སྙན་ངག་རིག་པའི་སྒེག་མོ།

0
2514

རྩོམ་རིག་སྙན་ངག

ཡོང་ཁུངས། ཞང་ཞུང་སྒོ་པའི་གླེང་སྟེགས། རྩོམ་པ་པོ་དབྲ་ཁྱུང་།

       སྤྱིར་རང་ཅག་ཁ་བ་གངས་ཀྱི་ར་བས་ཡོངས་སུ་བསྐོར་བའི་ཞང་བོད་ཀྱི་ཁྱོན་འདིར།  ལོ་རབས་ལོ་ཡི་ཕྲེང་བ་མི་ལོ་བརྒྱད་སྟོང་ལྷག་གིས་ཡར་སྔོན་ནས་ད་ལྟའི་དུས་རབས་གསར་པ་འདི་ཡི་དབར་ལྟོས་བཅས་འཇིག་རྟེན་གྱི་རང་བཞིན་ལ།  འཕོ་འགྱུར་རྒྱ་མཚོའི་ངོགས་ལྟ་བུའི་ནང་།  རང་རེའི་ཞང་བོད་ཀྱི་ཤེས་རིག་ལོ་རྒྱུས་ཁག་དང་ཕན་ཚུན་འབྲེལ་བའི་རྩོམ་རིག་འདི་དག་སྤྱི་ཚོགས་ཀྱི་ལས་དབང་ལ་འགྲོགས་ཏེ། རྐྱེན་དབང་སྣ་ཚོགས་དང་འཕྲད་ཅིང་། གོད་ཆགས་དུ་མ་ཞིག་བྱུང་ཟིན་ནའང་།  ད་དུང་རིན་ཐང་གཞལ་བར་དཀའ་བའི་རིན་ཆེན་གྱི་སྲོག་དབང་དང་མ་བྲལ་བར།  དེང་སྐལ་བཟང་རྟེན་གྱི་ཡོ་ལང་འདིར་འཛམ་གླིང་ཡུལ་གྲུ་ཀུན་གྱི་སྐྱེ་བོའི་ཡིད་དབང་འཕྲོག་པའི་འཇོ་སྒེག་གི་ལང་ཚོ་ཁྱེད་ལ་ལྡན་པ་མ་ཟད། ད་དུང་ཁྱེད་ལ་བརྟེན་ནས་ན་གཞོན་རྩོམ་པ་པོ་ཇི་སྙེད་ཅིག་ཆར་ཤུལ་གྱི་མྱུ་གུ་ཇི་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་འཚར་ལོངས་འབྱུང་བཞིན་པ་འདི་ནི་ཆེས་ཡ་མཚན་གྱི་གནས་སུ་གྱུར། གནས་ཚུལ་དེ་ལྟ་བུའི་འོག་རང་ཅག་བོད་མི་ཡོངས་དང་ཁྱད་པར་དུ་ལང་ཚོ་གསར་དུ་འབུས་བཞིན་པའི་བློ་གསལ་རྣམས་ཀྱིས་མི་རིགས་རང་ཉིད་ཀྱི་རྩ་བའི་ཤེས་རིག་དང་ལོ་རྒྱུས། སྐད་ཡིག་བཅས་ཀྱི་ཐད་མགོ་བོ་མ་རྨོངས་པར་རིས་སུ་མ་ཆད་པའི་མཁས་དབང་རྣམས་ལ་བཅའ་འདྲི་དང་། དེ་བྱིངས་ཁུངས་ཐུབ་ཀྱི་ལོ་རྒྱུས་ཡིག་རྙིང་དག་ལ་གཟིགས་རྟོགས་ལེགས་པར་གནང་སྟེ། སྔར་ཤུལ་མེས་པོས་རྗེས་སུ་བཞག་པའི་ནོར་བུ་དེ་དག་ལ་ལོངས་སུ་སྤྱོད་ཐུབ་པ་ཡིན་ན། དངོས་འབྲེལ་མིང་དོན་མཚུངས་པའི་ཁ་བའི་མགུལ་གྱི་གངས་ཕྲུག་ཞིག་ཀྱང་ལོས་ཡིན། དེས་ན་སྤྱིར་ཤེས་བྱའི་རྣམ་གྲངས་དུ་མ་ཞིག་ཡོད་ནའང་འདིར་རང་རེའི་ཞང་བོད་ཀྱི་ཁུལ་དུ་གྲགས་པའི་བཅུ་ཕྲག་རིག་པའི་གནས་ཞེས་བཀའ་ལུང་དུ་མའི་དགོངས་དོན་གཅིག་མཚུངས་སུ་གསལ་ཞིང་། ཁྱད་པར་དུ་ཀུན་འབུམ་རྩ་བའི་རྒྱུད་ལས། བཟོ་དང་སྒྲ་དང་གསོ་བ་དང་།  