བོན་དཔེ་ཁྲོ་གཉེན་བསྐལ་བཟང་གི་མཚམས་སྦྱོར།

0
966

རྩོམ་པ་པོ་ཚུལ་ཁྲིམས་མཆོག་རྒྱལ།

༄༅།རྒྱལ་བའི་བཀའ་རིན་པོ་ཆེ་ལ་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་པའི་ནང་ནས་ཕུན་སུམ་ཚོགས་པ་ཟབ་མོ་མདོ་ཡི་བོན་སྡེ་པོད་བཅུ་པ་དང་བཅུ་གཅིག་པ་(ཡེ་སྲིད་ཐོག་མཐའ་འབྱུང་བའི་བདེ་གཤེགས་བསྐལ་པ་གྲངས་རྩིས་ཀྱི་མདོ་ཁྲོ་གཉེན་གྱིས་གཏན་ལ་ཕབས་པ།) ཞེས་པའི་མདོ་རྒྱུད་ཆེན་པོ་འདི་ཡི་མཚམས་སྦྱོར་ཉུང་འདུས་ཞུ་བ་ལ། གཞུང་འདི་ཐོག་མར་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གིས་གཤེན་ཡུལ་འོལ་མོ་ལུང་རིང་གསང་བའི་གནས། གསས་མཁར་ཤམ་པོ་ལྷ་རྩེ་རུ་ཞུ་འཁོར་གཤེན་རབ་མུ་ཆོ་ལྡེམ་དྲུག་གམ། རབ་གསལ་མུ་ཆོ་ལྡེམ་དྲུག་སོགས་ཕྱི་ནང་གསང་བའི་འཁོར་ལ་གསུངས་ནས་རིམ་བཞིན་དར་ནུབ་བྱུང་བ་སོགས་ལོ་རྒྱུས་སྤྱི་དང་མཐུན།

ཕྱིས་སུ་སྤྲུལ་སྐུ་ཁྲོ་གཉེན་རྒྱལ་མཚན་གྱི་དགོངས་གཏེར་ལས་བྱུང་བའི་བཀའ་ཞིག་ཡིན། ཁྲོ་གཉེན་རྒྱལ་མཚན་མཆོག་ནི། དུས་རབས་བཅུ་བཞི་པའི་སྨད་༡༣༦༨་ལོར་ཡུལ་རྨ་སྟོད་བྱང་འབྲོང་གི་རྩེ་སྒང་བྱ་བར། ཡབ་བེ་རུ་བསྟན་རྒྱལ་དང་ཡུམ་བྲ་ཟ་ཐར་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཆུང་དུས་ནས་སྙིང་རྗེ་ཆེན་པོ་རང་གཤིས་སུ་མངའ་བས་སྡུག་བསྔལ་གྱིས་གདུངས་བའི་ཉམ་ཐག་ཞ་བོ་ལོང་སྤྲང་ཁྱི་དང་དུད་འགྲོ་རྣམས་ལ་གཟིགས་ནས་སྤྱན་ཆབ་ཤོར་བ་དང་། དངོས་པོ་ཅི་ཡོད་རིས་མེད་སྦྱིན་པ་གཏོང་བ། སྐྱེ་བ་ལྔ་བརྒྱ་གསལ་བར་མཁྱེན་པ་ཁོང་གི་སྐྱེས་ཚོགས་ལས་གསལ། ཡེ་ཤེས་དབལ་མོས་འགྲོ་འདུལ་བསྟན་པ་སྤེལ་བའི་ལུང་བསྟན་པ་དང་། ཐུན་མིན་གྱི་གྲུབ་རྟགས་རྫུ་འཕྲུལ་དཔག་མེད་མངའ་ཞིང་། མཁའ་འགྲོ་གསང་གཅོད་སོགས་ཟབ་གདམས་ཁྱད་པར་ཅན་དུ་མ་སྙན་བརྒྱུད་བྱུང་བའི་སྙན་བརྒྱུད་ཀྱི་བླ་མ་ཞིག་ཡིན།

གཞུང་གི་སྔོན་དངོས་རྗེས་གསུམ་གྱི་བསྟན་དོན་རོབ་ཙམ་ལེའུ་ཡི་རྣམ་གྲངས་ལས་རྟོགས་ནུས་པའི་ཕྱིར་དུ་འདིར་བགྲངས་ན། ཀ༽པོད་དང་པོ་༡༽གྲངས་རྩིས་མདོ་ཡི་ལེའུ་ནང་།  བསྐལ་སྲིད་གཉིས་དང་ཆགས་གནས་འཇིག་སྟོང་བཞི་གཙོ་བོ་བསྟན་ཡོད། ལུང་ཚིག་ཟུར་གཅིག་འདིར་དྲངས་ན། དང་པོར་ཆགས་པའི་གཞི་མ་ནི། བསྐལ་པ་ཆེན་པོ་གསུམ་དུ་གནས། བརྒྱད་ཁྲི་བཞི་སྟོང་འབྱུང་བ་སྟེ། བསྐལ་ཕྲན་དཔག་མེད་བསམ་ལས་འདས། བསྐལ་ཆེན་གསུམ་རྫོགས་སྟོང་གསུམ་འབྱུང་། ཆགས་དང་གནས་དང་འཇིག་དང་སྟོང་། ཀུན་གྱིས་ཚད་ནི་གཅིག་ཏུ་མཉམ། འཇིག་པ་བོན་ཉིད་དབྱིངས་སུ་སྟོང་། གནས་པ་བསྟན་པ་མ་རྫོགས་པར། ཆགས་པ་སྲིད་པའི་རྨང་གཞིའོ།།  ཞེས་གསུངས། དེ་བཞིན་༢༽འཁོར་འདས་ཀྱི་ལེའུ། ༣༽སྣང་སྲིད་མངོན་རྟོགས་ཀྱི་ལེའུ། ༤༽ སྐྱེ་བ་བཞེས་པའི་ལེའུ། ༥༽མཚན་བསྡུས་བརྗོད་པའི་ལེའུ། ༦༽སེམས་བསྐྱེད་པའི་ལེའུ། ༧༽ངོ་མཚར་དག་པའི་ལེའུ་བཅས་བདུན་དང་།

