རྒྱལ་བ་སྨན་རི་བའི་བཀའ་དྲིན་རྗེས་དྲན་ཉིན་མོ།

0
1480

2016-04-08

རྩོམ་པ་པོ། དགེ་བཤེས་བསྟན་འཛིན་འབྲུག་གྲགས།

        ཞྭ་དཀར་བསྟན་པའི་གཙུག་རྒྱན། འགྲོ་བའི་དེད་དཔོན་སྐྱབས་རྗེ་སྨན་རི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོའི་ཞབས་དྲུང་དུ།     ཉིད་ཀྱི་སྐུའི་བསིལ་གྲིབ་ཏུ་ཐོས་བསམ་གྱི་འཚོ་བ་ཡུན་རིང་སྤྱད་ཅིང་། ལོང་བ་མིག་སྟེར་དང་ལྐུགས་པ་སྨྲ་ལྕེ་གསར་བསྩལ་གྱི་བཀའ་དྲིན་གཞལ་མཐའ་བྲལ་བའི་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེའི་སྙན་དབང་དུ་སྒོ་གསུམ་རྩེ་གཅིག་དད་པའི་སྒོ་ནས་སྐྱབས་འོག་པ་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་སོར་བཅུ་སྙིང་ཁར་ཟུམ་སྟེ་ཞུ་གསོལ་འདེབས་སྙིང་།

35.picམཆོག་སྐུ་ཧ་རི་ཙན་དན་ལྗོན་པར་བསླབ་གསུམ་གྱི་རྩ་བ་བརྟན་ཞིང་སྐུ་གསུང་ཐུགས་ཀྱི་ཡལ་གའི་ལྕུག་ཕྲན་ལྡེམ་པའི་རྩེ་མོར་གསང་གསུམ་གྱི་འདབ་སྟོང་ལྷུག་པར་གྲོལ་ཏེ་བསྟན་འགྲོར་སྨན་པའི་འབྲས་བུ་གཡུར་དུ་སྨིན་པའི་བསྐལ་བཟང་གི་དུས་འདིར། གང་སྐུར་ཉེར་འཚེའི་སྐྱོན་གྱི་རྣམ་པར་དབེན་ཞིང་བདེར་གཤེགས་སྟོང་གི་ཕོ་ཉ་གཤེན་ལྷ་མི་ཡུལ་དུ་འཕོས་པའི་ཅོ་འདྲི་བྱེད་ཅིང་། རང་ཅག་བོན་འབངས་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ལྔ་བདོའི་སྐྱབས་གཅིག བསྟན་འགྲོའི་དེད་དཔོན་རྒྱལ་བ་མཉམ་མེད་ཆེན་པོ་དང་གཉིས་སུ་རྣམ་པར་དབེན་པའི་རྩ་བླ་རིན་པོ་ཆེ་ཁྱེད། གཅིག་ན་དུས་ཀྱི་གཉན་འཕྲང་ཆེན་མོའི་སྐབས་སུ་གྱེར་བསྟན་ནུབ་རིར་བརྒལ་ལ་ཉེ་བའི་མཚམས་དེར་དུས་ཀྱི་སྟོན་པ་གཉིས་པའི་ངོ་བོར་བྱོན་ཏེ་གཤེན་བསྟན་སྐྱ་རེངས་གསར་པའི་ཕོ་ཉ་མཛད་དེ་འཕགས་ཡུལ་སྨན་གྱི་རི་ལ་བསྟན་པའི་ལྗོན་རྩ་གསར་དུ་བསྐྲུན་ཏེ་བཤད་སྒྲུབ་ཀྱི་འོད་སྣང་སྤྲོས་པར་མཛད་ལ། 


