རྩ་བའི་བླ་མའི་བཀའ་དྲིན་དྲན་པ།

0
4430

རྩོམ་པ་པོ་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ།

རང་ཉིད་ཆུང་བྱིས་པའི་དུས་ནས་ད་བར་ལོ་ངོ་བཞི་བཅུ་ལྷག་གི་རིང་། བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལ་རྩེ་གཅིག་འགྱུར་བ་མེད་པའི་དད་དམ་སྙིང་གི་དབུས་སུ་རྟག་ཏུ་ཉམས་པ་མེད་པར་ཉིན་ལྟར་ཉམས་ལེན་དུ་བྱེད་བཞིན་ཡོད།།
དུས་ཡུན་དེའི་རིང་ལ། སྤྱི་ཚོགས་འགྲོས་ཀྱི་འགྱུར་ལྡོག གཞི་མེད་མང་ཚོགས་ཀྱི་གཏམ་འཆལ། རང་རྒྱུད་ལྷན་སྐྱེས་ཀྱི་ངར་འཛིན། ཀུན་རྟོག་ཉོན་མོངས་ཀྱི་དྲི་མ། དོན་མེད་རྣམ་རྟོག་གི་འཕྲོ་འདུ་སོགས་གང་གིས་ཀྱང་བཅོས་ལྷད་བག་ཙམ་ཡང་མེད་པར་བླ་སློབ་ཀྱི་དམ་ཚིག་གཙང་མ་བཙོ་མ་གསེར་གྱི་ཡང་ཞུན་འདི་ལོ་རེ་ནས་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར།།
ཉེ་ཆར་ཧྥ་རན་སིའི་བོན་ཚོགས་གཤེན་བསྟན་དར་རྒྱས་གླིང་དུ་ཡོངས་འཛིན་སྨྲ་བའི་དབང་པོའི་སྐུ་མདུན་མཇལ་བཅར་སྐབས། རང་ཉིད་བྱིས་པའི་དུས་སུ་རིན་པོ་ཆེའི་ཞབས་འོག་ཚར་ལོང་སྐབས་ཀྱི་བྱམས་བརྩེའི་བདེ་སྐྱིད་ཀྱི་ཚོར་སྣང་རྣམས་ཉི་མ་སྤྲིན་གསེབ་ནས་འཐོན་པའི་འོད་ཟེར་མཁའ་ལ་རྒྱས་ཤིང་འོད་རྡུལ་སར་ཁྱབ་པ་དང་། ལུས་ལ་དད་པའི་བ་སྤུ་གྱེན་ལ་གཡོ་ཞིང་སེམས་ལ་བདེ་སྐྱིད་ཀྱི་ཚོར་སྣང་བརྗོད་དུ་མི་ཤེས་པ་ཞིག་སྐྱེས་བྱུང་།
བླ་མ་ཁྱེད་ཀྱིས། ཕ་ལས་ལྷག་པའི་མི་ཚེའི་གདེང་སྟོབས་ཀྱི་གོ་ཆ་ལུས་ལ་བསྩལ་ཞིང་། མ་ལས་ལྷག་པའི་བྱམས་བརྩེའི་འོ་མ་དཀར་པོས་བླ་སྲོག་གི་ཟུངས་རྟག་ཏུ་མི་ཉམས་པར་གསོ་བ་དང་།  བྱིས་དུས་ཀྱི་རོལ་རྩེད་རྩེད་རོགས། གཞོན་དུས་ཀྱི་ལེགས་ཉེས་གྲོས་བསྡུར་བྱེད་རོགས། དའང་རྒས་པའི་སྐབས་འདིར་ཡང་། སྡུག་སྐད་ཞུ་ས་དང་སེམས་པ་འཁོར་ས་ཁྱེད་ལས་མེད་ན། ཁྱེད་ཀྱི་བཀའ་དྲིན་ནི་ཉིན་མོའི་སེམས་རྟེན་དང་མཚན་མོའི་རྨི་རྟེན་ཀུན་ཏུ་བཟུང་བཞིན་ཡོད།
ང་དང་ང་ལྟ་བུ་ལེགས་ཉེས་ཀྱི་བླང་དོར་ཅི་ཡང་མི་ཤེས་པའི་སྐྱབས་མེད་རོགས་མེད་ཀྱི་བྱིས་པ་དུ་མ་ཞིག་ལ་ཐུགས་བརྩེ་བ་ཆེན་པོས། གནས་སྐབས་ཀྱི་ཟས་གོས།  མི་ཚེ་ཡི་མདུན་ལམ།  ཐོས་བསམ་གྱི་ཤེས་རབ། དབང་ལུང་བྱིན་རླབས་སོགས་ཀྱི་བཀའ་དྲིན་ད་བར་གནང་དང་གནང་བཞིན་པ་རེད།
