བརྙན་ཆས་༼ཀུན་སྣང་ཁྱབ་པ༽ལེགས་གྲུབ་བྱུང་བའི་ཤིས་བརྗོད་རྩོམ་བརྡ།

0
5213

རྩོམ་པ་པོ། དགེ་བཤེས་གཡུང་དྲུང་སེམས་དཔའ།

༄༅། །རྒྱ་ཆེ་བོད་རིག་པ་འམ་བོན་རིག་པར་ཉམས་ཞིབ་ཐུགས་བཞེས་གནང་བའི་མཁས་དབང་རྣམ་པའི་སྡེ་དང་། དད་དམ་གཡུང་དྲུང་ལུ་གུའི་རྒྱུད་ཀྱིས་འཚོ་བའི་རྒྱ་ཆེ་བོན་འབངས་མང་ཚོགས་ཡོངས་ཀྱི་གསེར་སྙན་རིང་མོའི་ལམ་དུ་ཁུ་བྱུག་གི་སྐད་ལྟར་སྙན་པའི་ཚད་ཙམ་མ་ཡིན་པར། བདེར་གཤེགས་ཀྱི་གསུང་བཞིན་ཟབ་པའི་གཏམ་བཟང་ཞིག་འབུལ་བར་སྤྲོ་བ་ནི། བསྟན་པ་དར་རྒུད་ཀྱི་མདོ་རྩ་འམ་རྒྱལ་བསྟན་འཕེལ་འགྲིབ་ཀྱི་སྣ་ཐག་རིང་མོ་གང་ཞིག་འཐེན་མིན་ནི་དུས་རབས་རིམ་བརྒལ་ནང་བྱོན་ཞིང་བསྟན་པ་རིན་པོ་ཆེའི་སྐྱབས་འོག་ཏུ་འཁོད་པའི་བསྟན་འཛིན་སྐྱེས་བུ་རྣམ་པའི་ཡུལ་དུས་བབ་བསྟུན་གྱི་རང་འཁྲི་ལྕི་མོའི་སྒུལ་ཤུགས་ཀྱི་རྩོལ་བ་དྲག་ཞན་ལ་རག་ལས་ཡོད་པའི་ཉམས་མྱོང་སྔོན་རྟོགས་དང་། ལུང་རྟོགས་གཉིས་ཀྱི་ནང་ནས་ལུང་གི་བསྟན་རྒྱུན་འཛིན་པ་ལ་སྐྱེས་བུ་དམ་པའི་མི་བརྗེད་པའི་གཟུངས་ཀྱིས་འཛིན་དགོས་པ་དང་། ཡི་གེའི་རྒྱུན་གྱིས་འཛིན་དགོས་པ་སོགས་གནད་ཀྱི་སྒོ་དུ་མ་ལ་རྒྱལ་བའི་གསུང་རབ་དག་བཞེངས་བགྱིས་པའི་བྱ་བ་འདི་ཉིད་ནི་སྤྱིར་སྨན་གྱི་ལས་གཞི་ཞིག་ཏུ་སོང་ཡོད་པར་ལག་ལེན་མྱོང་རྟོགས་ཀྱི་རབ་ཁ་མང་པོར་བརྒྱུད་པའི་རྟིང་སོར། ཐུགས་ཀྱི་དབྱིངས་དཔྱད་ཟབ་མོའི་དགོངས་ཀློང་ནས་འཁྲུངས་ཏེ་འདི་གའི་ཁྱུང་པོ་སྟེང་ཆེན་དགོན་གྱི་ཁྲི་འཛིན  བླ་མ་སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེས་དགོན་འདིའི་བྱུང་རབས་ཀྱི་ངོས་ནས་གསུང་རབ་དག་བཞེངས་བགྱིས་པའི་ལོ་རྒྱུས་ཀྱི་བསླབ་བྱ་དང་མྱོང་བརྒྱུད་ཀྱི་ཕྱག་སྲོལ་གཞིར་བྱས། གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་དབུ་འཛུགས་གྲུབ་པ་ནས་བཟུང་བོད་སྤྱི་ཡོངས་ཀྱི་ཆོས་བརྒྱུད་གཞན་དང་བསྡུར་ན་བོན་པོའི་ཕྱོགས་ནས་དུས་རབས་ཀྱི་འཁོར་ཕྱོགས་དང་མཐུན་པའི་དཔེ་རྒྱུན་སྤེལ་བའི་བྱེད་ཕྱོགས་ནི་ཆེས་རྗེས་ལུས་ཡིན་པའི་གནས་སྟངས་ལ་གདོང་གཏད་ཅིང་དཔྱོད་གྲུང་གི་ཤེས་རབ་དང་། དཀའ་ཚགས་ཀྱི་རྔུལ་ཆུ། མཁོ་མཐུན་གྱི་དངུལ་སྨར་དག་གི་མཐུ་དཔུང་དང་སྡེབ་ནས་སྔོན་བསྐྱོད་རང་བཞིན་གྱི་གསུང་རབ་འགྲེམ་སྤེལ་རབ་དང་རིམ་པར་མཛད་པའི་མཐུན་རྐྱེན་གྱིས་རང་རེའི་གཤེན་བསྟན་འཛིན་པའི་སྡེ་ལའང་གསུང་རབ་འགྲེམ་སྤེལ་ཐད་ནས་བར་བརྒལ་རང་བཞིན་གྱི་གསོན་ཤུགས་བསྐྲུན་ཡོད་པ་ནི་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ཉིད།  