29.pic
གཉིས་ན། གཡར་པོའི་ཕ་ཡུལ་བོན་གཞིས་རྡོ་ལན་ཇི་ལ་ཉིད་ཀྱི་ཐུགས་རྗེའི་སྐྱབས་འོག་ཏུ་གནས་པའི་བོན་འབངས་ཁྲི་སྟོང་མང་པོའི་དབུགས་རྒྱུན་བསྲིང་ཞིང་། གསུམ་ན། ཡབ་མེས་བོན་ཕུགས་སྐུ་གསུང་ཐུགས་ཀྱི་དཔེའུ་རྩེ་རྣམ་གསུམ་འཛམ་བུའི་ཞིང་དུ་བསྒྲགས་པར་མཛད་ལ། བཞི་ན། གསེར་ལྡན་དགའ་མའི་གཤེན་བསྟན་ཞིང་ས་གཤིན་པོའི་ཁྲོད་དུ་བཤད་སྒྲུབ་བསྟན་པའི་སོན་རྩ་ལེགས་པར་བཏབ་ཅིང་འཛམ་གླིང་ཡུལ་གྲུ་གང་སར་བསྟན་པ་འཛིན་སྐྱོང་སྤེལ་བའི་ནེ་ར་གྲངས་མེད་དུ་བཞད་ཅིང་འབྲས་བུ་འབུམ་ལྡན་གྱི་བསྟན་འཛིན་བུ་སློབ་ཁྲི་སྟོང་ལས་བརྒལ་ཞིང་། ལྔ་ནི། བོན་ལུང་སྨུག་མོའི་ལོ་རབས་སྟོང་གི་དབང་ལུང་མན་ངག་གི་གདམས་བཟང་ཏི་སེའི་བཞུར་རྒྱུན་དེ་འཛམ་གླིང་ཡུལ་གྲུ་སོ་སོའི་ཡུར་བར་དྲངས་ཤིང་དད་ལྡན་བུ་སློབ་བྱེ་བའི་ཤེས་རྒྱུད་བརླན་ཏེ་བོན་གྱི་ལྷ་སྡེ་འབུམ་ཕྲག་ལ་འཆད་ཉན་བཤད་ཁྲིད་ཀྱི་བོན་སྦྱིན་དང་། ཐར་སྨིན་གྲོལ་གསུམ་གྱི་ལམ་ཆེན་འདོམས་པར་མཛད་པའི་ཚངས་སྤྱོད་འགྲོ་བའི་དེད་དཔོན་དང་། དྲུག་ནི། དམུ་རྒྱལ་ཐོད་སྲས་གཤེན་ཞལ་གཙང་མའི་བཀའ་དང་། དེའི་སྲས་ཞང་བོད་མཁས་གྲུབ་བྱེ་བའི་ལེགས་བཤད་སྟོང་གི་སྙིང་བཅུད་ཁྱོད་ཀྱི་དགོངས་གཏེར་ཟབ་མོ་ལས་གྲུབ་པའི་བསྟན་པ་རྗེས་བཞག་གི་གླེགས་བམ་བཅུ་ཕྲག་དུ་མར་བསྟན་འགྲོའི་གསོས་སུ་གྲུབ་ལ། བདུན་ནི། བསྟན་པའི་རྩ་བ་ཕྱི་སོ་ཐར་གྱི་སྡོམ་པའི་སྐུ་བཙུན། ནང་བྱང་སེམས་ཀྱི་གདམས་པའི་རྒྱུད་བརླན། གསང་བར་ལྟ་བའི་རྒྱལ་པོ་རྫོགས་པ་ཆེན་པོའི་དགོངས་དཔྱོད་ཉམས་སུ་བཞེས་པའི་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་ཁྱེད་ཀྱི་སྐུ་མཛད་པའི་འཕྲིན་ལས། གསུང་གདམས་པའི་ལེགས་བཤད། ཐུགས་ཀུན་བརྩེའི་དགོངས་དཔྱོད་སོགས་སྐུ་གསུང་ཐུགས་ཀྱི་མི་ཟད་རྒྱན་གྱི་འཁོར་ལོའི་ཡོན་ཏན་ཆ་ཚང་ཞིག་བརྗོད་པར་ངེད་ཅག་གི་བློ་ཡུལ་ལས་འདས་ཤིང་། དམ་པའི་ཡོན་ཏན་ཆ་ཤས་ཙམ་ཞིག་བཀའ་དྲིན་ངོ་ཤེས་ཀྱི་ཚུལ་དུ་ད་ལན་ཞུ་དོན་རིན་ཆེན་ནོར་བདུན་གྱི་གྲངས་ལྡན་འདི་ཉིད་ཁྱེད་ཀྱི་གསང་གསུམ་གྱི་མཛད་འཕྲིན་མཚན་གཞི་ཙམ་ཞིག་ཧ་གོ་དོན་རྟོགས་ཀྱི་ཚུལ་དུ་ཞུ་དོན་གཙོ་བོ་ནི། ད་ལན་འཛམ་གླིང་ཤར་ནུབ་གང་སར་བཞུགས་པའི་བོན་འབངས་ཡོངས་ཀྱི་རེ་སྨོན་ལ། ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་ཆེད་དུ་ལེགས་སྐྱེས་ཕུལ་བའི་བཀའ་དྲིན་རྗེས་དྲན་དང་། རྣམ་གཉིས་ཀྱང་ཞབས་པད་གཡུང་དྲུང་ཁྲི་ལ་རྟག་ཏུ་བརྟན་པའི་འཛམ་གླིང་ཤར་ནུབ་ཀུན་ལ་ཡོད་པའི་བོན་འབངས་ཡོད་དོ་ཅོག་གི་བསམ་འདུན་བརྟན་བཞུགས་རྒྱས་འབུལ་ཞུ་རྒྱུའི་སྐལ་བཟང་ཚེས་བཟང་གི་ཉིན་མོ་དང་ཁྱེད་རྣམ་གཉིས་ཀྱི་བཀའ་དྲིན་རྗེས་དྲན་ཞུ་བའི་ཉིན་མོ་དེ་ཡིན།