ཕྱི་ནང་རིག་དང་རྣམ་པ་ལྔ། ཞེས་དང་། ཡང་དེ་ཉིད་ལས། དབྱེ་གཞི་སྒྲ་ཡི་ཡན་ལག་རིག་གནས་ལྔ་ཞེས། ལུང་འདིས་བསྟན་བྱར་གྱུར་པའི་རིག་པའི་གནས་བཅུ་པོ་ནི།  བཟོ་རིག་པའི་གནས་དང་། སྒྲ་ཚད་རིག་པའི་གནས། གསོ་བ་རིག་པའི་གནས། ཕྱི་རིག་པའི་གནས། ནང་དོན་རིག་པའི་གནས་བཅས་ལྔ་ནི་གནས་ཆེ་བ་ལྔ་དང་། སྙན་ངག་གི་རིག་པ་དང་། མངོན་བརྗོད་ཀྱི་རིག་པ། ཟློས་གར་གྱི་རིག་པ། སྐར་རྩིས་ཀྱི་རིག་པ། སྡེབ་སྦྱོར་གྱི་རིག་པ་དང་ལྔ་ནི། གནས་ཆུང་བ་ལྔ་བཅས་པ་འདི་ལ་བཅུ་ཕྲག་རིག་པའི་གནས་ཞེས་ཞང་བོད་ཀྱི་ཁུལ་དུ་སྔ་ནས་ད་བར་རང་རེའི་ཕྱི་ཡི་ལྕགས་རི་དང་ནང་གི་ནོར་བུ་ལྟ་བུར་གནས་པའི་རང་བཞིན་དུ་ལགས་ནའང་། སྐབས་བབས་ལོ་རྒྱུས་ཀྱི་འཕོ་འགྱུར་དང་།  ཆོས་ལུགས་ཀྱི་ཞེན་འགོག་སོགས་རྐྱེན་དབང་སྣ་ཚོགས་ཀྱི་ལས་དབང་གིས་མཐའ་གཅིག་ཏུ་ལོ་རྒྱུས་དང་འབྱུང་ཁུངས་སོགས་གང་ཐད་ནས་རྣལ་མ་ཞིག་ཏུ་ཁ་འཆམ་པ་ལ་ད་དུང་ཤུལ་ཐག་རིང་དུ་གནས་ཀྱང་།   དཔེར་ན། དཔྱིད་ཐལ་རླུང་འཚུབ་མར་མ་བྱུང་ན། སྟོན་སྣུམ་བག་ཆིལ་ལེ་ཡོང་དོན་མེད། ཅེས་པ་བཞིན་མཐའ་དོན་དུས་རབས་གསར་པ་འདི་ཡི་སྒང་དུ། རིས་མེད་ཀྱི་མཁས་དབང་མང་པོས་དཔྱད་བསྡུར་གནང་བཞིན་པ་དང་། ཕྱོགས་གཞན་ཞིག་ནས་བོད་རིགས་ཤེས་ཡོན་ཅན་གཞོན་སྐྱེས་དུ་མ་ཞིག་འཚར་ལོངས་བྱུང་བའི་ལག་རྗེས་ལ་བརྟེན་ནས། རང་རེའི་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་འདི་རྣམས་ཁུངས་ལྡན་དང་ཚད་ཕེར་གྱི་རྒྱུ་མཚན་ལྡན་པའི་རིག་གཞུང་ཞིག་ཏུ་ངེས་པ་རྙེད་པའི་རེ་བ་སྙིང་ལ་བཅངས་ནས་སྐབས་དོན་ལ་འཇུག་སྟེ། དེ་ཡང་མཁས་པའི་བྱ་བ་རླབས་པོ་ཆེ་རྣམ་པ་གསུམ་གྱི་ནང་ཚན་སྙན་ངག་གི་རིག་པའམ་རྩོམ་གྱི་རིག་པ་འདི་ཉིད་ཡིན་ཏེ།    

