གསུང་རབ་ལ་བཀུར་བསྟི་ཞུ་ཚུལ་སྐོར་གྱི་བཀའ་སློབ།

0
3045
གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ།

སྒོ་མཛོད།༠༡སྒོ་མཛོད།༠༢༄༅། །བདེ་བར་གཤེགས་པའི་གསུང་རབ་ལ་བྱི་དོར་བཀུར་བསྟི་ཞུ་བ་ནི་བསོད་ནམས་ཆེན་པོ་ལགས་ཀྱང་། བཀུར་བསྟི་ཞུ་ཚུལ། གང་ལ་བདེ་བར་གཤེགས་པའི་གསུང་གི་སྙིང་པོ་བརྗོད་བྱ་ཚུལ་བཞིན་མཁྱེན་པའི་བློ་གྲོས་མངའ་བ་དག་གིས། བདེར་གཤེགས་ཀྱི་གསུང་ལ་ནོར་འཁྲུལ་མི་སྲིད་མོད་ཀྱང་། གསུང་གི་ཚུལ་སྟོན་བྱེད་རི་མོ་གང་ཟག་ཕལ་པས་བྲིས་པ་ལ་ནོར་འཁྲུལ་འབྱུང་བ་དག་ངེས་པར་ལེགས་བཅོས་མ་བྱས་པར་གསུང་དོན་ལ་ལོག་འཁྲུལ་འབྱུང་སྲིད་པས། དེས་ན་ཁུངས་ལྡན་གྱི་མ་དཔེ་དག་ལ་ཞུ་དག་ངེས་པར་དགོས་པ་གལ་ཆེ་བས་དེ་འདྲའི་རིགས་ལ་ལེགས་བཅོས་དང་བསླད་བཅོས་བྱས་སོགས་སྨ་འབེབ་མི་རུང་སྟེ། དཔེར་ན་སྨོན་རྒྱལ་ལྷ་སྲས་རིན་པོ་ཆེས་བཀའ་འགྱུར་རིན་པོ་ཆེ་སྤུས་ལེགས་པར་བསྐྲུན་ཞུས་པའི་མ་དཔེ་ལག་བྲིས་པ་དེ་ཡི་བཀའ་འགྱུར་པོད་དང་པོ་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ཀྱི་ལེའུ་བཅུ་དྲུག་པ་ལྡེབ་ (༡༨༦) ཕྱག་འཚལ་ (༣༧) ནས་ལེའུ་བཅུ་དྲུག་པ་མ་རྫོགས་བར་བྲིས་མི་འདུག་པས། དེ་ལ་བྲིས་པས་དེ་མན་ཆད་གསས་མཁར་པད་མ་ཀློང་དང་མཐུན་པར་གདའ་བས་མ་བྲིས་སོ། །ཞེས་བྲིས་འདུག་པ་འདི་ལྟ་བུ་བྲིས་པས་འདོད་དབང་གིས་བྱས་པ་ལ། ཁུངས་ལྡན་གྱི་དཔེ་རྒྱུན་ལ་གཏུགས་ནས་ཞུ་དག་ངེས་པར་གལ་ཆེའོ། །སྐབས་འདིའི་ལེའུ་བཅུ་དྲུག་པའི་ནང་ཕྱག་དང་པང་ཀོང་གི་ཡུལ་ལྷ་སུམ་བརྒྱ་དང་སུམ་ཅུ་འདུག་པ་ཆད་འདུག་སྟེ། དཔེ་ཁུངས་གྱེར་མི་ཉི་འོད་ཀྱིས་དང་ར་ཁྱུང་རྫོང་ནས་གཏེར་བཞེས་པའི་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ཀྱི་གཏེར་ཤོག་འཇེད་པ་རྨ་སྟོན་སྲིད་འཛིན་ལ་གནང་བ་དེ་ཡི་བུ་དཔེ་ལས་བཤུས་པའི་ཡི་གེ་མཇལ་བ་དང་། ཞུ་དག་བྱས་པ་ཡིན་པས་ད་ལྟ་གསར་དུ་པར་བསྐྲུན་བྱས་པའི་ཡི་གེ་འདི་ཡི་ནང་དུ་གསབ་ཡོད། དེས་ན་འདི་རྣམས་ཁུངས་དག་ཅིག་ལགས་པས་འདི་བཞིན་དཔེ་རྒྱུན་གཞན་ལ་མ་དཔེ་ཁུངས་དག་མཇལ་ཚེ་ཞུ་དག་དགོས་གལ་ཆེ་འདུག་པ་དེ་རྩིས་ཐུགས་ལ་འདོགས་པར་ཞུ།           བསྟན་རྣམ་པས།