          ཁྱད་པར་དུ་གཡར་པོའི་ཕ་ཡུལ་གཅེས་སུ་འོས་པའི་འཕགས་ཡུལ་ཧི་མ་ཅར་གྱི་མངའ་ཁོངས་སུ་གནས་པའི་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་མོ་འདིར་འཛམ་གླིང་ས་ཕྱོགས་གང་སའི་ཤ་རུས་གཅིག་ལས་མཆེད་པའི་གཡུང་དྲུང་བོན་གྱི་སྤུན་གྲོགས་རྣམ་པ་ཚང་མ་ལྷན་འཛོམས་ཉིན་མོ་ལ།  ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་སྐུ་ཚེ་བརྟན་བཞུགས་ཞབས་རིམ་རྒྱས་འབུལ་གྱི་མཛད་སྒོ་དང་པོ་སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་ཞབས་རིམ་བསྒྲུབ་རྒྱུ་ཐུགས་གཏན་འཁེལ་བ་ལྟར། དེ་རིང་བཀྲ་ཤིས་པའི་དུས་བཟང་གི་ཉིན་འདིར་དུས་རབས་ཉེར་གཅིག་པའི་བརྡ་འཕྲིན་བརྒྱུད་ནས། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས་ཤིག་ངོ་སྤྲོད་ཞུས་ན་སྙམ་པའི་ཚོར་སྣང་ཞིག་བྱུང་བར་བརྟེན་གཤམ་དུ་རིན་པོ་ཆེའི་སྐོར་ངོ་སྤྲོད་ཅིག་ཞུས་ན།

