བསང་གསོལ་དང་རླུང་དར་རྡོ་བརྐོས་བཅས་ཀྱི་ཁུངས་ལུང་།

0
2230
པར། ཨ་རྟགས་ཀྱི་སྐད་འཕྲིན་ནས་དྲངས།

བོད་ཡུལ་གྱི་མི་དང་གོམས་གཤིས་འདྲིས་ཆེ་བའི་བསང་གསོལ་དང་དར་ཅོག་རླུང་དར་རྡོ་བརྐོས་བཅས་ཀྱི་ཁུངས་ལུང་།

རྩོམ་པ་པོ་༧ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ།

༄༅། །ཟིན་མེད་འཁོར་མཚོར་བྱིང་པའི་ཉམས་ཐག་འགྲོ། །

བརྩེ་བ་ཆེན་པོས་རྟག་ཏུ་འདོར་མེད་པ། །

སྣ་ཚོགས་ཐབས་ཀྱི་ལམ་ནས་རྗེས་སུ་བཟུང་། །

ཡང་དག་སངས་རྒྱས་གཤེན་རབ་མི་བོར་འདུད།། 

རང་བྱུང་ཕུག་པའི་གནམ་ཁུང་ནས་བསང་དུད་འཕུར་བའི་རྣམ་པ།བོད་ཡུལ་གྱི་མི་དང་གོམས་གཤིས་འདྲིས་ཆེ་བའི་བསང་གསོལ་དང་དར་ཅོག་རླུང་དར་རྡོ་བརྐོས་བཅས་ཀྱི་ཁུངས་ལུང་ནས་ཇི་ལྟར་གསུངས་པ། གཟི་བརྗིད་༼ཁ༽རོལ་རྩེད་ཀྱི་མདོ་ལས། དེ་ལ་རི་དྭགས་ཀྱི་རྒྱལ་པོས་སྨྲས་པ། དེས་ན་ཁྱེད་རྣམས་སང་ཉི་མའི་རྩེ་ལ་བཟང་བྲག་གི་ཟུར་ལ། བཟང་ཤིང་སྣ་ཚོགས་དང་། ཤ་སྣ་དང་། སྙིང་སྣ་དང་། འབྲུ་སྣ་དང་། དཀར་གསུམ་དང་། མངར་གསུམ་དང་། རྩི་སྨན་དང་། མེ་ཏོག་ལས་སོགས་ཕུན་སུམ་འཚོགས་པ་རུ་བསགས་ནས། འཇིག་རྟེན་གྱི་ཁམས་འདི་ན། སྲིད་པ་གསུམ་ལ་ཁས་དྲག་པ་དབང་ཆེ་བའི་སྒྲ་བླ་དང་། ཝེར་མ། ཅང་སེང་དང་དཔའ་ཁྲོམ་ཡིན་པས། འདི་ལ་བསང་བརྔན་དང་། མཆོད་པ་བྱེད་ནས་སྨོན་ལམ་ཐོབས་དང་། རི་དྭགས་ཀྱི་ནང་ནས་གང་དང་མི་འདྲ་བའི་སྟོབས་ཆེ་ལ་ཁས་དྲག་པ་ཞིག་འབྱུང་ཡང་སྲིད། ཅེས་དང་། ལུང་དེ་ཡི་༼ཁ༽༦༠་ནས། ད་ཡང་ཕ་མྱེས་ཀྱི་རྒྱུད་གསས་རྣམས་བདར་ཞིང་། མངའ་གསོལ་བ་དང་། སྲུང་བཙུགས་དགོས་གསུངས་ནས། རིན་པོ་ཆེའི་བྲག་ཟུར་ལ། མཁན་ཤུག་དང་། བ་ལུ་དང་། བ་སྙུག་དང་། བཟང་ཤིང་གི་ལོ་མ་བྲེག་སྟེ་སྣང་བའི་མེ་ལ་བསྲེགས་ནས། ཕྱེ་མར་འོ་ཀོན་དང་། དཀར་དམར་ཤ་ཁྲག་གིས་བསངས་ནས། བདུད་རྩི་གཡུ་འབྲང་གིས་མཆོད་ཅིང་། སྒྲ་བླའི་གོ་མཚོན་སྣ་དགུ་བསྣམས་ནས་གསུངས་པ། ཞེས་གསུངས། བཟང་ཤིང་ཞེས་པ་ནི། དཔོན་གསས་ཁྱུང་རྒོད་རྩལ་༼༡༡༩༨༽གྱིས་གཏེར་དུ་བཞེས་པའི་ཡུལ་ས་ཁོལ་སྒྲུབ་ལས། ཤར་དུ་སུ་དཀར། ལྷོ་རུ་ཤུག་པ། ནུབ་ཏུ་སྟག་པ། བྱང་དུ་ཉ་བྲེག་ཅེས་དང་། སྲུང་བཙུགས་ཞེས་བོད་ཡུལ་གཙང་གི་ཁུལ་དུ་ཡག་ཁ་སྒྲོན་ཞེས་ཕྱེ་མར་འཕྲག་པར་བྱུག་པའོ།། གཟི་བརྗིད་༼ང༽ཡེ་གཤེན་ཐེག་པའི་མདོ་༡༩༢་ནས། རྩི་ཤིང་ཞུགས་དང་གསེར་སྐྱེམས་ཡས་སྟག་རྫས། །རྒྱལ་བའི་བདེན་པ་སྨྲང་གིས་བཀྲོལ་ལ་འབུལ། །འཇིག་རྟེན་མངའ་དབང་ཅན་རྣམས་དགྱེས་པར་བྱ། །ཞེས་གསུངས། ཡང་མངའ་དབང་བདག་པོ་ས་བདག་ཀླུ་གཉན་རྣམས། །བསྟན་པ་ཇི་ལྟར་སྲུང་ཡང་ཀོ་ལོང་དམ། །ཤེས་རྒྱུད་ཇི་ལྟར་འཇམ་ཡང་ལྷ་མིན་རིགས། །དེ་ཕྱིར་ས་བདག་ཀླུ་གཉན་དཀར་གྱིས་མཆོད། །དར་དང་བལ་ཚོན་ཤོག་ཤོག་དོང་ཙེས་བརྒྱན། །ཞེས་དང་། །དཀར་གསུམ། མངར་གསུམ། ཤེལ་ཚིག ཕྱེ་མར། ཆང་ཕུད་ལས་སོགས་དམིགས་པའི་རྟེན་རྫས་ལོངས་སྤྱོད་སྣ་ཚོགས་བཤམས་ལ། ཞེས་དང་། མཁན་ཤུག་ཕྱེ་མར་ཆང་ཕུད་དང་། དཀར་མངར་དག་གི་གསུར་དུད་དང་། །ཞེས་གསུངས། རླུང་འཁོར་དང་སྦྱིན་སྲེག ཆུ་སྐོར། སྭ་ཚའམ། མཆོད་རྟེན། རླུང་དར་རམ་བ་དན་ནམ་མཁར་ཕྱར་བ་བཅས་ཀྱི་ལུང་ནི། གཟི་བརྗིད་༼ཉ༽ཀླུ་ལ་བོན་བསྟན་པའི་མདོ་༩༥་ནས། གཞན་ཡང་། ལི་ཡང་རླུང་གི་རྟ་ལ་བསྐྱོན་ནས་བསྐོར་ན། རླུང་དེ་ལ་གནས་པའི་སེམས་ཅན་རྣམས་དང་། རླུང་དེས་ཕོག་པའི་ཞིང་ཁམས་ཐམས་ཅད་ཀྱི། ཉོན་མོངས་པ་ཞེ་སྡང་གི་སྒྲིབ་པ་བྱང་བར་འགྱུར་རོ། །ཚངས་སྟངས་མེ་ཡི་མདངས་ལ་བསྐྱོན་ནས་སྦྱིན་སྲེག་བྱས་ན། མེ་དེ་ལ་གནས་པའི་སེམས་ཅན་དང་། མེ་དེའི་དུད་པས་གར་ཁྱབ་པའི་ཞིང་ཁམས་ཐམས་ཅད་ཀྱི་ཉོན་མོངས་པ་འདོད་ཆགས་ཀྱི་སྒྲིབ་པ་བྱང་བར་འགྱུར་རོ། །ཏིང་ནམ་ཆུ་ཡི་རྟ་ལ་བསྐྱོན་ནས་བསྐོར་ན། ཆུ་དེ་ལ་གནས་པའི་སེམས་ཅན་རྣམས་དང་། ཆུ་དེ་བཏུང་བའི་སེམས་ཅན་ཐམས་ཅད་ཀྱི། ཉོན་མོངས་པ་གཏི་མུག་གི་སྒྲིབ་པ་བྱང་བར་འགྱུར་རོ། །ནེ་སླས་ས་ལ་གྲུབ་པའི་མཆོད་རྟེན་བཞེངས་ནས། དེའི་ནང་དུ་བཞུགས་སུ་གསོལ་བ་དང་། རབ་ཏུ་གནས་པར་བྱས་ནས། ཕྱོགས་མཚམས་དག་ཏུ་དགོད་ན། ས་དེ་ལ་གནས་པའི་སེམས་ཅན་དང་། ས་ལས་གྲུབ་པའི་གཟུགས་བརྙན་དེ་གར་བཞུགས་པའི་ཞིང་ཁམས་ཐམས་ཅད་ཀྱི་ཉོན་མོངས་པ་འཕྲག་དོག་གི་སྒྲིབ་པ་བྱང་བར་འགྱུར་རོ། །མུ་ཡང་ནམ་མཁའ་ལ་ཕྱར་བའི་རྒྱལ་མཚན་གྱི་རྩེ་ལ་བྲིས་ནས་ཕྱར་ཏེ་བཏེགས་ན། ནམ་མཁའ་ལ་གནས་པའི་སེམས་ཅན་དང་། ནམ་མཁའ་ལ་ཕྱར་བའི་རྒྱལ་མཚན་དེ་མཐོང་བའི་ཞིང་ཁམས་ཐམས་ཅད་ཀྱི་ཉོན་མོངས་པ་ང་རྒྱལ་གྱི་སྒྲིབ་པ་བྱང་བར་འགྱུར་རོ། །གཞན་ཡང་གཙང་མའི་ཚན་སྤོས་ལ་བཏབ་སྟེ་ཁྲུས་བྱས་ན། མི་གཙང་བའི་བག་ཆགས་ཐམས་ཅད་དག་པར་འགྱུར་རོ།། གསེར་དང་ཡུངས་ཀར་ལ་བསྔགས་ཏེ་ཞིང་ཁམས་ལ་གཏོར་ན། ནད་ཡམས་དང་། འཁྲུགས་པ་དང་། མུ་གེ་རྒྱུན་ཆད་པར་འགྱུར་རོ། །ཞེས་དང་། གཟི་བརྗིད་༼ཉ༽སྲས་སྤྲུལ་མདོ་༦༤༥་ནས། སྐུ་གདུང་མཆོད་རྟེན་ཚ་ཚ་གདབ། །རབ་ཏུ་གནས་ཤིང་དབེན་པར་བསྐྱོད། །དགའ་ལྡན་དག་པའི་གནས་སུ་སྐྱེ། །ཆུ་ལས་གྲུ་འདོར་འགྲོ་བ་སྒྲོལ། །ལམ་འཕྲང་བཅོས་དང་ཉེའུ་འདོན། །དགེ་བའི་དེད་དཔོན་ཆེན་པོར་འགྱུར། །དཀྱིལ་འཁོར་དལ་འབྲི་ལྷ་ཞལ་དབྱེ། །མཆོད་སྦྱིན་གཏོར་མ་རྒྱ་ཆེར་གཏོང་། །སྒྲིབ་སྦྱངས་ཚོགས་རྫོགས་ཐར་ལམ་ཕྱེད། །ཅེས་གསུངས་སོ། །གཟི་བརྗིད་ཀྱི་བཱེཌཱུརྱ་དམ་པའི་གཟུངས་༼ཐ༽༣༩༣་ནས། གཞན་ཡང་། ཨ་ཡང་རླུང་ལ་བསྐྱོན་ཏེ་འཁོར་ལོ་བསྐོར་ནས། རླུང་དེ་ཡིས་ཁྱབ་ཚད་སེམས་ཅན་ཐམས་ཅད་ཀྱང་། ཉོན་མོངས་ང་རྒྱལ་གྱི་སྒྲིབ་པ་བྱང་ནས། ཞི་བ་ཆེན་པོའི་ཀློང་དུ་སངས་རྒྱས་པར་འགྱུར་རོ། །པུར་པ་མེ་ལས་གྲུབ་པའི་སྦྱིན་སྲེག་བྱས་ན། མེ་ཡི་དུད་པས་གར་ཁྱབ་སེམས་ཅན་ཐམས་ཅད་ཀྱང་། ཉོན་མོངས་པ་འདོད་ཆགས་ཀྱི་སྒྲིབ་པ་དག་ནས། སྦྱིན་པ་ཆེན་པོའི་ཀློང་དུ་སངས་རྒྱས་པར་འགྱུར་རོ། །ཏིང་ནམ་ཆུ་ལས་གྲུབ་པའི་ཆུ་གཏོར་བཏང་ན། ཆུ་དེ་ལ་འཐུང་ཚད་ཀྱི་སེམས་ཅན་ཐམས་ཅད་ཀྱང་ཉོན་མོངས་པ་གཏི་མུག་གི་སྒྲིབ་པ་བྱང་ནས། ཡེ་ཤེས་ཆེན་པོའི་ཀློང་དུ་སངས་རྒྱས་པར་འགྱུར་རོ། །སྲ་བརྟན་ས་ལས་གྲུབ་པའི་མཆོད་རྟེན་བཞེངས་ནས། རྟེན་དེ་དག་ལ་ཕྱག་སྐོར་དང་མོས་འདུན་བྱས་པའི་སེམས་ཅན་ཐམས་ཅད་ཀྱང་། ཉོན་མོངས་པ་འཕྲག་དོག་གི་སྒྲིབ་པ་དག་ནས། ཡངས་པ་ཆེན་པོའི་ཀློང་དུ་སངས་རྒྱས་པར་འགྱུར་རོ། །མུ་ཡངས་ནམ་མཁའ་ལས་གྲུབ་པའི་རྒྱལ་མཚན་ཕྱར་ན། ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་ཀྱང་། ཉོན་མོངས་པ་ཞེ་སྡང་གི་སྒྲིབ་པ་དག་ནས། བྱམས་པ་ཆེན་པོའི་ཀློང་དུ་སངས་རྒྱས་པར་འགྱུར་རོ། །ཞེས་གསུངས།  ཡུལ་ལྷ་གསོལ་བ།ཡང་། མདོ་དྲི་མེད་ལས། དེ་ལྟར་གསང་བའི་གཟུངས་མཆོག་འདི།། དར་དཀར་དག་ལ་བྲིས་ནས་སུ།། མི་ནུབ་རྒྱལ་མཚན་རྩེར་ཕྱར་ན།། ཅི་བསམ་དོན་རྣམས་འགྲུབ་པར་འགྱུར།། ལམ་གྱི་འཇིགས་པ་མི་འབྱུང་ཞིང་།། ཞེས་གསུངས། དཔོན་གསས་ཁྱུང་རྒོད་ཀྱི་གཏེར་མ། གཡུང་དྲུང་གསང་གཟུངས་ལས། སྒྲིབ་སེལ་སྔགས་གཟུངས་འདི་རྣམས་དར་དཀར་ལ་བྲིས་ནས་རྒྱལ་མཚན་གྱི་རྩེ་ལ་ཕྱར་རམ།རི་བོའི་མཆོད་རྟེན་གྱི་སྒོ་ལ་བཙུག་སྟེ་ཕྱར་ན། མངོན་པར་འཚང་རྒྱའོ།། ཡང་ན་གནས་ཁང་གི་རྩེ་ལ་ཕྱར་ན།དེ་མཐོང་བའི་འོག་ཏུ་འཛུལ་ཚད་འཚང་རྒྱའོ།། ཞེས་དང་། རྟེན་འབྲེལ་གསང་