངས་གཉན་པོ་སྨན་གྱི་རྗེ་བོ་མཉམ་མེད་པ།།

༧སངས་པོ་དངོས་བྱོན་གཡུང་དྲུང་གཙུག་གཤེན་སྐུ་ཡི་ལང་ཚོའི་གེ་སར་དབུབ་པའི་དགའ་སྟོན་དང་།།

ཐབས་ཀྱི་སྤྲུལ་པ་ལྷ་ཀླུ་མི་ལ་ཕྲིན་ལས་རྣམ་བཞིས་ཚངས་པའི་གར་གྱིས་གྱེར་དབྱངས་འཁྱིལ།།

ཞི་རགས་ཏིང་འཛིན་བསྟན་ལ་འགྲེལ་ཞིང་འགྲོ་བ་འདྲེན་པའི་གཤེན་གྱི་བསྟན་པའི་རྒྱལ་མཚན་འཕྱར།།

སྟོང་གསུམ་བསྙམས་ཤིང་སྲིད་གསུམ་དུལ་བའི་བློ་གྲོས་འབར་བའི་ཕྱྭ་ཡི་མཛོད་འཛིན་མཉམ་མེད་པ།།

༧ཤར་གྱི་རྒྱལ་མོའི་རབ་བརྟན་འཛིན་མ་འདར་བའི་དབྱངས་ཀྱིས་གནམ་ས་ལྡེག་པའི་ཁྱེའུ་ཆུང་ཞིག།

ཀླུ་རྒྱལ་འཛུམ་གྱིས་དགོད་སྒྲ་ཕྱུང་བས་མི་ཡུལ་འཇའ་ཡིས་བཀླུབས་པའི་སྐལ་བཟང་རྟེན་འབྲེལ་འགྲིག།

རྣམ་དག་རིན་ཆེན་སྨན་གྱི་མཐུ་ལས་དུག་ལྔའི་གཉན་པོ་མི་འཇེད་འཇིག་རྟེན་འདུལ་བའི་གཙོ།།

ཁྱད་པར་དུས་ཀྱི་ངོ་མཚར་ཁྲོས་པའི་མི་ཡི་གཟུགས་སུ་ལྷག་པའི་རང་ཤར་པད་མོ་བཞད།།

༧སྐད་ཅིག་རྫུ་འཕྲུལ་མཐུ་བྱིན་ལས་བྱུང་དྲུག་ཅུའི་བཀོད་པ་ལྷན་ཅིག་དོད་པའི་མངའ་དབང་ཅན།།

རང་རྡོལ་འཕྲུལ་ཡིག་ཕུག་ཐག་ཆོད་ཅིང་འཕྲུལ་སྒྲོན་རྣམ་ལྔའི་བྱིན་རླབས་འཕྱུར་བའི་རླན་གཤེར་གྱིས།།

སེམས་རྒྱུད་རེངས་པོ་སྙི་རུ་ཕབས་པའི་འཆད་ཉན་འབུམ་གྱི་ཐལ་སྒྲ་སྒྲོག་པའི་ཡུལ་གྲུ་སྟེ།།

སྨན་གྱི་རི་ལ་སེང་གེའི་ཁྲི་རུ་མི་ཞིག་དཀྱིལ་སྐྲུང་མཚན་དཔེ་རྫོགས་པའི་མཉམ་མེད་པ།།

༧གཙང་མའི་སེམས་ཁམས་གཞི་དབྱིངས་བཏང་རྗེས་རིག་བྱེད་མི་རྡུགས་འཕྲུལ་གྱི་ངག་གི་རི་མོ་ཕབ།།

ས་ལམ་རྟོགས་པའི་དབྱར་མཚོ་རྒྱས་ཤིང་ཉེས་ཚོགས་སྒྲིབ་པ་མ་ལུས་བྱི་དོར་ཐེངས་ཤིག་གིས།།

རབ་དཀར་འོད་སྐུར་བསླབ་གསུམ་མི་ནུབ་རྟགས་སུ་འཆང་བའི་དྲི་མེད་ཨུཏྤལ་བསུང་ངད་ལྡང་བ་ཡིས།།

བ་སྤུའི་ཚལ་ལ་རེག་པར་འདོད་པའི་བུང་བ་ཁྱུ་ཚོགས་སྒྱུ་རྩལ་ངོམ་བཞིན་འཕུར་སྐྱོད་བྱེད་པ་ཨེ་མ་རྨད།།

༧བླང་དོར་འཁྲུལ་མེད་བློ་མིག་ཅིག་སྐྱེད་ཟླ་བའི་ངོ་གདོང་ཅུང་ཟད་དགོད་པའི་ཉམས་འགྱུར་ལས།།

རང་བྱུང་དབྱངས་ཀྱི་མགྲིན་པ་འདར་བ་པན་གྲུབ་བྱེ་བ་མྱོས་པའི་གླུ་ངག་འཁྲོལ་ཞིང་འགྱུ།།

སྟོངས་པའི་དབྱིངས་ལ་ལྷུངས་པའི་མེ་ཏོག་ལྷན་སྐྱེས་རིག་པའི་མེ་ཞགས་ཚ་བར་སྔབ་འཚིག་ཅིང་།།

མ་སྐྱུད་མ་དོར་ཐུགས་རྗེའི་ཀྱོ་བས་རིང་དུ་མ་འགྱང་མྱུར་བར་བདག་ལ་ཤིས་པ་སྩོལ།།

བཤེས་གཉེན་བསྟོད་པའི་དབྱངས་རྟ།

གངས་བསང་།

༧རྣམ་དག་གཞུང་ལུགས་མཐའ་དག་ཐུགས་ལ་མངའ། །རྣམ་དཀར་བསྟན་པའི་བ་དན་ཕྱོགས་བཅུར་འཛུགས། །

རྣམ་ཀུན་གཞུང་དོན་ཐུགས་ཀྱི་རྩེ་དགར་རོལ། །རྣམ་འབྱེད་འཕྲུལ་སྒྲོན་མཛད་པོ་མཉམ་མེད་བསྟོད། །

༧གངས་ལྗོངས་མདོ་སྨད་ས་འཛིན་དགའ་མའི་ལྟོར། །སངས་རྒྱས་བསྟན་དང་ཁྱད་པར་འགྲོ་བའི་དོན། །

སྐྱེ་བ་བཞེས་མཛད་འགྲོ་བའི་མགོན་ཁྱེད་ལ། །བསྟོད་ཚིག་མེ་ཏོག་ཚོམ་བུ་ནམ་ཡང་འཐོར། །

༧གངས་ཅན་སྟོད་གྱི་ཆར་གཏོགས་སྨན་གྱི་རིར། །རྫུ་འཕྲུལ་དང་བཅས་བཀྲ་ཤིས་སྨན་རི་གླིང་། །

སྐར་ཚོགས་བཀྲམ་པ་ཇི་བཞིན་བཀོད་མཛད་པ། །རྒྱལ་བའི་དབང་པོ་འཛམ་གླིང་སྤྱན་གཅིག་རྒྱལ། །

༧འཛམ་གླིང་ས་ལྒང་རིལ་མོའི་ཡང་སྟེང་དུ། །རྒྱལ་བའི་གསུང་རབ་གསེར་གྱི་ཡང་ཞུན་འདི། །

རིས་མེད་སྐྱེ་འགྲོ་ཡོངས་ཀྱི་དགའ་སྟོན་ལ། །སྤེལ་མཁས་རྒྱལ་བ་གཉིས་པ་ཁྱེད་ལ་བསྔཌ། །

༧སྙིགས་མའི་དུས་འདིས་ཉོན་མོངས་དུག་གི་རླུང་། །བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་ཡིས། །

དུམ་བུར་དབྲལ་བའི་གསེང་ནས་གྱེར་གྱི་བསྟན། །མི་ནུབ་སྲིད་རྩེར་བདལ་བའི་དཔའ་བོ་མཆོད། །

༧དུག་ལྔའི་རླུང་ནག་འཚུབ་པའི་བར་གསེང་ནས། །ཐབས་ཤེས་ཟུང་གིས་སངས་རྒྱས་གྱེར་གྱི་བསྟན། །

སྲིད་གསུམ་གོ་ལའི་ཁྱོན་འདིར་བསྒྲེང་བྱེད་པ། །དེད་དཔོན་ཆེན་མོ་དྲན་པའི་དཀྱིལ་ནས་བསྟོད། །

༧མ་ལུས་འདུལ་བ་དང་མཐུན་ན་བཟའ་བཀླུབས། །མ་ལུས་བྱམས་དང་སྙིང་རྗེ་ཁོ་ནས་སྐྱོངས། །

མ་ལུས་འཁོར་བའི་འདམ་ལས་འདྲེན་མཛད་པ། །མ་ལུས་ཀུན་གྱི་མཆོག་གྱུར་མཉམ་མེད་བསྟོད། །

༧ཁྱེད་ཀྱི་མཛད་སྤྱོད་རྩོམ་ཐུང་འདི་ཉིད་ཀྱིས། །དཔོགས་པར་དཀའ་ཡང་ལྷག་བསམ་ཟོལ་མེད་ཀྱིས། །

གང་གི་རྗེས་འཇུག་གཡུང་མཐར་འབོད་པ་དེས། །དྭངས་གཙང་ཤོག་དཀར་ངོས་སུ་ཕབ་པ་དགེ ཅེས་རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་སྐྱེ་བ་མི་ཡི་གཟུགས་སུ་སྤྲུལ་ནས་མི་ལོ་༦༦༠འཁོར་བར་རྟེན་འབྲེལ་མཚོན་བྱེད་དུ་ཁོང་གི་རྗེས་འཇུག་ཡོངས་ཀྱི་ཐ་ཤལ་བ་གངས་བསང་ངམ་གཡུང་མཐར་དུ་འབོད་པ་དེས་སྒོ་གསུམ་གུས་པ་ཆེན་པོའི་ཕྱག་རྒྱ་དང་བཅས་ཏེ་འཁྲུངས་མཆོད་ཉིན་སྤུ་རྒྱལ་རིག་སློབ་ཁང་ནས་ཕུལ།

རྗེ་ཆེན་མཉམ་མེད་པ།

རྟོག་རླུང་།

༧ཤེས་བྱའི་འཁོར་འདས་རྣམ་གྲངས་སྤངས་རྟོཊ་ཀུན་མཐར་ཐུག། རབ་མཛེས་ཐོད་དཀར་སྲས་ཀྱི་དགོངས་པ་ཡི་ཆ་ཡ།།

རྒྱལ་བའི་རྒྱལ་ཚབ་རྗེ་ཆེན་མཉམ་མེད་ཀྱི་བླ་མ།། མཚན་ལྡན་དད་མོས་གུས་པས་སྤྱི་བོ་རུ་མཆོད་དོ།།

༧ཟག་མེད་བདེ་ཆེན་རྒྱལ་པོའི་ས་ཆེན་ལ་འཚོ་བའི།། རྨད་བྱུང་སངས་རྒྱས་ཁྱུ་ཚོགས་སྤྲོ་སྐྱིད་ཀྱི་གླིང་ནས།།

སྐལ་ལྡན་རྒྱལ་བ་གཉིས་པ་འཇིག་རྟེན་གྱི་ཞིང་འདིར།། རྟེན་མཆོག་མི་ཡི་སྒྲོམ་བུར་མངོན་སུམ་དུ་བྱོན་ནོ།།

༧རྒྱལ་བ་གཤེན་རབ་མཆོག་གི་དགོངས་པ་ཡི་ཐིག་ལེ།། དྲི་བྲལ་གནས་ལྔ་ཐུགས་ཀྱི་སྙིང་ནོར་དུ་འཆང་བའི།།

འཆད་རྩོད་འཁོར་ཆེན་བསྐོར་བའི་བཟའ་མི་ཡི་གོ་ཁར།། མུན་པའི་དྲ་རྒྱ་བསལ་བའི་སྒྲོན་མེ་ཞིག་སྤར་རོ།།

༧གཞུང་གི་གོ་རྟོགས་མུན་པའི་གླིང་ཆེན་ལ་འཐོམ་ཞིང་།། ཤེས་འདོད་སྐྱེས་ཆེན་འགའ་ཡིས་དེ་ག་རང་འཚོལ་ཚེ།།

ཡང་དག་ལམ་ཆེན་ངོ་མ་གསལ་སྟོན་དུ་མཛད་པའི།། ཀུན་ལས་རྣམ་པར་རྒྱལ་བའི་ཉི་གཞོན་ཞིག་བསྐྲུན་ནོ།།