         ཁྲི་འཛིན་རིན་པོ་མཆོག་ནི་རྒྱལ་བ་མཉམ་མེད་ཆེན་པོ་ནས་བརྩིས་པའི་སྨན་རིའི་མཁན་རབས་སོ་གསུམ་པ་དེ་ཡིན། ཁོང་གི་འཁྲུངས་ཡུལ་ནི་ཨ་མདོ་ཤར་ཁོག་ཅེས་དེང་སི་ཁྲོན་རྔ་བ་ཁུལ། ཟིང་ཆུ་རྫོང་། སྐྱང་ཚང་ཤང་། སྐྱང་ཚང་སྡེ་བའི་ལྗོངས་ལྡོང་ཚང་ཞེས་པའི་དུད་ཁྱིམ་ཆེན་པོ་དེར་ཡབ་ལྗོངས་ལྡོང་རྒྱལ་ལོ་དང་ཡུམ་བར་རོང་བཟའ་མཚོ་མོ་གཉིས་ལ་ལྕམ་དྲལ་ལྔ་ཡོད་པའི་ལྔ་པ། སྤྱི་ལོ་ ༡༩༢༩ ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་སྐུ་བལྟམས། ཆུང་དུས་མཚན་ལ་བླ༷་མ༷་ཐ༷ར་ཞེས་འབོད། དགུང་ལོ་བདུན་ནས་བྲི་ཀློག་སོགས་སློབ་གཉེར་གྱི་འགོ་བཙུགས། དེ་ནས་དགུང་གྲངས་བཅུ་བདུན་ཐོག་སྐྱང་ཚང་དགོན་པར་རབ་ཏུ་བྱུང་སྟེ་རིམ་བཞིན་རིག་གནས་ཆེ་ཆུང་ཁག་དང་། གྱེར་དབྱངས་འདོན་གསུམ་ལ་སོགས་སྦྱངས་བརྩོན་མཛད། དགུང་གྲངས་བཅུ་བཞིའི་ཐོག་རྔ་ཡུལ་སྣང་ཞིག་དགོན་གྱི་ནང་ཆེན་ཤེས་རབ་བསྟན་འཛིན་མཆོག་གི་སྐུ་མདུན་ནས་སྔོན་འགྲོ་ཞུས་ནས་ལོ་གསུམ་ལ་སྔོན་འགྲོ་ཚར་གསུམ་བསགས་སྦྱངས་མཛད། དགུང་གྲངས་བཅུ་བདུན་ཐོག་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་སྐར་དང་བསྟུན་ཏེ་སྐྱང་ཚང་བླ་མ་ཤེས་རབ་བསྟན་པའི་རྒྱལ་མཚན་གྱི་སྐུ་མདུན་ནས་གཙང་གཙུག་གི་སྡོམ་པ་མནོས་ཤིང་མཚན་ལ་ཤེས་རབ་རྣམ་དག་ཏུ་གསོལ། ཧོར་པ་དྲུང་རམས་པ་བསྟན་འཛིན་བློ་གྲོས་རྒྱ་མཚོ་མཆོག་གི་ཞབས་ལ་གཏུགས་ཏེ་སུམ་རྟགས་དག་གསུམ་དང༌། མངོན་བརྗོད་སྙན་ངག རྩིས་དཀར་ནག མཚན་ཉིད་རིག་པའི་བསྡུས་ཚད་ཐེག་རིམ་ས་ལམ་ཕར་ཕྱིན་སོགས་ལ་གསན་བསམ་ལེགས་པར་མཛད་ཅིང༌། དུས་དེ་ཙམ་ནས་ལོ་དྲུག་གི་རིང་ལ་དགོན་པའི་འཆམ་དཔོན་གྱི་ཐུགས་འགན་བཞེས། དགུང་གྲངས་ཉེར་ལྔའི་ཐོག་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་བཏགས་བཞེས། 