མདོ་དྲི་མེད་ལས།

འཆད་པ་བོན་གྱི་འཁོར་ལོ། 

རྩོད་པ་བོན་གྱི་འཁོར་ལོ།

རྩོམ་པ་བོན་གྱི་འཁོར་ལོ།

     ཞེས་ཕྱི་མ་རྩོམ་པ་བོན་གྱི་འཁོར་ལོ་འདི་དག་ཏུ་ངེས་ཤིང་། འདི་ནི་ལོ་རྒྱུས་ཀྱི་ཕུགས་ཐག་རིང་ལ། རིན་ཐང་ཆེ་བའི་རིན་ཆེན་གྱི་གཏེར་རྫས་ལྟ་བུར་མཚོན་ནུས་པ་མ་ཟད། འདི་ལ་བརྟེན་ནས་བོད་མི་རིགས་རང་ཉིད་ཀྱི་རིག་གཞུང་ཐད།ཆེས་གཟི་བརྗིད་ལྡན་པའི་རྣམ་པ་དུ་མ་ཞིག་གོ་རྟོགས་བྱུང་བའི་དགེ་མཚན་ལྡན་ཡོད་ལ། རང་ཅག་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་འདི་དག ད་ལྟའི་དུས་རབས་གསར་པ་འདིའི་སྒང་དུ་ངོམ་རིན་ཆོག་པ་ནི། སྤྱིར་སྟོན་པའི་བཀའ་དྲི་མ་ མེད་པ་ལ་གཞིར་བཅས། སྔོན་བྱོན་མི་རྗེ་མཁས་གྲུབ་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཤུལ་དུ་བཞག་པའི་ལྗགས་རྩོམ་ཁོ་ན་ལ་བརྟེན་ཏེ་བྱུང་བ་ཞིག་ལས། དེ་མིན་རང་ཚུགས་ཕེར་བའི་ལོ་རྒྱུས་ཞིག་ལྟ་ཞོག་བོད་ཀྱི་ཐུན་མིན་ཡུལ་གོམས་དང་།ཤེས་རིག་རྣམས་ཀྱང་ལྷ་སྒྲུང་ལྟ་བུར་འགྱུར་རྒྱུ་ཉག་ཅིག་ལས་མེད་པར་སྙམ། གནས་ཚུལ་འདི་ལྟ་བུ་ལ་བསམ་གཞིགས་ལེགས་པར་བཏང་ཚེ། གཞི་ནས་བོད་ཀྱི་རྩོམ་རིག་གི་སྒྱུ་རྩལ་འདི་དག་ཧ་ཅང་གལ་འགངས་ཆེན་པོ་དང་། དེ་བས་ཤེས་རིག་དང་ལོ་རྒྱུས་རྣམས་ཀྱང་རྒྱུ་མཚན་དང་ལྡན་པ་མ་ཟད། སྔ་རབས་ནས་ཕྱི་རབས་ཕྱི་རབས་ནས་དེང་རབས་བར་བརྒྱུད་པའི་ཟམ་མ་ཆད་པར་གནས་བཞིན་པ་དངོས་དོན་ར་འཕྲོད་བྱུང་བ་ཡིན་ན། དེ་ནས་རྩོམ་རིག་གི་རིན་ཐང་ཕལ་ཆེར་གཞལ་རྒྱུའི་སྟ་གོན་ལ་ཉེ་བར་སྙམ་། དེ་ལྟ་བུའི་བོད་ཀྱི་སྙན་ངག་གི་རྩོམ་རིག་འདི་ཉིད་དུས་ནམ་ཞིག་ནས་བོད་གངས་ཅན་པའི་ལོ་རྒྱུས་དང་འབྲེལ་བའི་ལོ་ཚིགས་ཐད་ཕྱོགས་མཐུན་གྱི་ཁ་འཆམ་པའི་ལོ་ཚིགས་ཞིག་ད་བར་བྱུང་མེད་པ་མ་ཟད། ལོ་རྒྱུས་སྨྲ་བ་མང་དག་ཞིག་གིས་དུས་རབས་བདུན་པའི་ཡར་སྔོན་དུ་བོད་རང་ལ་རྩོམ་རིག་གི་སྒྱུ་རྩལ་མེད་པར་འདོད་ཅིང་། དམ་ཆོས་རྒྱ་གར་ནས་བོད་ལ་དར་བ་དང་ཆབས་ཅིག་བོད་ལ་རྩོམ་རིག་དང་ཤེས་རིག་དར་ ཁྱབ་ཏུ་བྱུང་བར་འདོད་མོད། རང་རེའི་བོད་ཀྱི་སྙན་ངག་རིག་པ་འདི་ནི། མི་ལོ་བརྒྱད་སྟོང་གོང་དུ་ཡོད་པ་བོན་གྱི་བཀའ་དང་། བཀའ་བརྟེན་ཁག་ལས་འདི་ལྟར་སྣང་སྟེ། སྟོན་པ་གཤེན་རབ་མི་བོ་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་ཏེ། བོད་ཀྱི་བོན་པོ་རྣམས་ལ་རྒྱུ་ཡི་བོན་མོ་ཡི་སྐོར།  གཏོ་ཐབས་ཀྱི་སྐོར། སྨན་དཔྱད་ཀྱི་སྐོར་བཅས་བསྟན་པ་བཞག་པ་དངོས་སུ་གསལ་བས། དེ་རྣམས་ཀྱི་གཞུང་ལུགས་སོགས་དངོས་སུ་བསྟན་ཅིང་། དེ་དག་ལ་སྤྱོད་པའི་བོད་ཀྱི་བོན་པོ་རྣམས་ཀྱིས་ཀྱང་། དགོས་བབ་དང་བསྟུན་ཏེ་བཀའ་བརྟེན་སྣ་ཚོགས་བརྩམས་མེད་པ་སུས་ཀྱང་སྨྲ་མི་དཔོག་ཅིང་།   