ཁ༽པོད་གཉིས་པའི་ནང་།༨༽ གྲངས་རྩིས་མདོ་སྡེའི་བཀའ་རྒྱུད་ལས་མཚན་བརྗོད་པའི་ལེའུ། ༩༽བདེར་གཤེགས་བསྐལ་པ་གྲངས་རྩིས་མདོ། འབུམ་ཁྲི་གློག་གི་ལྕེ་ཅན་ལ། གཤེན་རབ་མུ་ཆོ་ལྡེམ་དྲུག་གིས་ཞུས་ ནས་གསུངས་པ་ཐུགས་རྗེ་དགོངས་པས་གཏན་ལ་ཕབས་ནས་མཛད་པའི་ལེའུ་བཅས་ཁྱོན་དགུ་ཡི་བདག་ཉིད་ཅན་ཞིག་ཡིན། མཇུག་ཏུ་སློབ་མ་དད་ལྡན་ནམ་མཁའ་འོད་ཟེར་གྱིས་སྤྲུལ་སྐུ་ཁྲོ་གཉེར་རྒྱལ་མཚན་ལ་ཕུལ་བའི། ཀ་སྨད་སུམ་ཅུའི་སྒྲ་ཡི་དོན་སྦྱར་ཞིང་། ཡིད་ཆེས་དད་པའི་སྒོ་ནས་བསྟོད་པའི་མདོ། ཞེས་པའི་ཀ་བསྟོད་ཅིག་ཞབས་བཏགས་བྱས་འདུག

གཞུང་འདིའི་དབུ་ཡི་མཚན་དོན་དང་ལེའུ་རེ་རེ་ནས་དབུ་ཡི་མཚན་དོན་ལ་གཡུང་དྲུང་ལྷ་ཡི་སྐད་དང་བོད་ཀྱི་སྐད་གཉིས་ཤན་སྦྱར་གྱི་ཚུལ་དུ་གནས་ཡོད། དཔེ་མཚོན་ཙམ་འདིར་དྲངས་ན་གཡུང་དྲུང་ལྷ་ཡི་སྐད་དུ་ན། མུ་ཡེ་དྲུང་མུ་ཧ་ར་སྨར། སད་གྱེར་སྤུངས་ལ་ཨེ་མ་ཧོ། གང་ཟག་མི་ཡི་སྐད་དུ་ན། ཡེ་སྲིད་ཐོག་མཐའ་འབྱུང་བའི་རྒྱུད། བདེར་གཤེགས་བསྐལ་པའི་གྲངས་རྩིས་མེད། ཞེས་གསུངས་སོ། །གཞུང་འདི་ཡི་བརྗོད་བྱ་གཙོ་བོར་བསྐལ་སྲིད་གཉིས་དང་། ཆགས་གནས་འཇིག་སྟོང་བཞི་དང་། སྐུ་གསུམ་གྱི་གདུལ་ཞིང་དང་། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་རྩ་གཉིས་དང་། ལྷ་གཤེན་སྲིད་པ་གསུམ་དང་སངས་རྒྱས་ཀྱིས་འགྲོ་དོན་མཛད་ཚུལ་སོགས་བསྟན་ཡོད། དེ་ཡང་མཚན་བརྗོད་ལེའུ་ནང་སངས་རྒྱས་སྟོང་དང་རྩ་གཉིས་ཀྱི་སྟོན་པ་རེ་རེ་ལ་འཁྲུངས་སའི་ཡུལ་དང་། བཞུགས་པའི་མཁར། གྲུབ་པའི་གནས་ཁང་། ཡབ་ཡུམ་དང་སྲས། ཡེ་ཤེས་ཀྱི་ལྷ། འདུས་པའི་འཁོར། སངས་རྒྱས་ཀྱི་བསྟན་པ་དང་གཤེན་རབ་གྱི་སྐུ་ཚེའི་གནས་ཚད། སྐུ་གདུང་མཆོད་རྟེན་སྐུ་གཟུགས་གསུང་རབ་རྣམས་གནས་ཚད། སངས་རྒྱས་རྣམས་ཀྱི་འགྲོ་དོན་གྱི་ཚད། དེ་དག་གི་ཡོན་ཏན་དང་མཚན་ཕུན་སུམ་ཚོགས་པ་བཅས་ཇི་ལྟར་ཡིན་པ་གསལ་བར་བསྟན་ཡོད་དོ།།   ཚུལ་ཁྲིམས་མཆོག་རྒྱལ་ནས།༢༠༡༦།༤།༢ཉིན།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།