བའི་གཟུངས་རིང་འདི།རིན་པོ་ཆེས་བྲིས་ཏེ་རྒྱལ་མཚན་གྱི་རྩེ་ལ་དར་ལེ་བརྒན་གྱིས་དྲིལ་ཏེ་ཕྱར་ན། དེ་སུ་ཡིས་མཐོང་བ་ཙམ་གྱིས་སེམས་ཅན་བྱ་དང་དུད་འགྲོ་ལ་སོགས་པ་བསམ་དུ་མེད་པའི་སེམས་ཅན་སངས་རྒྱས་པར་འགྱུར་རོ།། རིན་པོ་ཆེ་ཨུན་གྱིས་བྲིས་ཏེ་སྒོ་ལྡད་དུ་བཞུགས་སུ་བཅུག་ན། སྒོ་དེ་ལ་འཛུལ་བ་ཙམ། ཚེ་གཅིག་ལ་སངས་རྒྱས་པར་འགྱུར་རོ།། རིན་པོ་ཆེ་མར་ཞིས་བྲིས་ནས་གནས་ཁང་གི་རྩེ་ལ་ཕྱར་ན་གང་མཐོང་བ་དེ་ཡི་སྒྲིབ་པ་དག་ནས་སངས་རྒྱས་པར་འགྱུར་རོ།། རྣམ་དག་གིས་བྲིས་ནས་གནས་ཁང་གི་རྩེ་ལ་ཕྱར་ན། ངན་སོང་གསུམ་གྱི་སྒོ་ཁེགས་སོ།། རིན་པོ་ཆེ་སྣ་ལྔས་བྲིས་དར་ཚོན་སྣ་ལྔས་འཕན་བྱས་ཏེ་གནས་ཁང་ངམ་རྒྱལ་མཚན་གྱི་རྩེ་ལ་ཕྱར་ན། ཡོན་ཏན་བརྗོད་ལས་འདས་ཏེ། ཞེས་དང་། སྙོམས་བྱེད་བཅུ་གཉིས་ཀྱི་གཟུངས་འདི། སྨན་དྲི་བཟང་གིས་བྲིས་ནས་ལུས་ལ་འཆང་ན། ནད་ཀྱི་བསྐལ་བ་ལས་ཐར་ནས། འགྲོ་བ་སེམས་ཅན་གྱི་འགོ་བའི་ནད་རིམས་ཐུབ་པར་འགྱུར་རོ།། དེ་ལྟར་བྲིས་པ་རྒྱལ་མཚན་གྱི་རྩེ་ལ་ཕྱར་ན།ཡུལ་ཕྱོགས་ཀྱི་ནད་ཡམས་ཐུབ་པར་འགྱུར་རོ།། ཞེས་དང་། དཔོན་གསས་ཁྱུང་རྒོད་རྩལ་གྱིས་ཟང་ཟང་ལྷ་བྲག་ནས་གཏེར་བཞེས་པའི་ཚེ་མདོ་གཟུངས་ལས། འདི་ལྟར་སྒྲིབ་སེལ་རྩ་བའི་གཟུངས་འདི་མཐིང་ཤོག་དར་རས་གང་ཡིན་ལ། གསེར་དང་དངུལ་དང་གཡུ་དག་དང་རིན་པོ་ཆེ་སྣ་ལྔས་བྲིས་ནས་མགུལ་དུ་བཏགས་སམ་ནམ་མཁར་ཕྱར་རམ། ཁྲོམ་ཚོགས་ནང་དུ་བསྒྲགས་གྱུར་ན། དེ་དག་ཐོས་སམ་མཐོང་བའི་མི་དང་སེམས་ཅན་ལས་ངན་སྡིག་སྒྲིབ་ཀུན་དག་ནས་ཐར་པའི་འབྲས་བུ་འཐོབ་པར་འགྱུར། ཞེས་གསུངས་སོ།།རྡོ་འབུམ།སྡིག་བཤགས་གསེར་གྱི་སྤུ་གྲི་ལས། རྡོ་དཀར་ལ་བྲིས་ཏེ་ས་མདོར་བཞག་ན། གང་གིས་མཐོང་བ་ཙམ་གྱིས་སྒྲིབ་པ་བྱང་བར་འགྱུར་རོ། །ཞེས་གསུངས། ལུང་འདི་རྣམས་དང་ད་དུང་རང་གཞུང་ཁུངས་མ་མང་པོ་ནས་འབྱུང་བ་འདི་བོད་མིས་ལག་ཏུ་མི་ལོ་སྟོང་ཕྲག་མང་པོར་བླངས་པའི་གོམས་གཤིས་ཀྱི་དྲེགས་པ་སྡང་ཞེན་གྱིས་ཕྱིས་ཀྱང་འདག་མི་ནུས་པ་འདི་ལྟར་རོ། །གཞན་ཡང་བོད་ཀྱི་གོམས་གཤིས་སུ་ཆགས་པའི་ལམ་མདོར་སྙིང་པོ་རྡོ་ལ་བརྐོས་པ་སྤུངས་པའི་ཚུལ་དང་བཅས་ཀྱི་ལུང་བཅས་ཟུར་དུ་བཀོད་པ་རྣམས་བོད་ཡུལ་འདི་བོན་ཁམས་ཡིན་པའི་དུས་ནས་བཟུངས་མཐའ་མིའི་ལམ་ལུགས་སྔ་ཕྱི་བར་གསུམ་དུ་བོད་ལ་བཙན་བཀོད་བྱས་ཀྱང་བོད་མི་ཕལ་བའི་ལམ་ལུགས་ཡུན་འཇགས་བསལ་མ་ཐུབ་པ་བྱུང་བའི་ཁུངས་བསྐྱལ་བྱེད་དུ་ལུས་པ་ཞིག་ལགས་པ་མཁྱེན་དགོས་པ་གལ་ཆེ། དེ་ལྟར་མི་བྱེད་པ་གསར་འདྲིས་ཨ་གསར་ཆེ་དྲགས་ན་རང་མགོར་ཆུ་བླུགས་བྱས་ཤུལ་བསལ་མི་ཐུབ་བཞིན་འདུག་དགོས་པ་འདི་རེད། རང་རེ་བོན་ལུགས་འཛིན་པ་རྣམས་ལ་བོད་རྒྱལ་གྱི་ཁེ་དབང་ཤོར་ཚར་བའི་རྗེས་སུ་ཉམ་ཆུང་འདུག་ཤེས་བྱས་ཏེ་ད་བར་རྩ་བའི་ལམ་ལུགས་ལ་ལྷད་མ་འདྲེས་པ་བསྲུང་ཐུབ་པ་འདི་བོད་མི་ཚུགས་ཐུབ་ཀྱི་ལམ་ལུགས་ལ་དགའ་བ་རྣམས་ཀྱིས་བསྔགས་བརྗོད་ཀྱི་ཡུལ་དུ་གཟུང་ན་གཟི་བརྗིད་ཆེ་ཞིང་ཁུངས་ལྡན་ཟོལ་མེད་གསེར་ལྟ་བུ་ཞིག་ཡིན་ནོ། །

ཐུགས་སྣང་།

གསུང་རྩོམ་འདི་༧ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེས་ ༡༩༨༠ ནང་སྐོར་བྲིས་རྩོམ་གནང་བ་ཞིག་ཡིན་ནམ་སྙམ། ཕྱི་ལོ་ ༡༩༨༧ ལོར་གཏམ་ཚོགས་ཞེས་པའི་ལོ་དེབ་བདུན་པའི་ནང་བཀོད་འདུག་ཀྱང་དེར་མ་དཔེ་དང་འགལ་འཛོལ་བྱུང་བ་ཁ་ཤས་འདུག དེ་རྗེས་ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་པར་སྐྲུན་ཞུས་པའི་གསུང་འབུམ་དེབ་ཕྲེང་རྣམས་ཀྱི་ནང་གསུང་རྩོམ་འདི་འཁོད་ཐུབ་མེད།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།