དཔར་བྱང་སྨོན་ཚིག

སྒོ་མཛོད།༄༅། །རྣམ་གསུམ་རྒྱལ་བའི་བསྟན་པ་གང་། །འཛིན་སྐྱོང་སྤེལ་བའི་སྐྱེས་མཆོག་ཉིད། །དད་གུས་རལ་བའི་རྩེར་བཀུར་ནས། །ཡིད་རངས་སེམས་ཀྱི་མཆོད་སྤྲིན་འབུལ།། རྒྱལ་བའི་ཞལ་རླངས་མ་ཡལ་བའི། །སྒོ་བཞི་མཛོད་ལྔའི་གསུང་གི་ཚོགས། །འཕྲུལ་ཆེན་ཡི་གེའི་གཟུགས་རིས་ཅན། །སྙིགས་ལྔའི་ཡང་སྙིགས་འདིར་བཞུགས་རྨད།། ལས་ཉོན་དུག་གིས་བསྐྲུན་པ་ཡི། །བཟོད་མེད་སྡུག་བསྔལ་སྐེམ་པ་དང་། །ཕན་བདེའི་ལང་ཚོ་བཞད་པའི་གཉེན། །གསུང་རབ་ཉི་འོད་འདི་ཁོ་ན།། བཀའ་ལུང་འོད་སྣང་མི་ལྡན་ན། །འཛམ་གླིང་མུན་པས་གཡོག་དང་ལྷན། །མི་རྣམས་འཚོ་བ་དོན་དབེན་ཕྱིར། །བསྟན་འགྲོའི་བསོད་ནམས་གསོ་བའི་སླད།། རི་དབང་བཞིན་གྱི་སྙིང་སྟོབས་དང་། །ལྷག་བསམ་དུང་གི་དབུ་ཁྱུད་འོག །འབྲི་བཞེངས་དཔར་བའི་ལམ་བཟང་ནས། །རྒྱལ་གསུང་ཕྱོགས་ཀུན་སྤེལ་འདི་བཟང་།། འཁྲུལ་བྲལ་ལུང་གི་མེ་ལོང་ལས། །སེམས་ཅན་དོན་དུ་གསུངས་པ་ཡི། །གསུང་རབ་འབུམ་སྡེ་ཁྲི་སྡེ་འདི། །བདག་གིས་ཇི་ལྟར་གསུངས་པ་བཞིན།། འཁྲུལ་བས་ལྷག་ཆད་ནོར་མེད་པར། །དུང་ཤོག་དཀར་ལ་བྲིས་དག་ནས། །འཕྲུལ་གྱི་ཡི་གེ་མཁན་རྣམས་དང་། །མཐའ་ཡས་སེམས་ཅན་གང་རྩོམ་པ། །བླ་མེད་གོ་འཕང་གདོན་མི་ཟ། །ཞེས་པའི་བསླུ་མེད་གཡུང་དྲུང་གསུང་། །སྙིང་དུ་སིམ་པའི་ངེས་ཤེས་ལས། །འཕྲིན་ལས་གཡེལ་མེད་སྐྱོང་མཛད་པའི། །མཆོག་སྤྲུལ་འོད་ཟེར་སྦྱིན་པ་གཙོས། །དག་ཞུས་ཡིག་བསྟར་བྲིས་མཁན་དང་། །ལྷག་སེམས་ནུས་ཤུགས་མཉམ་སྦྲེལ་ངང་། །ལས་དོན་བྱེད་པོ་ཐམས་ཅད་དང་། །བསོད་ནམས་ཚོགས་ཀྱི་སྙིང་པོ་ཆེ། །སྒྱུ་མའི་ནོར་ལས་ལེན་པ་དང་། །རིག་གཞུང་ཚེ་སྲོག་སྐྱོབ་པའི་ཆེད། །དངོས་པོའི་མཐུན་རྐྱེན་གཏོང་ཕོད་པའི། །འབྱོར་ལྡན་ཡོན་གྱི་བདག་བཅས་ལ། །ལེགས་གསོལ་ཡིད་རངས་ཕུལ་ཙམ་གྱིས། །དགེ་བའི་སྐལ་པ་མཉམ་གྱུར་ན། །སྙིང་ནས་མངོན་པར་བསྟོད་དང་ལྷན། །གསུང་གི་འཕྲིན་ལས་སྤེལ་བ་ཡི། །རླབས་ཆེན་དགེ་བའི་རྩ་བ་འདིས། །བླ་སློབ་ཡོན་བདག་བཅས་པ་ཡི། །བར་ཆོད་རྐྱེན་ངན་མཐར་བཅིལ་ནས། །བསམ་དོན་ལྷུན་གྱིས་འགྲུབ་པ་དང་། །མཐར་ཡང་གདོད་མའི་ཞིང་ཁམས་སུ། །བདག་གཞན་དོན་གཉིས་བྱང་ཆུབ་ནས། །ཆབས་ཅིག་མངོན་སངས་རྒྱས་པར་ཤོག །ལུང་རྟོགས་བསྟན་པའི་སྙིང་པོ་གང་། །སྲིད་པའི་མཐར་ཡང་གནས་པ་དང་། །རིས་མེད་བསྟན་འཛིན་སྐྱེས་བུའི་ཚོགས། །འགྲོ་དོན་གེགས་མེད་ལྷུན་གྲུབ་ཤོག །ཡངས་པའི་ཞིང་ཁམས་ཐམས་ཅད་དུ། །ནད་མཚོན་མུ་གེ་རྒྱུན་ཆད་ནས། །འགྲོ་རྣམས་ཞི་བདེའི་དཔལ་ཡོན་ལ། །ལོངས་སུ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་པའི་འབོལ་རྩོམ་སྨོན་ཚིག་འདི་ཉིད་གཡུང་དྲུང་བོན་གྱི་གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་སློབ་དཔོན་གྱི་མིང་འཛིན་ཚངས་པ་བསྟན་འཛིན་འབོད་པས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༥ ཉིན་བྲིས་ཏེ་ཕུལ་བའོ།། །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།