དགུང་གྲངས་ཉེར་བདུན་ཐོག་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་མངའ་བདག་ཁྲོ་སྐྱབས་ཀྱི་རྒྱལ་ས་དྲུག་ཟུར་དུ་ཕེབས་ནས་ཤིང་དཔར་དུ་འཁོད་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གཉིས་བླུས་ཏེ་སྐྱང་ཚང་དགོན་པར་ནང་རྟེན་དུ་ཕུལ་ཞིང༌། མཛད་བཅུ་དང་ཆོ་ག་བཅུ་གཉིས་ཁམས་ཆེན་བཅས་བླུས་ཏེ་ཡབ་ཡུམ་གྱི་བཀའ་དྲིན་གཞལ་ཕྱིར་ཡབ་གཞིས་ལྗོངས་ལྡོང་ཚང་གི་མཆོད་ཁང་གི་ནང་རྟེན་དུ་བཞག དགུང་གྲངས་ཉེར་བརྒྱད་ཐོག་རྫ་ཨ་གྲགས་སུ་ཨ་ལགས་སྣང་གསལ་ནམ་མཁའ་རྒྱལ་མཚན་ཞེས་སྙན་པར་གྲགས་པའི་བླ་མ་དམ་པ་དེའི་དྲུང་ནས་དབང་ལུང་མང་དུ་ཞུས་ཤིང༌། དེ་མཚམས་གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དུ་ཕེབས་ཏེ་ལམ་ལྷ་དཔོན་སློབ་ཀྱི་མདུན་ནས་གྲྭ་སའི་སྒྲིག་སྲོལ་ལྟར་གཙང་གཙུག་གི་སྡོམ་པ་ཞུས་ཤིང་མཚན་ལ་སང༷ས་རྒྱ༷ས་བསྟ༷ན་འཛིན་དུ་གསོལ། སྒང་རུ་དཔོན་སློབ་བླ་མར་བསྟེན་ནས་དང་ར་ཕྱུག་མཚོ་རིན་པོ་ཆེ་དང་ལྷན་དུ་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་མང་དུ་གསན་ཞིང༌། དེ་ནས་གྲྭ་ས་གོང་མ་བཀྲ་ཤིས་སྨན་རིར་ཕེབས་ཏེ་སྨན་རིའི་ཁྲི་འཛིན་སུམ་ཅུ་པ་བསྟན་པ་བློ་གྲོས་མཆོག་གི་སྐུ་མདུན་ནས་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་དབང་ལུང་ལེགས་པར་མནོས། དེ་རྗེས་ལྷ་སར་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཟིང་ཆུ་ཁམས་ཚན་དུ་སྒྲིག་ཞུགས་ཀྱིས་སྒོ་མང་གྲྭ་ཚང་གི་མདོ་བ་མཁན་པོ་དང་རྒན་སྦྱིན་པ་རྒྱ་མཚོ་སོགས་ཀྱི་སྐུ་མདུན་ནས་གྲུབ་མཐའ་དང༌། དོན་བདུན་ཅུ་པ། ས་ལམ། ཕར་ཕྱིན་བཅས་ལ་གསན་བསམ་གནང༌། དགུང་གྲངས་སོ་གཅིག་ཐོག  སྤྱི་ལོ་ ༡༩༥༩ ལོར་བོད་སྤྱི་ཡོངས་ལ་དུས་འགྱུར་བྱུང་སྐབས་རྐྱེན་དབང་གིས་ལྷ་སར་བཞུགས་ཐབས་བྲལ་ཏེ་སྟོད་ཀྱི་གྲྭ་ས་རྣམ་བཞིའི་ཡ་གྱལ་ཟངས་རི་རྨེའུ་ཚང་གི་གདན་ས་སོགས་ལ་མཇལ་སྐོར་དུ་ཕེབས། 


དེའི་ཕྱི་ལོར་རྒྱ་གར་ཕྱོགས་སུ་ཕེབས་སྐབས་ལམ་བར་དུ་བལ་བོད་ས་མཚམས་ཀྱི་གློ་ཆུ་མིག་བརྒྱ་རྩ་དང༌། ཀླུ་བྲག་དགོན། རྫོང་གསར་པ། དོལ་པོ་ཚྭ་དགའ། རྟ་རབ་སྲིབ་ཕྱོགས། བསམ་གླིང་དགོན་པ། མཚོ་སྤུངས་མོ། བར་གླེ་སོགས་སུ་ཕེབས་ནས་དེར་བཞུགས་རིང་བླ་མ་རྣམས་ཀྱི་དྲུང་ནས་རྩ་ཆེའི་དབང་ལུང་མང་པོ་ཞུས་ཤིང༌། རིན་བྲལ་གྱི་གསུང་རབ་དུ་མའང་གཡར་ཞུས་མཛད་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འཕྲུལ་དཔར་དུ་བཏབ་པ་མ་ཟད། གསུང་རབ་རྣམས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དུ་མའི་དཔེ་མཛོད་ཁང་དང་རིག་གཞུང་གི་བསྟི་གནས་གལ་ཆེན་ཁག་ཏུ་འགྲེམས་སྤེལ་ཡང་མཛད། སྤྱི་ལོ་ ༡༩༦༡ ལོར་དབྱིན་ཇིའི་མཁས་དབང་བདེ་གསལ་དགེ་རབ་(Prof. David Snellgrove)ཀྱིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་(London)གྱི་གཙུག་ལག་སློབ་གཉེར་ཁང་ཆེན་མོར་དགེ་རྒན་གནང་རྒྱུའི་རེ་བསྐུལ་ཞུས་པ་བཞིན་དབྱིན་ཡུལ་དུ་ཕེབས་ཏེ།