༧རང་གཞུང་མ་ཕམ་གཡུ་མཚོའི་ཁ་གཏིང་གི་རླན་ཚད།། ཆགས་སྡང་ཡིད་ཁ་རལ་བའི་གཞན་གཞུང་པ་འགའ་ཡིས།།

ཐབས་བརྒྱའི་ཇུས་ཆེན་སྟོང་གི་ཚ་རླབས་ཀྱིས་གཞིབས་ཚེ།། རིག་པའི་བསིལ་ཁ་སྦྱིན་པའི་ཟླ་གསར་ཞིག་བསྒྲེངས་སོ།།

༧ཐོད་དཀར་སྲས་པོས་བོན་སྒོ་བརྒྱད་ཁྲི་དང་བཞི་སྟོང་།། ས་ལྒང་ཧྲིལ་པོ་འདི་རུ་སོན་འབྲུ་བཞིན་བཏབ་རུང་།།

མར་འགྲིབ་སེམས་ཅན་ཐུགས་ལ་རླན་གཤེར་དེ་དབེན་པས།། དཔྱིད་ཀྱི་གྲུ་ཆར་བསུ་བའི་གཡུ་འབྲུག་ཅིག་བསུས་སོོ།།

༧ཡབ་རྗེ་མཉམ་མེད་ཆེན་པོ་གོ་ལ་འདིའི་སྟེང་དུ།། མི་མངོན་ནམ་མཁའི་དབྱིངས་ནས་གཟུགས་སྐུ་ཡི་ཚུལ་དུ།།

འུ་ཅག་སྐལ་ལྡན་དག་གི་བསྐྱབས་མགོན་དུ་ཕེབས་པའི།། གཅིག་ལྔའི་དུས་བཟང་འདི་ཉིད་བསུ་བ་ཞིག་ཞུ་འོ།།

དད་པའི་མཆོད་སྤྲིན།

རླུང་བསིལ་བུ།

༧གངས་རིར་འོད་ཀྱིས་བཀང་བའི་སྟོན་པ་སྟེ།། རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོ་ཡི།

སྐུ་མཚན་འཛུམ་དཀར་གྲོལ་བའི་ཉིན་མོ་འདིར།། དད་པའི་མཆོད་སྤྲིན་ཕུལ་དང་དགེ་བ་འགྲུབ།།

༧བསྐལ་པའི་ཁུག་སོ་མུན་པས་གཡོག་པའི་དུས།། འཕྲུལ་སྒྲོན་རྣམ་ལྔའི་སྒྲོན་མེ་གསལ་བར་སྤར།།

འཚེ་མེད་སྤྱོད་པའི་ཐབས་མཆོག་གཉེར་བ་ཡིས།། ཁ་བ་གངས་ལ་ཞི་བདེའི་ཁོར་ཡུག་བསྐྲུན།།

༧ཁྱེད་ཀྱི་མཛད་ཕྲིན་མཐའ་མེད་ནམ་མཁའ་ཁྱོན།། བདག་བློས་གཞལ་བའི་ཤེས་རྩལ་མི་ལྡན་ཡང་།།

བཀའ་ལུང་སྦྱོང་བའི་ལས་འཕྲོ་རྙེད་པས་ན།། རྗེས་དྲན་ཚིག་གི་མཆོད་འཕྲེང་བཤམ་པར་འདོད།།

༧མཁན་རབས་བསྟན་པའི་ཞུ་དགོན་སྨན་གླིང་དུ༎ མཉམ་མེད་འཁྲུངས་མཆོད་མཆོད་པ་དག་པའི་ཞིང༎

རྗེ་བཙུན་མཉམ་མེད་སླར་ཡང་སྙིང་ནས་འདུད༎ རྔམ་བརྗིད་འབར་བའི་འོད་སྟོང་འཕྲོས་ལ་ཉེ༎

༧ཨེ་མ་སྐྱེས་མཆོག་རྒྱལ་བའི་མགོན་པོ་ལགས༎ ཐུགས་རྗེའི་བྱིན་རླབས་འཛམ་གླིང་ཀུན་ཏུ་ཁྱབ༎

མཛད་པའི་འཕྲིན་ལས་ས་འཛིན་དཀར་པོ་ལྟར༎ ཡུན་ནས་ཡུན་དུ་གནས་པའི་འཁྲུངས་མཆོད་བསུ༎

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།