རྩོམ་བསྡུའི་འབོད་བསྐུལ།

0
977

༄༅། །ཉེ་ཆར་མེ་ལོང་ཡེ་ཤེས་དྲྭ་ཚུགས་ཀྱི་གཙོ་སྒྲུབ་པ་རྣམས་ཀྱིས་༼སེམས་ཀྱི་ཉི་ཟླ་རྣམ་གཉིས་བརྟན་དུ་བཞུགས་པའི་ཤིས་སྨོན་༽ཞེས་པའི་རྩོམ་བརྡ་ཞིག་འབྲེལ་ཡོད་སྐད་འཕྲིན་བརྒྱུད་ལམ་སྤྱི་སྒེར་གཉིས་ཆར་ཕུལ་ཏེ་རྒྱ་ཆེའི་མཁྱེན་ལྡན་རྩོམ་པ་པོ་མི་ཉུང་བ་ཞིག་ལ་འབོད་བསྐུལ་ཞུས་ཡོད་པ་ལྟར་ད་བར་གང་འཚམས་བསྩལ་སོན་བྱུང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ད་དུང་མཁྱེན་སྤྱོད་ཡངས་པའི་རྩོམ་པ་པོ་མི་ཉུང་བ་ཞིག་ལ་རེ་བསྐུལ་དོན་སྨིན་སོན་རེ་ཆེ་བས་དེ་དོན་ཁྱེད་རྣམས་པས་རྩོམ་ལུས་བཅད་ལྷུག་སྤེལ་མ་ཅི་རིགས་པའི་སྒོ་ནས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་སྨོན་ཚིག་ཅིག་སྐྱབས་འཇུག་གནང་རོགས་ཞེས་འབོད་བསྐུལ་བསྐྱར་མ་ཞུ་བཞིན་ཡོད།

འདི་ལྟའི་རྩོམ་བསྡུ་བྱེད་པའི་དགོས་དམིགས་གཙོ་བོ་ནི་རང་ཅག་གི་མེ་ཏོག་གངས་ལ་ཕོག་པའི་ལྷ་སྐལ་ཏེ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ཀྱིས་ད་བར་གངས་ཅན་མེས་པོའི་ཆོས་ལུགས་རིག་གནས་རྣམས་ཚེ་སྲོག་གི་ཀ་བ་ལྟར་སྲུང་ཞིང་བསྐྱབས་པ་དང་། འཆད་ཅིང་མཉན་པ། འཛིན་ཞིང་བསྐྱངས་པ། སྤེལ་ཞིང་བསྒྲུབས་པ་བཅས་འཕྲིན་ལས་ཀྱི་ནོམས་པ་ཟབ་ཅིང་རྒྱ་ཆེ་བ་དང་། བརྗིད་ཅིང་དཔུང་འཐུག་པས་སོ། །དེ་ལྟའི་གསང་གསུམ་གྱི་མཛད་པ་བསྐྱངས་ནས་དགུང་གྲངས་བརྒྱད་ཅུ་དང་དགུ་བཅུའི་གོང་དུ་བརྒལ་བའི་སྐལ་བཟང་གི་དུས་ཚིགས་འདིར་བཀའ་དྲིན་རྗེས་དྲན་གྱི་ཞུ་སྒོ་ཆེ་ཕྲ་ཆུང་གསུམ་གང་ཞིག་བསྒྲུབ་དགོས་པ་ནི་ཁ་བ་གངས་ཅན་པ་སྤྱི་ལ་ཁུར་དུ་འཁྲི་བའི་འོས་འགན་དུ་གྱུར་ཡོད།

དེས་ན་ཉེ་བའི་ཆར་༧གདན་ས་གཉིས་སུ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བརྟན་བཞུགས་མནྜལ་རྒྱས་འབུལ་གྱི་སྐུ་ཚེའི་ཞབས་རིམ་སྒྲུབ་པའི་ལས་རིམ་གྱི་དངོས་གཞི་དབུ་ཚུགས་འདུག་པ་ལྟར་ངེད་ཚོ་<མེ་ལོང་ཡེ་ཤེས་དྲ་ཚུགས་>འདིས་ཀྱང་དབུ་འོག་དཔུང་འདེགས་དང་། བཀའ་དྲིན་མི་བརྗེད་སེམས་ཀྱིས་ཞུ་བའི་མཚོན་ཐབས་སུ་རྩོམ་ཡིག་གི་སྡེ་ཚན་ཞིག་དྲ་ཐོག་ཏུ་གཉེར་སྐྱོང་བྱ་འཆར་ཡོད་པ་ལྟར་རྩོམ་པ་པོ་རྣམས་ཀྱིས་འདི་ཟླའི་༠༤ཕྱི་ཚེས་༢༣ཚུད་མེ་ལོང་ཡེ་ཤེས་དྲ་ཚུགས་སུ་རྩོམ་བསྐུར་གནང་རོགས་ཞུ་རྒྱུ་བཅས།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པ་ཐུན་མོང་ནས་ཕྱི་ལོ་༢༠༡༦ཟླ་༠༤ཚེས་༡༠ཉིན།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།