ཐ་ན་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་སུ་བོན་ཤེས་པ་ཅན་བཅུ་གཉིས་ཏེ། མགོན་ཤེས་ལྷ་ཡི་བོན། གཡང་ཤེས་ཕྱྭ་ཡི་བོན། འགྲོ་ཤེས་གླུད་ཀྱི་བོན། འདུར་ཤེས་ཤད་ཀྱི་བོན། གཙང་ཤེས་སེལ་གྱི་བོན། སྒྲོལ་ཤེས་ལྟ་བའི་བོན། ཕན་ཤེས་སྨན་དཔྱད་ཀྱི་བོན། སྐོས་ཤེས་རྩིས་ཀྱི་བོན། སྨྲང་ཤེས་གཏོ་ཡི་བོན། ལྡིང་ཤེས་ཤ་བའི་བོན། འཕུར་ཤེས་ཇུ་ཐིག་གི་བོན། སྒྲོལ་ཤེས་འཕྲུལ་གྱི་བོན་ཀྱི་བསྟན་པ་སྤེལ་ཞིང་། རྒྱལ་པོའི་སྐུ་འཚོ་མཛད་པ་རིས་མེད་ཀྱི་བསྟན་འབྱུང་ཁག་ལས་གསལ་བ་དེ་དག་སོ་སོའི་བོན་སྡེའི་ལས་ཆོག་དང་ལག་ལེན་བཅས་ཡོད་པར་ངེས། ཁྱད་པར་དུ་རྒྱལ་རབས་སོ་བཞིའི་རིང་ཆབ་སྲིད་སྒྲུང་དང་། ལྡེའུ། བོན་གསུམ་གྱིས་སྐྱོང་ཞེས་པའི་སྒྲུང་ལྡེའུ་བོན་གསུམ་གྱིས་རྒྱལ་པོའི་ལུགས་གཉིས་ཀྱི་རྣམ་བཞག་སྟོན་ནུས་པའི་ཁྱད་བོན་ལྡན་ཡོད་པ། མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ་ཞེས་པའི་ནང་རྒྱས་པར་གསུངས་འདུག དེ་དག་སྙན་ངག་གི་ཁྱད་བོན་དང་ལྡན་པ་གང་གིས་སྒྲུབ་ཅེ་ན། རང་ཅག་ཁ་བའི་ལྗོངས་སུ་བྱོན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱིས། རང་རེའི་བཀའ་ལུང་ཕལ་མོ་ཆེ། སྙན་པའི་ངག་དང་མི་ལྡན་མེད། ཅེས་ཞལ་གྱིས་བཞེད་ཡོད་པས། དེ་དག་ལ་སྙན་ངག་གི་ཁྱད་བོན་ལྡན་ཆོག་ལ། གཞན་ཡང་མཁས་དབང་ཚེ་ཏན་ཞབས་དྲུང་གིས་ཀྱང་། སྙན་ངག་ཅེས་པ་འདི་དཔྱད་ལྷུག་སྤེལ་མའི་རྩོམ་ཙམ་ཁོ་ནར་གོ་བར་བྱས་ན་ཁྱབ་ཆུང་སྟེ། མཁས་པའི་གྲལ་དུ། འབེལ་གཏམ་དང་། གཞུང་འཆད་པ། ཐ་ན་ཕན་ཚུན་གླེང་མོལ་བྱེད་པ་སོགས་ཀྱི་ཚིག་སྦྱོར་སྤེལ་བའི་ཚེ། རང་ཚིག་སྔ་ཕྱི་འབྲེལ་ཞིང་། ཚིག་དོན་གང་གིས་ཆ་ནས་སྐྱོན་མེད་པ། བློ་དང་ལྡན་པ་སུས་ཀྱང་གོ་སླ་བ། དེ་དག་ནི་སྙན་ངག་ཡིན་པར་སྙན་ངག་གི་རྣམ་བཤད་ཐོག་ཏུ་བཀོད་ཡོད། བོད་མཁས་པས། དནྜིའི་དགོངས་རྒྱན་དུ་སྙན་ངག་ཅེས་པ་རྣ་བར་སྙན་ཞིང་ཡིད་འོང་འཕྲོག་པའི་ཚིག་སྦྱོར་ཞིག་ལ་འདོད་པ་ཡིན་ཞིང་། འཇུ་མི་ཕམ་གྱིས་དབྱངས་ཅན་དགྱེས་པའི་རོལ་དབྱངས་ལས། སྙན་ངག་ནི་ངག་གི་རྒྱུ་གང་ཞིག་སྒྲ་དང་དོན་གྱི་རྣམ་པ་བརྗོད་ཚུལ་མཛེས་ཤིང་ཡིད་དུ་འོང་བའི་ཡོན་ཏན་གྱི་ཁྱད་པར་ལྡན་པ་ལ། སྙན་ངག་ཅེས་ཞལ་བཞེས་གནང་ཡོད་ལ། བསེ་ཚང་བློ་བཟང་དཔལ་ལྡན་གྱིས་ཚངས་སྲས་བཞད་པའི་སྒྲ་དབྱངས་ལས། སྤྱིར་སྙན་ངག་ཅེས་པ་ནི། རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་རྗོད་བྱེད་ཀྱི་ཚིག་སྦྱོར་ཞིག་ལ་སྙན་ངག་ཅེས་བརྗོད་པ་ཡིན། ཞེས་དང་། རྡོ་རྗེ་རྒྱལ་པོའི་སྙན་ངག་རྣམ་བཤད་གསལ་སྒྲོན་ལས། བརྗོད་བྱའི་དོན་ཆེ་ཕྲ་གང་ཞིག་ཡིན་རུང་རྗོད་བྱེད་ཀྱི་ངག་གི་སྦྱོར་བ་ཐ་མལ་ལས་ཁྱད་དུ་འཕགས་པ་ཡིན་ན།  