བོན་དཔེ་གླིང་གཤེན་བསྐལ་བཟང་གི་མཚམས་སྦྱོར།

0
2384

རྩོམ་པ་པོ་རིག་པའི་མེ་ལྕེ།

རྒྱལ་བའི་བཀའ་འགྱུར་པོད་གྲངས་༡༢་དང་༡༣་པ་ཕུན་སུམ་ཚོགས་པ་མདོ་སྡེའི་ནང་ཚན་བསྐལ་བཟང་སྡེ་ལྔའི་ཡ་གྱལ་གླིང་གཤེན་བསྐལ་བཟང་ནི། གླིང་གཤེན་ནམ་མཁའ་མཐོང་གསལ་ལ་སྙན་དུ་བརྒྱུད་པའི་བོན་སྡེ་ཞིག་ཡིན། བཀའ་འགྱུར་དཀར་ཆག་དག་གི་ནང་དུ། ཀ་དུམ་དང་། ཁ་དུམ་གཉིས་ལས་ཕྱེས་མེད་ཀྱང་། གཞུང་གི་སྤྱི་ཁོག་ལ་དུམ་ཚན་གསུམ་དུ་མཆིས་སྟབས་ལེའུ་ངོ་སྤྲོད་སྟབས་བདེ་ཕྱིར་སྡེ་ཚན་གོང་འོག་བར་གསུམ་དུ་ཕྱེས་ཡོད། དེ་ཡང་སྡེ་ཚན་རེ་རེའི་ལེའུ་དང་བརྗོད་བྱ་མདོར་བསྟན་གྱི་ཚུལ་དུ་བཀོད་ན་འདི་ལྟར། སྡེ་ཚན་དང་པོ་ཀ་པོད་ལ་ལེའུ་སུམ་ཅུ་རྩ་བརྒྱད་ཡོད་པས། ༡ ༽ལེའུ་དང་པོ། སངས་རྒྱས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ལེའུ། སངས་རྒྱས་སྟོང་རྩ་གཉིས་བྱུང་ཚུལ་དང་། སངས་རྒྱས་སྤྱི་ཡི་ངོ་བོ། ཡབ་ཡུམ་གྱི་ལོ་རྒྱུས། ཡབ་ཡུམ་གཉིས་སྟོང་པ་ལ་སྦྱར་ཚུལ་དང་གང་ཟག་ལ་སྦྱར་ཚུལ་སོགས་སོ་སོར་བསྟན་ཡོད། ༢ ༽ལེའུ་གཉིས་པ་དང་། ༣ ༽ལེའུ་གསུམ་པ་ནང་། སྔ་རབས་སྟོན་པའི་སྐུ་ཡི་སྤྲུལ་པ་མི་བཅེད་འཇིག་རྟེན་གྱི་ཤར་ཕྱོགས་བདེར་གཤེགས་བརྒྱ་ཡི་ཡབ་ཡུམ་དང་མཚན་སོགས་གསལ་བར་བསྟན་ཡོད། ༤ ༽ལེའུ་བཞི་པ་དང་། ༥ ༽ལེའུ་ལྔ་པ་གཉིས་ཀྱིས། བསྐལ་བཟང་སངས་རྒྱས་ཉིས་བརྒྱ་བྱང་ཕྱོགས་འཇིག་རྟེན་གྱི་ཁམས་སུ་སྤྲོས་པའི་མཚན་ཉིད་དང་། ཡབ་ཡུམ་གྱི་ལོ་རྒྱུས་སོགས་བསྟན་ཡོད། ༦ ༽ལེའུ་དྲུག་པ་དང་། ༧ ༽ལེའུ་བདུན་པ་གཉིས་ཀྱིས། བསྐལ་བཟང་སངས་རྒྱས་ཉིས་བརྒྱ་ནུབ་ཕྱོགས་འཇིག་རྟེན་གྱི་ཁམས་སུ་སྤྲོས་པའི་མཚན་ཉིད་དང་། ཡབ་ཡུམ་གྱི་ལོ་རྒྱུས་སོགས་བསྟན་ཡོད། ༨ ༽ལེའུ་བརྒྱད་པ་དང་། ༡༠ ༽ལེའུ་བཅུ་པ་ཉིས་ཀྱིས། བསྐལ་བཟང་སངས་རྒྱས་ཉིས་བརྒྱ་ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་སུ་སྤྲོས་པའི་མཚན་ཉིད་དང་། ཡབ་ཡུམ་གྱི་ལོ་རྒྱུས་སོགས་བསྟན་ཡོད། ༡༡ ༽ལེའུ་བཅུ་གཅིག་པས། བསྐལ་བཟང་སངས་རྒྱས་ཉིས་བརྒྱ་དབུས་ཕྱོགས་འཇིག་རྟེན་གྱི་ཁམས་སུ་སྤྲོས་པའི་མཚན་ཉིད་དང་། ཡབ་ཡུམ་གྱི་ལོ་རྒྱུས་སོགས་བསྟན་ཡོད། ༡༢ ༽ལེའུ་བཅུ་གཉིས་པ་སྔར་འདས་སྟོང་གི་ལེའུ་ཡིས། སྔ་རབས་འདས་པའི་སངས་རྒྱས་སྟོང་གི་མཚན་གྲངས་བསྟན་ཡོད། ༡༣ ༽ལེའུ་བཅུ་གསུམ་པས། ད་ལྟའི་གཤེན་རབ་དེ་ཉིད་བདེར་གཤེགས་ཀྱི་མཚན་གྱི་ཐོག་མར་བསྟན་ཡོད། ༡༤ ༽ལེའུ་བཅུ་བཞི་བ་དང་། ༡༥ ༽ལེའུ་བཅོ་ལྔ་བ་གཉིས་ཀྱིས། གཤེན་རབ་སྐུ་སྤྲུལ་ཤར་ཕྱོགས་བདེ་བར་གཤེགས་པ་རྣམས་ཀྱི་མཚན་དང་ཡབ་ཡུམ་གྱི་ལོ་རྒྱུས་བསྟན་ཡོད། ༡༦ ༽ལེའུ་བཅུ་དྲུག་པ་དང་། ༡༧ ༽ལེའུ་བཅུ་བདུན་པ་གཉིས་ཀྱིས། གཤེན་རབ་སྐུ་སྤྲུལ་བྱང་ཕྱོགས་བདེ་བར་གཤེགས་པ་རྣམས་ཀྱི་མཚན་དང་ཡབ་ཡུམ་གྱི་ལོ་རྒྱུས་བསྟན་ཡོད། ༡༨ ༽ལེའུ་བཅོ་བརྒྱད་པ་དང་། ༢༠ ༽ལེའུ་ཉི་ཤུ་བ་གཉིས་ཀྱིས། གཤེན་རབ་སྐུ་སྤྲུལ་ནུབ་ཕྱོགས་བདེ་བར་གཤེགས་པ་རྣམས་ཀྱི་མཚན་དང་ཡབ་ཡུམ་གྱི་ལོ་རྒྱུས་བསྟན་ཡོད། ༢༡ ༽ལེའུ་ཉེར་གཅིག་པ་དང་། ༢༢ ༽ལེའུ་ཉེར་གཉིས་པ་གཉིས་ཀྱིས། གཤེན་རབ་སྐུ་སྤྲུལ་ལྷོ་ཕྱོགས་བདེ་བར་གཤེགས་པ་རྣམས་ཀྱི་མཚན་དང་ཡབ་ཡུམ་གྱི་ལོ་རྒྱུས་བསྟན་ཡོད། ༢༣ ༽ལེའུ་ཉེར་གསུམ་པ་དང་། ༢༤ ༽ལེའུ་ཉེར་བཞི་བ་གཉིས་ཀྱིས། གཤེན་རབ་སྐུ་སྤྲུལ་སྟེང་ཕྱོགས་བདེ་བར་གཤེགས་པ་རྣམས་ཀྱི་མཚན་དང་ཡབ་ཡུམ་གྱི་ལོ་རྒྱུས་བསྟན་ཡོད། ༢༥ ༽ལེའུ་ཉེར་ལྔ་དང་། ༢༦ ༽ལེའུ་ཉེར་དྲུག་གཉིས་ཀྱིས། གཤེན་རབ་སྐུ་སྤྲུལ་བྱང་ཤར་བདེ་བར་གཤེགས་པ་རྣམས་ཀྱི་མཚན་དང་ཡབ་ཡུམ་གྱི་ལོ་རྒྱུས་བསྟན་ཡོད། ༢༨ ༽ལེའུ་ཉེར་བརྒྱད་པས། གཤེན་རབ་སྐུ་སྤྲུལ་བྱང་ནུབ་བདེ་བར་གཤེགས་པ་རྣམས་ཀྱི་མཚན་དང་ཡབ་ཡུམ་གྱི་ལོ་རྒྱུས་བསྟན་ཡོད། ༣༠ ༽ལེའུ་སུམ་ཅུ་བས། བདེ་བར་གཤེགས་པ་རྣམས་ཀྱི་མཚན་གྱི་ཐོག་མ། འདུལ་བའི་ཞིང་ཁམས་བཅས་ཀྱི་སྐོར་བསྟན་ཡོད། ༣༢ ༽ལེའུ་སུམ་ཅུ་རྩ་གཉིས་པས། བདེ་བར་གཤེགས་པ་རྣམས་ཀྱི་མཚན་གྱི་ཐོག་མ། འདུལ་བའི་ཞིང་ཁམས་བཅས་ཀྱི་སྐོར་བསྟན་ཡོད། ༣༤ ༽ལེའུ་སུམ་ཅུ་རྩ་བཞི་བས། ལྷོ་ཤར་བདེར་གཤེགས་བརྒྱ་ཡི་མཚན་ཉིད་དང་། ཡབ་ཡུམ་གྱི་ལོ་རྒྱུས་སོགས་བསྟན་ཡོད། ༣༥ ༽ ༣༦ ༽ལེའུ་སུམ་ཅུ་རྩ་དྲུག་པས། འོག་ཕྱོགས་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་ཡི་སྐྱེས་རབས་དང་། ཡབ་ཡུམ་གྱི་ལོ་རྒྱུས་སོགས་བསྟན་ཡོད། ༣༧ ༽ལེའུ་སུམ་ཅུ་རྩ་བདུན་པས། བསྐལ་བཟང་སངས་རྒྱས་ཀྱི་སྐྱེས་རབས་དང་སྤྲུལ་བས་འགྲོ་དོན་མཛད་ལུགས་བསྟན་ཡོད། ༣༨ ༽ལེའུ་སུམ་ཅུ་རྩ་བརྒྱད་པས། སྐལ་སྟོང་སངས་རྒྱས་སྟོང་གི་མཚན་གྱི་ཟུར་མ། འགྲོ་བ་ཐར་བར་འདྲེན་པའི་མདོ་བཅས་ལེའུ་སུམ་ཅུ་རྩ་བརྒྱད་དོ། །

སྡེ་ཚན་གཉིས་པ་ཁ་པོད་ལ་ལེའུ་བཅུ་གསུམ་ཡོད་པ་ལས། ༡ ༽ལེའུ་དང་པོ་ལུང་བསྟན་གྱི་མདོ་ཡིས། མདོ་སྡེ་འདི་ཉིད་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་དང་། དཔེར་ན། ས་བཅུ་རིམ་གྱིས་བསྒྲོད་པའི་སྐས་ལམ་དང་། བག་ཆགས་རྒྱ་མཚོ་སྐམ་པའི་ཉི་མ། འཁོར་བ་སྲིད་མཚོ་སྒྲོལ་བའི་གྲུ་ལམ་ཡིན་པ་གཙང་མ་ལྷ་ཡི་བུ་ལ་ངོ་སྤྲོད་བསྡུས་དོན་གྱི་ཚུལ་དུ་བསྟན་ཡོད། ༢ ༽ལེའུ་གཉིས་པ་སྔ་རབས་འགྲོ་བ་འདྲེན་ལུགས་ཀྱི་མདོ་ཡི་ལེའུས། གཤེན་བ་རབ་གླིང་རྩོལ་ལ་སོགས་འཁོར་རྣམས་ཀྱིས་སྔ་རབས་སྟོན་པས་འགྲོ་བ་མཛད་ལུགས་ཅི་ལྟར་ཡིན་པ་ཞུས་པའི་སྐོར་ཡོད། ༣ ༽ལེའུ་གསུམ་པ་ད་ལྟའི་འགྲོ་བ་མཛད་ལུགས་ཀྱི་མདོའི་ལེའུས། བདག་ཅག་གི་སྟོན་པ་སངས་རྒྱས་མཆོག་གདུལ་བྱ་སེམས་ཅན་གྱི་དོན་ཐུགས་ལ་དགོངས་ཏེ། བདེ་བ་ཚངས་པ་ཆེན་པོའི་གནས་ལྔ་ ༼ གནས་ལྔ་ནི།  ཀུན་བཟང་གཤེན་ལྷ་འོད་དཀར་བཞུགས་པའི་གནས། འོག་མིན་བདེ་བ་ཆེན་པོའི་གནས་དང་གཅིག སྲིད་པ་སངས་པོ་འབུམ་ཁྲི་བཞུགས་པའི་ཡུལ། ཚངས་(རིས་)རི་ལྷ་གནས་ཆེན་པོ་དང་གཉིས། ཕྱྭ་ཡུལ་གྲོང་ཁྱེར་གསལ་དང་གསུམ། བར་ལྷ་འོད་གསལ་འགྲོ་དོན་མཛད་པའི་གནས་དང་བཞི། དགའ་བ་འདོད་པ་ཀུན་འབྱུང་གི་ཡུལ། འོལ་མོ་གླིང་ཆེན་བདེ་བའི་གླིང་དང་ལྔའོ། །(འདིར་གཞུང་ཚིག་ཇི་བཞིན་བཀོད་ཡོད། )ལ་རིམ་པར་བྱོན་ཏེ། ཀུན་བཟང་གཤེན་ལྷ་དང་སྲིད་པ་སངས་པོ་འབུམ་ཁྲི་སོགས་ལས་འགྲོ་བ་འདུལ་བའི་དབང་ལུང་རིམ་པར་ཐོབ་ཚུལ་དང་། འགྲོ་དོན་ཇི་ལྟར་མཛད་ལུགས་ཀྱི་རྣམ་ཐར་མདོར་བསྡུས་ཀྱི་ཚུལ་དུ་བསྟན་ཡོད། ༤ ༽ལེའུ་བཞི་བ་བསྐལ་སྲིད་གྲོལ་ཚུལ་གྱི་ལེའུས། སྟོང་གསུམ་གྱི་ཞིང་ཁམས་ཆགས་ལུགས་དང་། ཁམས་གསུམ་སེམས་ཅན་སྲིད་ལུགས་སོགས་བསྟན། འདིའི་སྐབས་སུ་ཐམས་ཅད་འབྱུང་བའི་གྲོལ་ཕུགས་ཅིར་ཡང་མེད་པའི་སྟོང་བ་ཡིན་པ་དང་། སྟོང་བ་དེ་ཡང་མ་སྲིད་དགུ་སྲིད་ཡེ་སྲིད་ཆེན་པོ། སྲིད་པ་ཀུན་གྱི་ཡང་རྩེ། བོན་སྐུ་བདེ་བ་ཆེན་པོ། ཡེ་མཁྱེན་ཡེ་སངས་རྒྱལ་པོ་ཡིན་པར་བསྟན་ཡོད། ༥ ༽ལེའུ་ལྔ་བ་ནང་བཅུད་གྲོལ་ལུགས་ཀྱི་ལེའུས། ལྷ་ཀུན་བཟང་གཤེན་ལྷའི་ཐུགས་རྗེའི་སྤྲུལ་པ་ལས་སྟོང་གསུམ་མི་བཅེད་འཇིག་རྟེན་ཁམས་འདི་གསུམ་སྲིད་པ་དང་། སྔ་ཕྱི་ད་ལྟ་དུས་གསུམ་གྱི་ནང་བཅུད་གྲོལ་ལུགས་སོགས་བསྟན། ༦ ༽ལེའུ་དྲུག་པ་སེམས་ཉིད་གཞི་བཟུང་གི་ལེའུས། སེམས་ཅན་གང་ཞིག་བླ་མེད་བྱང་ཆུབ་འཐོབ་པ་ལ། འཐོབ་བྱེད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ཡིན་པ་དང་། སེམས་བསྐྱེད་ཀྱི་གཞི་འཛིན་ཚུལ་སོགས་བསྟན། ༧ ༽ལེའུ་བདུན་པ་རྣམ་པར་དག་པ་སེམས་ཉིད་ཀྱི་ལེའུས། བོན་ཀུན་གྱི་རྩ་སེམས་བསྐྱེད་ཡིན་པ་དང་། སེམས་བསྐྱེད་ཅེས་པའི་དོན་དང་། སངས་རྒྱས་འཕགས་པ་རྣམས་ཀྱིས་གཡུང་དྲུང་མཆོག་ཏུ་སེམས་བསྐྱེད་ཚུལ་སོགས་གསལ་བར་བསྟན། ༨ ༽ལེའུ་བརྒྱད་པ་རྣམ་དག་སེམས་བསྐྱེད་ཆེན་པོའི་ལེའུས། རྣམ་མཁྱེན་སྟོན་པ་དེ་ཉིད་ཚེ་རབས་ཐོག་མ་མེད་པའི་གོང་ནས་བྱང་ཆུབ་ཀྱི་རྩ་བ་སེམས་བསྐྱེད་ཚུལ་དང་། དེའི་ཡོན་ཏན་གྱིས་འགྲོ་བ་འདུལ་བའི་སྐུ་རུ་རྒྱལ་རིགས་དམ་པར་སྤྲུལ་ཏེ་བསོད་ནམས་ལོངས་སྤྱོད་ནམ་མཁའི་ཆར་བཞིན་སྟོང་གསུམ་ཡོ་ལ་ཁྱབ་པར་བྱུང་བ་དང་། སངས་རྒྱས་ཀྱི་ཡོན་ཏན་ཀུན་ཐོབ་པའི་གཞི་མ། སེམས་ཅན་ཐར་བའི་ལམ་ལ་འཇུག་པའི་སྒོ་དང་པོ། སེམས་བསྐྱེད་རྣམ་དག་ཆེན་པོ་འདི་ཡིན་པར་བསྟན། ༩ ༽ལེའུ་དགུ་པ་རྣམ་དག་སེམས་བསྐྱེད་ཀྱི་ལེའུས། བསྔོ་བ་རྣམ་པར་དག་པས་སེམས་བསྐྱེད་ཚུལ་དང་། སེམས་བསྐྱེད་དེ་ནི་བློ་ཡིས་ཆགས་འཛིན་ཞི་བའི་བསྙེན་པ། རྣམ་རྟོག་སེར་སྣ་འཇོམས་པའི་རྒྱལ་པོ། ས་བཅུ་རིམ་པར་སྒྲོད་པའི་སྐས་ལམ་ཡིན་པ་དང་། སྔར་བྱུང་ཐམས་ཅད་ལམ་དེ་ལས་བསྒྲོད་ཟིན་པ་དང་། ད་ལྟའི་སེམས་དཔའ་ཐམས་ཅད་སྒྲོད་བཞིན་པ་དང་། སླར་འབྱོན་ཐམས་ཅད་ལམ་དེ་ལས་བསྒྲོད་དགོས་པར་བསྟན། ༡༠ ༽ལེའུ་བཅུ་བ་སྟོང་ཉིད་རྣམ་པར་དག་པའི་ལེའུས། འཁོར་འདས་ཟིལ་གནོན་ཞེས་པ། ཁམས་གསུམ་སེམས་ཅན་གྱི་སྒྲིབ་པ་དག་པའི་གཞི་སྟོང་བ་དང་། སྟོང་པ་དེ་ཉིད་འོད་གསལ་བའི་རང་བཞིན་དང་། ཡར་རྟོགས་པ་དང་མར་འཁྲུལ་བ་ཐམས་ཅད་འདིའི་ངང་ལས་བྱུང་བ་དང་། ཅི་བྱུང་ཅི་དྲན་ཐམས་ཅད་ཡེ་ཤེས་ཀྱི་རྩལ་དུ་བསྟན་ཡོད། ༡༠ ༽ལེའུ་བཅུ་བ་སྤྱི་ཁྱབ་བོན་གྱི་ལེའུས། སྤྱིར་འཁོར་བ་སེམས་ཅན་དྲངས་བའི་ཕྱིར་དུ་བོན་གྱི་སྒོ་མོ་དཔག་གིས་མི་དཔག་པ་ཞིག་མཆིས་ཀྱང་། དེའི་ནང་འདུལ་བ་དྲང་སྲོང་རྣམ་པར་དག་པ་ནི་འཁོར་བའི་རིགས་རྒྱུད་སྤོང་བའི་སྤོང་ལམ་ཡིན་ཕྱིར་འཇིག་རྟེན་སྟོང་བའི་བོན་མཆོག་བླ་ན་མེད་པ་ཡིན་ཚུལ་དང་། ཁྱད་པར་དུ་འཛམ་གླིང་འདི་འདྲེན་བྱེད་ཀྱི་ཐབས་བླ་ན་མེད་པ་ནི་སྒོ་བཞི་མཛོད་ལྔའི་བོན་འདི་ཡིན་པར་བསྟན་ཡོད། ༡༡ ༽ལེའུ་བཅུ་གཅིག་པ་སྟོང་གསུམ་ཆགས་པའི་ཐ་མ་འཇིག་ལུགས་ཀྱི་ལེའུས། སྟོང་གསུམ་འཇིག་བྱེད་ཀྱི་རྣམ་གྲངས་མང་ནའང་། ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་པ་དང་། ཕྱི་ཡི་འཇིག་རྐྱེན་མེ་བདུན་ཆུ་གཅིག་གིས་འཇིག་ཚུལ་སོགས་གསལ་བོར་བསྟན། ༡༢ ༽ལེའུ་བཅུ་གཉིས་པ་གསུང་རབ་ཀྱི་ཕན་ཡོན་གྱི་ལེའུས། སྤྱིར་གཡུང་དྲུང་གི་བོན་ལ་རྒྱ་ཆེ་གྲངས་མང་ནའང་། དེ་དག་གི་ཡང་སྙིང་མདོ་སྡེ་ཀུན་གྱི་རྒྱལ་པོ་མདོ་བསྐལ་བཟང་འདི་ཡིན་པ་དང་། མདོ་སྡེ་འདི་འབྲི་བ་དང་། འཆང་བ་དང་། འདོན་པ་དང་། ཀློག་ཅིང་ཁ་ཐོན་དུ་འདོན་པ་དང་། བཀུར་སྟི་དང་། ཕུད་དུད་དང་། ཞེ་ས་དང་། རིམ་གྲོ་སོགས་ཀྱི་ཕན་ཡོན་རིམ་པ་བཞིན་དུ་བསྟན་ཡོད། ༡༣ ༽ ལེའུ་བཅུ་གསུམ་པ་གཙང་མ་ལྷ་ཡི་བུ་ལ་ལུང་བསྟན་པའི་ལེའུས། མ་བཅོས་རང་ལུགས་གཉུག་མའི་ངང་ཉིད་རང་སེམས་ཐིག་ལེ་ཨ་དཀར་གྱི་རིག་པ་དེ་ཉིད། བ་རབ་གླིང་རྩོལ་ལ་སོགས་འཁོར་རྣམས་ལ་ཚིག་ཉུང་དོན་འདུས་ཀྱི་ཚུལ་དུ་ངོ་སྤྲོད་བྱས་ཡོད།

སྡེ་ཚན་གསུམ་པ་ཁ་དུམ་ལ་ལེའུ་བཅུ་དགུ་ཡོད་པ་ལས། ༡ ༽ དུས་གསུམ་གཤེན་རབ་རྣམས་ལ་ཕྱག་འཚལ་བའི་ལེའུ། ༢ ༽ སྐལ་བ་བཟང་པོའི་སངས་རྒྱས་ཤར་ཕྱོགས་བདེར་གཤེགས་ཉིས་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ༣ ༽ སྐལ་བ་བཟང་པོའི་སངས་རྒྱས་བྱང་ཕྱོགས་བདེར་གཤེགས་ཉིས་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ༤ ༽ སྐལ་བ་བཟང་པོའི་སངས་རྒྱས་ནུབ་ཕྱོགས་བདེར་གཤེགས་ཉིས་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ༥ ༽ སྐལ་བ་བཟང་པོའི་སངས་རྒྱས་ལྷོ་ཕྱོགས་བདེར་གཤེགས་ཉིས་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ༦ ༽ སྐལ་བ་བཟང་པོའི་སངས་རྒྱས་དབུས་ཕྱོགས་བདེར་གཤེགས་ཉིས་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ༧ ༽ ད་ལྟ་བཞུགས་པའི་སངས་རྒྱས་སྟོང་ལས་ཤར་ཕྱོགས་བདེར་གཤེགས་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ༨ ༽ ད་ལྟ་བཞུགས་པའི་སངས་རྒྱས་སྟོང་ལས་བྱང་ཕྱོགས་བདེར་གཤེགས་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ༩ ༽ ད་ལྟ་བཞུགས་པའི་སངས་རྒྱས་སྟོང་ལས་ནུབ་ཕྱོགས་བདེར་གཤེགས་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ༡༠ ༽ ད་ལྟ་བཞུགས་པའི་སངས་རྒྱས་སྟོང་ལས་ལྷོ་ཕྱོགས་བདེར་གཤེགས་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ༡༡ ༽ ད་ལྟ་བཞུགས་པའི་སངས་རྒྱས་སྟོང་ལས་སྟེང་ཕྱོགས་བདེར་གཤེགས་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ༡༢ ༽ ད་ལྟ་བཞུགས་པའི་སངས་རྒྱས་སྟོང་ལས་བྱང་ཤར་བདེར་གཤེགས་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ༡༣ ༽ ད་ལྟ་བཞུགས་པའི་སངས་རྒྱས་སྟོང་ལས་བྱང་ནུབ་བདེར་གཤེགས་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ༡༤ ༽ ད་ལྟ་བཞུགས་པའི་སངས་རྒྱས་སྟོང་ལས་ལྷོ་ནུབ་བདེར་གཤེགས་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ༡༥ ༽ ད་ལྟ་བཞུགས་པའི་སངས་རྒྱས་སྟོང་ལས་ལྷོ་ཤར་བདེར་གཤེགས་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ༡༦ ༽ ད་ལྟ་བཞུགས་པའི་སངས་རྒྱས་སྟོང་ལས་འོག་ཕྱོགས་བདེར་གཤེགས་བརྒྱ་ལ་ཕྱག་འཚལ་བའི་ལེའུ། ༡༧ ༽ སླད་ནས་འབྱོན་པའི་ཕྱི་རབས་ཀྱི་བདེར་གཤེགས་སྟོང་ལ་ཕྱག་འཚལ་བའི་ལེའུ། ༡༨ ༽ སྤྱིར་བདེ་བར་གཤེགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་བའི་ལེའུ། ༡༩ ༽ འགྲོ་བ་སེམས་ཅན་གྱི་དོན་དུ་སྨོན་ལམ་བཏབ་པའི་ལེའུ་བཅས་སོ། །