 སློབ་གཉེར་ཁང་དེར་བོད་དང་བོན་གྱི་རིག་གཞུང་འཆད་ཁྲིད་ཀྱི་ཞོར་དུ་དབྱིན་ཇིའི་སྐད་ཡིག་ལ་སྦྱངས་བརྩོན་གནང་སྟེ་ལོ་གསུམ་ཙམ་བཞུགས། དབྱིན་ཡུལ་དུ་བཞུགས་སྐབས་རྒྱལ་ཁབ་དང་མི་རིགས་འདྲ་མིན་གྱི་རིག་གཞུང་ཚོགས་འདུ་དུ་མར་ཞུགས་ཤིང༌། ཁྱད་པར་དུ་ཡེ་ཤུའི་བླ་ཆེན་(Pope Paul VI)མཆོག་ལ་མཇལ་བཅར་གྱིས་ཆོས་ལུགས་ཕན་ཚུན་གྱི་དོན་སྙིང་སྐོར་ལ་གསུང་མོལ་མང་དུ་གནང༌། ༡༩༦༣ ལོར་རྒྱ་གར་དུ་ཕྱིར་ཕེབས་ནས་རྒྱ་གར་མ་སུ་རི་(Mussoorie)རུ་ཡོད་པའི་བྱེས་འབྱོར་བོད་མིའི་སློབ་གྲྭ་ཐོག་མའི་དགེ་རྒན་ཆེན་མོ་གནང་ཡང་གཞན་གྱི་ཕྲག་དོག་གི་རྐྱེན་ངན་མང་པོ་ཞིག་ལ་བརྟེན་ནས་ལས་རིམ་དེ་དག་འགྲུབ་མ་ཐུབ་པ་མ་ཟད། ཁོང་གི་སྐུ་སྲོག་ལའང་ཉེན་ཁ་བྱུང་སྟེ་གནས་སྐབས་སུ་ཉེན་ཡོལ་ཆེད་ནོར་ཝེ་(Norway)རུ་བསྐྱོད་དེ་ཨོ་སུ་ལོ་མཐོ་སློབ་(Oslo University)ཏུ་ལོ་གཉིས་རིང་དགེ་རྒན་གྱི་ཕྱག་ལས་གནང་ནས་བཞུགས། ༡༩༦༨ ལོར་བོན་གཞིས་ཐོབ་རྒྱལ་གསར་པ་རུ་གཡུང་དྲུང་གླིང་གི་མཁན་ཆེན་མཆོག་དང༌། སྨན་རིའི་ཡོངས་འཛིན་རྣམ་གཉིས་ཀྱིས་གཙོས་པའི་ཕྱོགས་མཐའ་ཁག་ནས་འཛོམས་པའི་བོན་གྱི་བླ་སྤྲུལ་རྣམས་ཀྱིས་སྔར་སྲོལ་ལྟར་བོན་སྐྱོང་གནད་སྒྲུབ་ཀྱིས་ཟན་རྟགས་བསྒྲིལ་ཏེ་ཁོང་ཉིད་སྨན་རིའི་ཁྲི་འཛིན་སོ་གསུམ་པར་བོན་སྐྱོང་བཀའ་སྲུང་གི་ལུང་རྟགས་སུ་བབས་པས། རྒྱལ་བ་མཉམ་མེད་ཆེན་པོའི་གསེར་ཁྲིར་མངའ་གསོལ་གྱིས་མཚན་ལ་ལུ༷ང་རྟོགས་བསྟ༷ན་པ༷འི་ཉི་མ༷་དཔ༷ལ་བཟ༷ང་པོ་ཞེས་སུ་གསོལ།  