སྙན་ངག་ཡིན་པས་ཁྱབ། ཅེས་ཞལ་བཞེས་གཙང་མར་གནང་ཡོད། ད་དུང་འདིར་ཁུངས་ལྡན་གྱི་བཀའ་ལུང་ཁག་ནས། ཚིག་སྦྱོར་རེ་འགའ་ཟུར་ཕྱུང་སྟེ། དཔེར་མཚོན་ཙམ་ཞིག་བཀོད་ན། མི་ལོ་བརྒྱད་སྟོང་གི་ཡར་སྔོན་ནས་སྟོན་པ་གཤེན་རབ་མི་བོས། རྒྱ་རྗེ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་གསས་ཁང་དཀར་ནག་བཀྲ་གསལ་ལ་མངའ་དབུལ་ཞལ་གསོ་གནང་ཞིང་།བསྟན་པ་རྣམ་པ་གསུམ་རྗེས་སུ་བཞག་པའི་སྐབས་སུ་གསུངས་པ། མདོ་གཡུང་དྲུང་ཀློང་རྒྱས་ལས། བོན་སྐུ་ནམ་མཁའ་བཞིན་དུ་ཡེ་དག་མཁའ་མཉམ་ཏེ། རྫོགས་སྐུ་ཉི་ཟླ་བཞིན་དུ་གསལ་ལ་རང་བཞིན་མེད། སྤྲུལ་སྐུ་གཞའ་ཚོན་བཞིན་དུ་སོ་སོར་བཀྲ་ལ་གསལ། འགྲོ་བ་སེམས་ཅན་དྲང་ཕྱིར་གཅིག་གིས་གཅིག་བསྟན་ནས། ཞེས་དང་། སྙན་ངག་གི་རྣམ་བཤད་ཅེས་པའི་ནང་། འཇུ་སྐལ་བཟང་གིས། རྒྱ་ཡི་གནའ་དུས་ཀྱི་སྐྱེས་མཆོག་ཆེན་པོ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་ཀྱང་། སྙན་ངག་མེད་ན་གཏམ་དུ་བྱ་བ་མེད། ཅེས་བརྗོད་ཡོད་པར་བཀོད་འདུག་པ་འདི་དག་ནི། དངོས་དོན་ལ་འབབ་པའི་གདམ་པ་ཞིག་ཏུ་སྣང་བས། འདི་ཡི་ཁུངས་ལ་དཔྱད་དགོས་པ་ནི་དེ་བས་ཀྱང་གལ་ཆེན་དུ་མཐོང་། མཛད་མདོ་དྲི་མེད་གཟི་བརྗིད་བོན་འཁོར་བསྟན་པའི་མདོར། བསླབ་པ་བོན་གྱི་རྒྱ་མཚོ་ལས། རྩོད་པས་དུག་ལ་རྩི་འབྱེད་བཞིན། དེ་ཉིད་ངེས་པར་མཐར་ཕྱིན་པ། དོན་ལ་ཉོག་པ་མེད་པའི་ཆུ། ཞེས་དང་། ཡང་དེ་ཉིད་ལས། དེ་ལ་བྱང་ཆུབ་སེམས་ལྡན་གྱིས།   འགྲོ་བའི་ཚ་གདུང་བསལ་བའི་ཕྱིར། རྩོམ་པ་ཤེས་རབ་ལྕོག་གིས་བཅུས། གང་ལ་གང་འདུལ་ཆུ་རྒྱུན་སྦྲིངས། ཞེས་པ་འདི་དག་ནི་ཉིང་བཅུད་དང་ལྡན་པའི་བོད་ཀྱི་ཐུན་མིན་གྱི་སྙན་ངག་ཅིག་ཅི་སྟེ་མིན། ཡང་མདོ་དྲི་མེད་གཟི་བརྗིད་རྒྱལ་བུ་བཀའ་ཁྲིམས་བསྩལ་བའི་མདོ་ལས། མི་རྒྱུད་ཁྲེབ་ལ་བསྐོས་པའི་དབང་མི་གཏད། མི་ཤེས་བླུན་ལ་བསྐོས་བའི་གཉེར་མི་གཏད། ཕལ་པ་རྨོངས་ལ་གྲོས་ཀྱི་བློ་མི་གཏད།   ཕྱར་གཡེང་ཅན་ལ་བསམ་པའི་སྙིང་མི་གཏད།ཅེས་དང་། ཡང་དེ་ཉིད་ལས། གང་ལ་འབབ་པ་བརྩོན་རར་ཚུད་པ་ཡིན། གང་གི་བསྟན་པ་དམྱལ་བའི་མེ་དཔུང་ཡིན། གང་དག་དགའ་བ་རྒྱ་མཚོར་བྱིང་བ་ཡིན། གང་ལ་ཉེ་བ་འདམ་ལ་ཟུག་པ་ཡིན། ཞེས་པ་འདི་དག་ནི། བརྗོད་བྱ་སྡེ་བཞིའི་སྲོག་ཅན་ལ་དམིགས་སུ་བཀར་ཏེ་ལུགས་གཉིས་ཀྱི་རྣམ་བཞག་གསལ་བར་སྟོན་ཞིང་། རྗོད་བྱེད་ཚིག་སྦྱོར་རྣ་བར་སྙན་ལ།ཡིད་འོང་འཕྲོག་པར་ནུས་པའི་སྤྱི་ཚོགས་ཀྱི་འཚོ་བ་དང་འབྲེལ་ཞིང་ཇི་དགེའི་ལམ་སྟོན་ནུས་པའི་ཚིགས་བཅད་འདི་ལྟ་བུ་ནི། བོད་རང་གི་དངོས་གཤིས་དང་འབྲེལ་ཞིང་ཐུན་མིན་གྱི་དོན་སྙིང་ལྡན་པའི་སྙན་རྩོམ་ཞིག་ཏུ་དངོས་སུ་ངེས་པ་ཡིན་ཞེས་སྨྲ་བར་སྤོབས། གཞན་ཡང་ལྷུག་རྩོམ་མམ་འབོལ་རྩོམ་ཞེས་དེང་དུས་ཡོངས་གྲགས་སུ་རང་མོས་སྙན་ངག་ལྟ་བུར་དཔེར་མཚོན་ནའང་། བོད་རྒྱལ་མུ་ཁྲི་བཙད་པོའི་སྐབས་སུ་ཡིག་ཐོག་ཏུ་ཡོད་ཅིང་། གྲི་གུམ་བཙན་པོའི་དུས་སུ་གཏེར་དུ་སྦས་ཏེ། ཕྱིས་དུས་རབས་བཅུ་གཅིག་པའི་ནང་དུ་སྤྲུལ་སྐུ་གཤེན་ཆེན་ཀླུ་དགས་གཏེར་ནས་གདན་དྲངས་པའི་ཁྲོ་བོ་ངོ་མཚར་རྒྱས་པའི་ཕོ་ཉའི་ལེའུ་ལས།