ཤེས་ཆེན་དཔྱོད་ཡངས་ཀྱི་རྒྱལ་སྤྱིའི་མཁས་དབང་རྣམ་པ་དང་རྒྱ་ཆེ་བོན་འབངས་མང་ཚོགས་ཚོས་རྒྱབ་སྐྱོར་བླ་ལྷག་གནང་བའི་རྒྱབ་རི་མི་འགྱུར་ལྷུན་པོར་ཁེན་ཡོད་པ་དང་དགའ་བསུ་ཐལ་མོ་འཇགས་པ་མེད་པའི་ཀློང་དུ་སྒམ་ཚུགས་ཀྱིས་འགྱིང་ཡོད་པའི་གཏན་ཚིགས་འདི་ཉིད་ཀྱིས་གྲུབ་ཡོད་དོ།། ད་ལན་ཡང་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གི་ལས་མི་རྣམ་པས་དུས་རབས་འགྱུར་བག་ལ་དྲན་ཤེས་ཀྱིས་ཟིན་པའི་སྒོ་ནས་གོམ་གང་མདུན་སྤོས་ཀྱི་ལས་རིམ་ཁྲོད་དུ་སྔོན་བསྐྱོད་ལྡན་པའི་སྡེ་ལ་མིག་ལྟོས་ཀྱིས་མཉེན་ཆས ( ཀུན་སྣང་ཁྱབ་པ )ཞེས་པའི་མཚན་ཐོག་ནས་རྒྱལ་བའི་བཀའ་རིན་པོ་ཆེ་དང་ཕྱིས་འབྱུང་བཀའ་བརྟེན།  མཁས་པའི་གསུང་འབུམ། གཞན་དུ་དཔེ་ཚོགས་སོགས་སྡེ་ཚན་མི་འདྲ་བ་བཞི་ཡིས་གྲུབ་པའི་བརྡ་འཕྲིན་གྱི་ལམ་ནས་འདི་ཟླའི་སྤྱི་ཚེས་ཉི་ཤུ་བདུན་ཉིན་རྒྱལ་སྤྱིའི་བོན་རིག་པ་དོན་གཉེར་ཅན་དང་བོན་ལ་དད་མོས་ཀྱིས་འཇུག་པའི་སྐྱ་སེར་རིས་སུ་མ་ཆད་པའི་མི་དམངས་ཡོངས་ཀྱིས་སྟབས་བདེ་རིན་མེད་སྒོས་སྤྱོད་སྐལ་ལྡན་པ་ཞིག་འགྲེམ་རྩིས་ཡོད་ཅིང་། བྱ་བ་འདི་ཉིས་སྟོང་གཉིས་ལོ་ནས་བཟུང་ད་ལྟའི་བར་ལས་ཀའི་མི་སྣ་ལྔ་བཅུ་ཡར་མར་ལོ་ཟླ་ཞག་མཐུད་ཀྱིས་བརྩོན་པར་བྱས་ཤིང་འགྲོ་དངུལ་ཁྲི་ཚོ་སྟོང་ཕྲག་ལས་བརྒལ་བ་སོགས་ཚེ་ལུས་ལོངས་སྤྱོད་ཡོངས་རྫོགས་འདིའི་ཆེད་དུ་ཕངས་མེད་དུ་བཏང་ཡོད་པས་ད་ལྟར་གཞི་ནས་ལེགས་གྲུབ་བྱུང་བ་ཞིག་ཡིན།  བསྟན་འགྲོར་སྨན་པའི་རླབས་ཆེན་གྱི་བྱ་བ་འདི་ཉིད་ལ་དགའ་སྤྲོའི་གཏང་རག་གི་ཚུལ་དུ་ཆེད་བརྗོད་ཤིས་སྨོན་གྱི་དེབ་ཅིག་ཀྱང་འདོན་འཆར་ལགས་པས།  རྒྱལ་ཕྱི་ནང་གང་སར་བཞུགས་ཡོད་པའི་རྒྱ་ཆེ་རྩོམ་པ་པོ་ཕྱོགས་ཀྱིས་དབྱངས་ཅན་ལྷ་མོའི་མགྲིན་པ་ནས་བྱོ་བའི་སྐད་ངག་ལ་མཚུངས་ཟླར་བྱེད་པའི་སྨོན་ཚིག་སྙན་དབྱངས་རིང་མོ་ཅི་གར་སྩོལ་བའི་བཀའ་དྲིན་སྙིང་དབུས་ནས་ཞུ་ཞུ། 

རྩོམ་རྣམས་སྤྱི་ཟླ 9 ཚེས 20 ཚུན་ལ་འབྱོར་ཟིན་པར་གནང་རོགས།

འབྲེལ་གཏུག་ཁ་པར།

18008953777

18008958090

ཡིག་སྒམ།

1817088719@.qq 

 སྤྱི་ལོ 2016 ལོའི་ཟླ་བ  8  པའི་ཚེས  21 ཉིན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་སྙིང་ཕྱོགས་བསྒྲིགས་ཚན་པས་ཕུལ།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།