30.pic_hd
༡༩༧༠ ལོར་བོན་གཞིས་ཐོབ་རྒྱལ་གསར་པའི་གནས་སུ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགོན་སྡེ་ཕྱག་འདེབས་ཀྱིས་གཙུག་ལག་ཁང་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་བཞེངས་བསྐྲུན་མཛད་དེ། གྲྭ་ས་གོང་མའི་ཕྱག་སྲོལ་བཟང་པོ་རྣམས་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་མཛད་པ་ངལ་མེད་དུ་བསྐྱངས། ༡༩༧༥ ལོར་བོན་གཞིས་ཐོབ་རྒྱལ་གསར་པའི་ཉིན་མོའི་སློབ་གྲྭ་ཞེས་རྒྱ་གར་དབུས་གཞུང་ནས་གཟིགས་རྟོགས་ཡོད་པའི་སློབ་གྲྭ་ཞིག་ཏུ་བསྐྲུན་ཞིང༌། བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཁག་ནས་སླེབས་པའི་བོན་ཕྲུག་ཉམ་ཐག་དང་དྭ་ཕྲུག་རྣམས་བསྡུས་ནས་བོན་ཕྲུག་བདེ་དོན་ཞེས་པའི་ཚོགས་སྡེ་བཙུགས་ཏེ་བོན་གྱི་རིག་གཞུང་དང་དེང་རབས་ཤེས་ཡོན་སྦྱོང་བའི་སྐལ་པ་བསྩལ།  


31.pic_hd
༡༩༧༨ ལོར་ ༧ དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་དུ་བཙུགས་ནས་ཐུན་མིན་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་ཀུན་ལ་འཆད་ཉན་བྱས་ཏེ་མཐར་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་བཏགས་འབུལ་བའི་བཅའ་སྒྲིག་གཏན་འབེབས་མཛད་པ་ནས་བཟུང་ལོ་ངོ་བཅུའི་རིང་ལ་ཕྱོགས་མཐའ་ཁག་ནས་ཕེབས་པའི་བཤད་སྒྲུབ་སློབ་གཉེར་བརྒྱ་ཕྲག་དུ་མར་གསོ་སྐྱོང་དང་སློབ་གཉེར་གནང་སྟེ། ༡༩༨༦ ལོར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམ་པ་དྲུག་དགེ་བཤེས་མཛད་སྒོའི་རྟེན་འབྲེལ་མཛད་པ་དེ་རྒྱ་གར་སྨན་རི་དགོན་གྱི་དགེ་བཤེས་ཐེངས་དང་པོ་དེ་ཡིན།

23.pic_hd༡༩༨༧ ལོར་ཝཱ་ར་ཎ་སིའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་ལྷན་ཚོགས་དང་བཀའ་བགྲོས་གནང་སྟེ་སློབ་གཉེར་ཁང་དུ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་གསར་འཛུགས་མཛད། ༡༩༨༨ ལོར་སྨན་རིའི་ཁྲི་འཛིན་རིམ་བྱོན་རྣམས་ཀྱིས་རང་གི་སྐུ་ཐོག་ལ་སྒྲུབ་ཆེན་རེ་ཚོགས་སྲོལ་ཡོད་པ་བཞིན་ལོ་དེར་ཁྲོ་བོ་འོད་ཟེར་འཁྱིལ་པའི་སྒྲུབ་ཆེན་བཙུགས།   ༡༩༩༢ ལོར་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཉིན་ཡང་སྟོན་དགེ་བཤེས་འཕྲིན་ལས་ཉི་མ་མཆོག་ ༧ དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་རིན་པོ་ཆེའི་བཞུགས་ཁྲིར་མངའ་གསོལ་མཛད། ༡༩༩༤ ལོར་ ༧ སྐྱབས་རྗེ་མཆོག་བོད་གངས་ཅན་ལྗོངས་སུ་ཐོག་མར་ཆིབས་བསྒྱུར་བསྐྱངས་ཏེ་གྲྭ་ས་གོང་མ་ ༧ བཀྲ་ཤིས་སྨན་རིའི་གླིང་དུ་རྒྱལ་བ་མཉམ་མེད་ཆེན་པོའི་གསེར་ཁྲིར་མངའ་གསོལ་གྱི་རྟེན་འབྲེལ་མཛད་ཅིང༌། 