གཞུང་འདིའི་ཐེག་པའི་གཏོགས་ཕྱོགས་ནི་གཙང་མ་མཐོ་ཐོག་ཡིན། གཞུང་འདི་ཉིད་དུས་ནམ་ཞིག་སྙན་དུ་བརྒྱུད་པ་དང་། སྙན་རྒྱུད་བྱུང་ཚུལ་སོགས་གླིང་གཤེན་གྱི་རྣམ་ཐར་ཁ་གསལ་ཞིག་མ་རྙེད་པས་གནས་སྐབས་ཞུ་ཐབས་བྲལ། གཞུང་འདི་ཡི་ཁྱད་བོན་ཅུང་བཤད་ན། འདི་ལ་མཆོག་དམན་བར་གསུམ་གང་གིས་གཟིགས་ན་སྟབས་བདེ་ཞིང་གོ་སླ་བ། ནང་དོན་གྱི་ཆ་ནས་ཕུན་སུམ་ཚོགས་པ་ཞིག་འདུག་པས་གཞུང་གཞན་དང་བསྡུར་ཐབས་བྲལ་བ་ཞིག་ཡིན། གཞུང་འདིའི་སྡེ་ཚན་དང་པོ་དང་གསུམ་པ་གཉིས་ཀྱིས་དུས་གསུམ་སངས་རྒྱས་སྤྱི་ཡི་བྱུང་ཚུལ་དང་། སྒོས་བསྐལ་བཟང་སངས་རྒྱས་སྟོང་གི་མཚན་དང་ཡབ་ཡུམ་སོགས་རེ་རེ་བཞིན་དུ་མིག་ཕྱེ་བ་ལྟར་བསྟན་ཡོད། སྡེ་ཚན་གཉིས་པས་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ལུགས་དང་། ནང་བཅུད་ཀྱི་སེམས་ཅན་ལའང་ཆགས་ལུགས་གྲོལ་ལུགས་སྲིད་ལུགས་གསུམ་དང་། ཆགས་པའི་ཐ་མ་འཇིག་པའི་རྐྱེན་ལ་ཕྱི་ནང་གཉིས་ཡོད་པ་དང་། འདིར་དམིགས་བསལ་དུ་ཕྱི་ཡི་འཇིག་རྐྱེན་མེ་བདུན་ཆུ་གཅིག་གིས་འཇིག་ཚུལ་སོགས་ཀྱིས་དུས་ཕྱིས་ཀྱི་བསྟན་བཅོས་དག་གིས་འགལ་འདུ་བརྩིས་པའི་གསང་བའི་མདུད་རྒྱ་མང་པོ་ཞིག་འདི་ནས་གསལ་བར་རྟོགས་ནུས་སོ། ། མདོར་ན་གཞུང་འདི་ནི་སྤྱིར་གཡུང་དྲུང་བོན་ཉམས་སུ་ལེན་མཁན་གྱི་གང་ཟག་སྤྱི་དང་། ལྷག་པར་བོན་གྱི་གྲུབ་མཐའ་ལ་ཞིབ་འཇུག་གནང་མཁན་གྱི་དེང་དུས་ཀྱི་མཁས་པ་རྣམས་ལ་ཞིབ་འཇུག་ཆ་རྐྱེན་བླ་ན་མེད་པ་ཞིག་རེད་འདུག་གོ།། །།རིག་པའི་མེ་ལྩེ་ནས།༢༠༡༦།༦།༡༤ཉིན་སྤེལ།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།