དབལ་གྱི་རྒོང་དང་ཐ་མ་དགུ

 སྡོ་རྒོང་དེ་ནི་དྲོ་མོ་ཞིག།

ཡུལ་རྣམས་ཀྱི་ཡ་བླ་རུ།

གནམ་གྱི་སྨོང་ཐང་དེ་ལ་བྱིན་ཏེ་བཏང་།

ཞེས་དང་། ཡང་དེ་ཉིད་ལས།

ཚ་ཕྲན་ནས། སྲིན་མོ་རྐང་།

ཡང་རིང་ནི། ལྕགས་ཀྱི་མཐུད།

 བ་དན་ནི།དཀར་དང་དམར།

ཐུགས་རྗེ་ནི། གར་ཡང་ཁྱབ།

 བཀའ་རྟགས་ནི། ནུབ་པ་མེད།

ཅེས་དང་།  བན་བོན་དར་ནུབ་སྐབས་སུ་ཅོ་གྱིམ་བུས་གསུངས་པ།

དགུན་གནམ་ལ་སྤྲིན་ཐག་མ་ཆད་ན།

སོས་ཀར་ཆར་པ་སྤྲིན་ལས་འབེབ།

དགུན་ཆུ་ས་ལ་མ་སྐམ་ན།

དྲོད་གཤེར་དཔྱིད་ནས་ལྡང་།

    ཞེས་པ་འདི་དང་འདི་ལྟ་བུའི་རྩོམ་པ་པོའི་རང་བཞིན་གྱི་རྩལ་ལས་བྱུང་བའི་འབོལ་རྩོམ་གྱི་ཁྱད་བོན་དང་ལྡན་པ་དུ་མ་ཞིག རྒྱལ་བའི་བཀའ་དང་བཀའ་བརྟེན་འགྱུར་གྱི་ཁོངས་སུ་བཞུགས་བཞིན་པ་འདི་དག་ལ། བསམ་གཞིགས་ནན་པོ་ཞིག་བཏང་བ་ཡིན་ན། རང་རེའི་བོད་ཀྱི་སྙན་ངག་འདི་ནི་ཆེས་སྔ་མོའི་དུས་བོད་རང་ལ་ཡོད་པའི་རིག་གཞུང་ཞིག་ཏུ་མ་ཟད། ད་དུང་འབོལ་རྩོམ་མམ་ཡོངས་གྲགས་རང་མོས་ཀྱི་སྙན་ངག་ཞེས་པ་འདི་ཡང་དེ་དང་དུས་མཚུངས་སུ་ཡོད་པ་དངོས་སུ་རྟོགས་པར་ནུས་ཀྱང་།  འགའ་ཞིག་གིས་རང་མོས་སྙན་ངག་གི་རྩོམ་རིག་འདི་ནི། དུས་རབས་གསར་པ་འདི་ཡི་སྒང་དུ་གསར་གཏོད་བྱུང་བའི་སྙན་ངག་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ནའང་། དེ་ནི་ཉི་ཚེ་བའི་དཔྱད་པ་ཙམ་ལས་ཚད་འཛིན་གྱི་བརྗོད་བྱ་ཞིག་ཏུ་མ་ངེས་ཏེ། སྙན་ངག་གི་རྩོམ་རིག་འདི་དག་རང་རེའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་འབྲེལ་ཏེ། མི་རྣམས་ཀྱི་བསམ་བློར་འཆར་བའི་རིག་རྩལ་གྱི་རྣམ་པ་འདྲ་མིན་ཞིག་ཡིན་པ་མ་གཏོགས་རྩོམ་པ་པོ་བྱེ་བྲག་པ་ཞིག་གིས་གསར་གཏོད་བྱས་པ་ཞིག་མིན་པ་ནི། རང་གཞན་གྱི་མཁས་དབང་དུ་མས་ཞལ་བཞེས་གནང་བཞིན་པ་ཆེས་དོན་དངོས་དང་མཐུན་པར་སེམས། ཁྱད་པར་དུ། རང་ཅག་བོད་ཀྱི་སྙན་ངག་གི་གཞུང་ལུགས་ལ་མནོ་བསམ་ཞིག་བཏང་བ་ཡིན་ནའང་། ད་ལྟའི་ཆར་བོད་རང་ལ་དར་ཁྱབ་ཏུ་ཕྱིན་བཞིན་པའི་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་མ་འདི་བོད་དུ་མ་བསྒྱུར་གོང་། བོད་རང་ལ་སྙན་ངག་གི་གཞུང་ལུགས་མེད་པར་འདོད་པ་ཆེས་མང་ཡང་། དེའི་ཐོག་རང་རེའི་བོད་མི་རྣམས་ཀྱིས་དོན་དངོས་ལ་བསམ་གཞིགས་ནན་པོ་ཞིག་གཏོང་དགོས་པ་ནི་ཆེས་གལ་ཆེན་ཞིག་ཏུ་མཐོང་། གང་ལྟར་སློབ་དཔོན་དབྱུག་པ་ཅན་འདི་དུས་རབས་བདུན་པའི་སྐབས་སུ་བྱོན་ཡོད་དང་། ཡང་ན་དུས་རབས་བཅུ་གཉིས་པའི་དུས་སུ་བྱོན་ཡོད་མེད་ལ་མི་མཐུན་ཡང་དབྱུག་པ་ཅན་གྱིས་མཛད་པའི་སྙན་གཞུང་མེ་ལོང་མ་འདི་བོད་ལ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་སྐབས་སུ་བསྒྱུར་བ་ཡིན་པ་ནི་ཕལ་ཆེར་ཁ་འཆམ་གྱི་ཡོད་པར་བརྟེན། དེའི་སྔོན་ལ་བོད་རང་ཁོངས་སུ་སྙན་ངག་གཞུང་ལུགས་ཡོད་ཅེས་སྨྲ་མཁན། དེ་སྔོན་ཁ་བའི་ལྗོངས་ཀྱི་ལོ་རྒྱུས་སྨྲ་བ་པོའི་ནང་དུ་ཕལ་ཆེར་བྱུང་མེད་ཅེས་སྨྲས་ན་འགལ་བ་མེད་སྙམ། ཕྲན་ནས་ད་ལན་དེ་ལས་ལྡོག་སྟེ་སྨྲ་བར་མོས་ཀྱང་། བརྒྱ་ཁ་གཅིག་ཆོད་ལྟ་བུར་བྱས་པ་མིན་མོད། བོད་རང་ལ་དུས་རབས་བརྒྱད་པའི་ནང་དུ་བོད་རང་ཁོངས་སུ་བྱུང་བའི་སྙན་ངག་གི་གཞུང་ལུགས་ཡོད་པར་སེམས་པའི་དངོས་དོན་གྱི་རྒྱུ་མཚན་ཆེན་པོ་ཞིག་བྱུང་། གང་ལགས་ཞེ་ན།   