36.pic_hd
གཞན་ཡང་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་ཕེབས་ནས་གཡུང་དྲུང་བོན་གྱི་དགོན་སྡེ་ཁག་ལ་དབང་ལུང་མན་ངག་གི་གདམས་ཟབ་མང་དུ་གནང་སྟེ་སྐྱེ་འགྲོའི་ཡིད་ཀྱི་ཞིང་སར་ཐར་པའི་ས་བོན་ཡོངས་སུ་བསྐྲུན། ༡༩༩༧ ལོར་༧ དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་དབུ་འཛུགས་གནང་སྟེ། དགུན་ཟླ་གཅིག་གི་རིང་དམིགས་བསལ་གཡས་རུའི་སྟོན་པ་རྣམས་ཀྱིས་མཛད་པའི་གཞུང་ལུགས་ཁག་ལ་འཆད་ཉན་གནང་རྒྱུའི་སྲོལ་རྒྱུན་བཙུགས།  ༢༠༠༡ ལོར་རྗེ་རུ་དགེ་བཤེས་བསྟན་པ་གཡུང་དྲུང་མཆོག་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་མཁན་པོར་མངའ་གསོལ་མཛད་ལ་ལོ་དེར་བོན་གཞིས་ཐོབ་རྒྱལ་གསར་པའི་ལྷོ་ངོས་སུ་བཙུན་དགོན་རདྣ་སྨན་གླིང་ཕྱག་བཏབ། ༢༠༠༧ ལོར་ ༧ དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་དཔེ་མཛོད་ཆེན་མོ་ཡོངས་སུ་བཞེངས་བསྐྲུན་གྲུབ་སྟེ་ཕྱི་རབས་བསྟན་འགྲོའི་དཔལ་དུ་རྗེས་བཞག་མཛད།   


34.pic_hd
དེ་ནས་ ༢༠༠༨ ལོ་ནས་བཟུང་ ༢༠༡༥ ལོ་བར་ལ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བོན་འབྲེལ་རྒྱ་ཆེར་བསྐྱངས་པ་དང༌། གངས་ཅན་གྱི་ལྗོངས་སུའང་སྔ་ཕྱིར་ཐེངས་གསུམ་དུ་ཞབས་ཀྱིས་བཅགས་ཏེ་བོན་དགོན་ཁག་ལ་གདམས་འབྲེལ་མཛད་པར་མ་ཟད། གསུང་རྩོམ་ལའང་བོན་གྱི་བསྟན་རྩིས་ཀུན་བཏུས་དང༌། བསྟོད་ཚོགས་ཐོར་བུ། ཆོ་ག་ཁག་གི་ཟིན་བྲིས་སོགས་དུ་མ་མཆིས་ཤིང༌། གཞན་ཡང་གཞོན་སྐྱེས་བོན་འབངས་སྟོང་ཕྲག་བརྒལ་བར་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་བསྩལ་ཞིང༌། དེ་བཞིན་དགེ་བའི་བཤེས་གཉེན་ཆེན་པོ་བརྒྱ་ཕྲག་ལོན་པ་ལ་རབ་འབྱམས་པའི་མཚན་བཏགས་བསྩལ་ཏེ་རྒྱ་བལ་བོད་སོགས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དགོན་པའི་མཁན་པོ་དང༌། སློབ་དཔོན་སོགས་མངགས་གཏོང་མཛད་ཅིང༌། 


ནུབ་ཕྱོགས་རྒྱལ་ཁབ་རྣམས་སུ་བོན་ཚོགས་འདྲ་མིན་གྱི་དབུ་ཁྲིད་དང༌། གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན། ཞིབ་འཇུག་པའི་མཁས་དབང་སོགས་མི་སྣ་གསོ་སྐྱོང་གནང་ཞིང་ད་ལྟ་ཡང་ ༧ དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཤེན་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་མཛད་འཕྲིན་རླབས་ཆེ་ཞིང་བསྟན་དང་འགྲོ་བའི་དཔལ་དུ་བཀའ་དྲིན་བླ་མེད་དུ་ཆེ་བ་བཅས་སོ།།

རྩོམ་གྱི་ཡོང་ཁུངས། ཞང་ཞུང་རྒད་པོའི་འཕྲིན་སྟེགས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།