ད་ལྟའི་བོན་པོའི་བསྟན་འགྱུར་ནང་དུ་བཞུགས་པའི་སྙན་ངག་གི་གཞུང་ལུགས། སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་། ཞེས་པ་འདི་ཉིད་ལ་ལེགས་པར་དཔྱད་ན། གཞུང་འདི་ནི་གཙང་གཤེན་སྙན་ངག་རང་གྲོལ་ལ་རྒྱལ་ཡུམ་བཟང་བཟའ་རིང་བཙུན་ནམ། ཡོངས་གྲགས་སུ་མཁའ་འགྲོ་སྒྲ་དབྱངས་རྒྱལ་མོས་སྙན་དུ་བརྒྱུད་པ་ཡིན་པར་གསལ་ཞིང་། དེ་ཡང་གཙང་གཤེན་སྙན་ངག་རང་གྲོལ་འདི་ཉིད་ཀྱི་འཁྲུངས་རབས་ལོ་ཚིག་སྐོར་ལ་དཔྱད་གཞི་ཆེ་ཞིང་། དོན་ཐོག་ཏུ་དུས་རབས་བརྒྱད་པ་ཙམ་དུ་བྱོན་ཡོད་པ་ནི། ཐུན་མིན་མ་རྒྱུད་ཀྱི་གྲུབ་མཆོད་སྐབས། མཐའ་འདུལ་ཟིལ་གནོན་ཆེ་དགུའི་གཙོ་བོ་རུ་བཞག་ཡོད་པ་མ་ཟད། བརྒྱུད་རིམ་རྣམས་ལ་དཔྱད་ན། མུ་ཟི་གསལ་བཟང་དང་དུས་མཚུངས་སུ་བཀོད་ཡོད་ཅིང་། གྲུབ་དབང་བསྟན་འཛིན་རིན་ཆེན་གྱིས་ཏི་སེའི་དཀར་ཆག་ལས། རིག་འཛིན་གཙང་གཤེན་ལ་སོགས་ཟིལ་གནོན་ཆེ་དགུའི་བྱིན་གྱིས་རླབས་པར་གསུངས་ཤིང་། དེ་ལྟ་བུའི་གཙང་གཤེན་སྙན་ངག་རང་གྲོལ་འདི་ནི། དམུ་རིགས་གཤེན་གྱི་གདུང་འཛིན་སྔགས་འཆང་པ་ཞིག་མིན་ནམ་སྙམ་ཡང་། མཐའ་གཅིག་ཏུ་དཔྱད་པ་རྫོགས་པའི་གཏམ་ནི་མ་ཡིན། གང་ལྟར་གྲུབ་རྩལ་ལ་ཐོགས་པ་མེད་པའི་རིག་འཛིན་ཁྱད་པར་ཅན་ཞིག་ཏུ་ཡིན་པར་འདོད་པ་ལ་ཁོ་བོར་ཡིད་གཉིས་མེད། རང་རེའི་བོད་གངས་ཅན་པའི་སྙན་ངག་གཞུང་ལུགས་གཏན་ལ་འབེབ་པའི་སྐྱེས་བུ་ཆེན་པོ་རྣལ་འབྱོར་གཙང་གཤེན་པའམ། གཙང་གཤེན་སྙན་ངག་རང་གྲོལ་ལ། མཁའ་འགྲོ་སྒྲ་དབྱངས་རྒྱལ་མོས་སྙན་དུ་བརྒྱུད་པའི་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་ལས།       དབྱངས་ཅན་ལྷ་མོའི་ཞལ་གྱི་ལུང་། ཕྱི་ནང་གསང་བའི་མེ་ལོང་གསུམ། རྒྱ་གར་སྟག་གཟིག་བོད་དུ་གྲགས། གསང་བ་འདི་ནི་གཙང་གཤེན་ལགས། ཞེས་དངོས་སུ་གསལ་བའི་གཞུང་འདིའི་བབ་ནི། སྔ་རབས་པའི་རྩོམ་འགྲོས་དང་མཐུན་ཞིང་། བརྗོད་བྱ་བོན་གྱི་སྡེ་དང་། ནོར་གྱི་སྡེ། འདོད་པའི་སྡེ། ཐར་པའི་སྡེ་ཅི་རིགས་སུ་བྱས་ནས།རྗོད་བྱེད་ཀྱི་ཆ་ནས་ཚིགས་བཅད་ཁོ་ནར་ངེས་ཤིང་། དབྱེ་བ་དོན་རྒྱན། སྒྲ་རྒྱན་གབ་ཚིག་རྒྱན། སྐྱོན་སེལ་གྱི་རྒྱན་བཅས་རྒྱན་སོ་སོའི་མཚན་ཉིད་རྩ་ཚིག་དང་།  མཚན་གཞི་དཔེར་བརྗོད་སོགས་རྒྱས་ཤིང་རྒྱས་པར་བཀོད་ཡོད་པ་འདི་ནི། རང་རེའི་བོད་ཀྱི་ཐུན་མིན་རིགས་གཞུང་། སྙན་ངག་གི་གཞུང་ལུགས་ཕུགས་མ་རུ་ངོས་འཛིན་ཆོག་པར་སེམས་ཤིང་། འདི་ནི་སྔ་རབས་ནས་དེང་རབས་བར། རྡོ་ལག་བརྒྱུད། ཆུ་ལམ་ཞུགས་ལྟ་བུའི་བཤད་ཁྲིད་བསྐྱངས་དང་སྐྱོང་བཞིན་ཡོད་པ་མ་ཟད། ཕྱིས་འབྱུང་གི་མཁས་དབང་རྣམས་ཀྱིས་གཞུང་འདི་ལ་ཕུགས་བཅོལ་ཏེ་བརྩམས་པའི་སྙན་གཞུང་ཇི་སྙེད་ཅིག་ཡོད་པ་དཔེར་ན། མཁས་དབང་གཤེན་མཁས་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་བརྩམས་པའི་སྙན་ངག་ཡང་སྙིང་ནོར་བུའི་ཕྲེང་བ་དང་། གཤེན་མཁས་གྲུབ་ཤཱི་ལ་དྷཱ་ཛས་མཛད་པའི་སྙན་ངག་རྒྱན་གསུམ་དཔེར་བརྗོད་འཁྲུལ་བྲལ་དཔྱོད་ལྡན་ཡིད་འཕྲོག ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱིས་བརྩམས་པའི་སྙན་ངག་གི་བསྟན་བཅོས་རིན་ཆེན་ལྡེའུ་མིག      ཨ་ལགས་ཚུལ་རྒྱན་གྱིས་བརྩམས་པའི་སྙན་འགྲེལ་གཙང་གཤེན་དགོངས་རྒྱན། དཔལ་ལྡན་ཚུལ་ཁྲིམས་ཀྱིས་བརྩམས་པའི་སྙན་རྒྱན་གསུམ་གྱི་རྣམ་བཤད་ནོར་བུའི་མེ་ལོང་དབྱངས་ཅན་སྙིང་གི་ཐིག་ལེ། སློབ་དཔོན་ཀུན་གསལ་བློ་གྲོས་ཀྱིས་བརྩམས་པའི་སྙན་ཚིག་སྒྲ་དབྱངས་ལྷ་མོའི་འཛུམ་རིས་སོགས་མང་དག་ཞིག་ཡོད་པ་འདི་རྣམས་ནི་རྩ་བའི་གཞུང་གི་བསྟན་དོན་རྒྱན་སོ་སོའི་མཚན་ཉིད་བཅས་གཙང་གཤེན་གྱིས་བརྩམས་པའི་སྙན་གཞུང་ལ་གཞི་བཅོལ་ཏེ་བརྩམས་པ་ཡིན་ཅིང་། དེ་སྔོན་གཞུང་འགྲེལ་ཆ་ཚང་ཞིག་རང་གཞུང་དུ་བྱུང་མེད་པར་བརྟེན། གནས་ཚུལ་འདི་དང་འདི་ལྟ་བུའི་འོག་ད་ལན་ཁོ་བོས་བརྩམས་པའི་ཐུན་མིན་བོན་གྱི་སྙན་ངག་གི་འགྲེལ་བ་ཨེར་སངས་ལྷ་མོའི་མགུལ་རྒྱན་ཞེས་པ་འདི་ནི། མཁས་དབང་བཤེས་གཉེན་དམ་པའི་གསུང་གི་གནང་བ་བྱིན་པ་ལ་བརྟེན་ནས། དེབ་ཆུང་འདི་ལྟ་བུ་རིས་མེད་མཁས་དབང་རྣམས་པའི་མདུན་སྟེགས་སུ་བསྟར་རྒྱུའི་སྐལ་བཟང་བྱུང་བ་ནི། ཁོ་བོས་སྔོན་བསགས་ཀྱི་ལས་དབང་ཞིག་ཡིན་ལ། ཁ་བ་གངས་ཅན་པའི་ཡུལ་ལྗོངས་སུ་ཡུན་རིང་འཚོ་བ་བསྐྱལ་བའི་སྐྱེས་སུ་ཕུལ་བ་ཞིག་ཀྱང་ཡིན། དེས་ན་གཞུང་འདི་ཡི་རྩ་བའི་ཆ་ནས་གཙང་གཤེན་པའི་སྙན་གཞུང་ལ་ཕུགས་བཅོལ་ཏེ་བརྩམས་པ་ཞིག་ཡིན་མོད། སྐྱེས་སྟོབས་ཀྱི་ཤེས་རབ་ཕྲ་བ་བདག་ལྟ་བུས་དམ་པའི་དགོངས་མཐིལ་ཇི་བཞིན་མི་ལོན་པ་དངོས་གཤིས་ལགས་ཀྱང་། ཡུན་རིང་དུ་ཞང་བོད་ཀྱི་ཤེས་རིག་ལ་འགྲུལ་བའི་ལག་རྗེས་སུ། རྒྱུ་དམ་པའི་གདམ་ངག་ཟབ་མོས་བསྒྲུབས། རྐྱེན་བཅོས་མིན་ཀུན་སློང་རྣམས་དག་གིས་སྦྱར། གྲོགས་ཕྲ་ལྡེམས་སོར་མོའི་འདུ་བྱེད་ལ་སྦྲན་པའི་ལེགས་བྱས་འདི་ནི། མི་ཤེས་བློ་མུན་སེལ་བའི་སྒྲོན་མེ། བློ་གྲོས་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག བཅུ་རིག་འདོད་རྒུ་འཇོ་བའི་ནོར་བུ། མི་འཁྲུལ་གསལ་བར་སྟོན་པའི་ཟིན་ཏིག། ལྟ་བུ་ཁྱད་བོན་བཞི་ལྡན་གྱི་དེབ་ཆུང་འདི་ནི།སྐྱེས་སྟོབས་ཀྱི་ཤེས་རབ་རྒྱས་པའི་དམ་པ་རྣམས་ཀྱིས་གཟིགས་སྟེགས་སུ་མི་རེ་ཡང་། ཁ་བ་གངས་ཅན་པའི་ཤེས་རིག་ལ་ཐུགས་སྣང་དཀར་ཞིང་། བློ་གཟུ་བོར་གནས་པའི་གཞོན་སྐྱེས་རྣམས་ཀྱིས། འཛམ་གླིང་གི་འགྱུར་འགྲོས་དང་མཐུན་པའི་དུས་རབས་གསར་པའི་ལམ་ཆེན་ཐོག། དྲང་བདེན་གྱི་ཤེས་བྱ་རིག་པའི་གད་རྒྱངས་སྙན་པར་སྒྲོགས་པའི་རེ་བ་སྙིང་ལ་བཅངས་ཏེ་བྲིས་པ་ཞིག་ལགས། དབྲ་ཁྱུང་པས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།