བསྟན་འཛིན་དབང་རྒྱལ་ལྷན།ཚར་ལོང་བཟང་པོའི་ནུས་པ་དེ་དག་ལ་བརྟེན་ནས། ད་ལྟ་མི་ཚེ་འདིའི་ནང་ངེད་ཅག་རང་གི་རྐང་ཐོག་ན་གདེང་དང་ལྡན་པའི་ངང་ནས་ཡར་ལང་ཐུབ་པ་དང་། ལག་ཐོག་ན་སྤྱི་ཚོགས་ཀྱི་ལས་འགན་རྣམས་ཞུམ་པ་མེད་པ་བློ་སྤོབས་ཆེན་པོའི་ངང་ནས་ཞབས་ཞུ་ལ་འབད་ཐུབ་པ་འདི་དག ཁྱེད་ཀྱི་དཀའ་དྲིན་ཉག་གཅིག་ལས་མ་འདས།  མ་འོངས་སྐྱེ་གནས་རིམ་རྒྱུད་ལ་སྐུ་ཉིད་ཀྱི་ཞབས་དྲུང་དུ་བླ་སློབ་ཀྱི་འབྲེལ་བ་དང་དབང་ལུང་གི་བྱིན་རླབས་མུ་འཐུད་ནས་ཐོབ་པའི་སྨོན་ལམ་ཡང་ཡང་ཞུ།།
ཁྱེད་ཀྱི་གསུང་གི་བདུད་རྩིའི་བཀའ་སློབ་ཅི་བསྩལ་ཐམས་ཅད། ཉོན་མོངས་ཚིག་རྙོག་གིས་མང་མ་དྲགས། བྱམས་བརྩེའི་དོན་གནད་ལས་ཉུང་མ་དྲགས་པ་ཚད་དང་ལྡན་ཞིང་། བཀའ་ཚིག་སྣ་རེས་ཀྱང་མི་ཚེའི་མདུན་ལམ་ལ་ཕན་པ་ཤིན་ཏུ་ཆེ་བ་ནི་བདག་ལ་ཉམས་མྱོང་ཡང་ནས་ཡང་དུ་བྱུང་།
བཀའ་སློབ་རེ་རེའི་རིན་ཐང་།  རྣམ་འགྱུར་རེ་རེའི་གཟི་བརྗིད།  སྤྱན་གཟིགས་རེ་རེའི་བྱིན་རླབས།    ཕྱག་དབང་རེ་རེའི་ཚོར་བ་ནི། རིན་ཆེན་ནོར་བུ་ཇི་བཞིན། བདག་གི་མི་ཚེ་འདིའི་ཡོན་ཏན་གྱི་མཛོད།   མདུན་ལམ་གྱི་སྒྲོན་མེ།    སེམས་ཤུགས་ཀྱི་རྩ་བ། ཐེ་ཚོམ་གྱི་དྲིས་ལན་དང་རྒྱུན་གྱི་སྤྱོད་རོགས་བླ་ན་མེད་པ་ཞིག་ཡིན།།
རང་ཉིད་བྱིས་པའི་དུས་ཀྱི་སློབ་སྦྱོང་གི་གཞི་རྩ་བྲིས་ཀློག་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་མ་ཐོབ་ཀྱི་བར་ལོ་ངོ་བཅུ་དྲུག་ལྷག་གི་རིང་ཉིན་གཅིག་ཀྱང་སེམས་པ་ཕམ་པའི་སྤྱན་ལོག་དང་།  བློ་སྟོབས་གཞོམ་པའི་བཀའ་སྐྱོན་སོགས་གང་ཡང་གནང་མ་མྱོང་ལ། དུས་རྟག་ཏུ་སློབ་མ་རྣམས་ཀྱི་གུད་སྐྱོན་ལ་ཐབས་ཤེས་ཀྱི་སྒོ་ནས་གོ་བརྡ་དང་།   བྱམས་བརྩེའི་སྒོ་ནས་བཀའ་མོལ་སོགས་ཀྱིས་སློབ་མའི་སེམས་རྒྱུད་དང་མཐུན་པའི་བློ་ཁ་བོན་དུ་འགྱུར་བའི་ཐབས་ལ་མཁས་པ། ད་ལྟ་རང་ཉིད་ཀྱི་སེམས་ཀྱི་ཁྱེར་སོའི་མི་ཚེའི་ལས་དོན་གང་ཡིན་རུང་བྱེད་ཐུབ་བསམ་པའི་གདེང་སྤོབས་དང་། རྒྱུས་མེད་ཀྱི་ལས་འགུལ་གསར་པ་གང་ལ་ཡང་ངས་བསྒྲུབ་ཐུབ་བསམ་པའི་དཔའ་སྟོབས་ཡང་སྐུ་ཉིད་ནས་བྱུང་བ་བསམ་གྱི་ཡོད།།
བསྟན་དང་འགྲོ་བའི་དོན་དུ་མཛད་པའི་འཕྲིན་ལས་ནི་ཉིན་མཚན་མེད་པར་ལོ་ནས་ལོ་བསྟུད་དེ་ལྷོད་ཡངས་མེད་པ་གནང་སྟེ། རང་ཉིད་ཀྱི་གཟིམ་ཤག་དང་ཟས་གོས་སོགས་ཀྱི་འཚོ་བའི་མཐུན་རྐྱེན་ཞན་པ་སོགས་ལ་ཇི་མི་སྙམ་པར་རྒྱུན་དུ་ངེད་ཅག་སློབ་ཕྲུག་གི་ཟས་དཀྱུས་མ་ཙམ་ལས་དམིགས་བསལ་གྱི་བཞེས་ལག་གང་ཡང་མེད་ཀྱང་ནམ་ཡང་ཐུགས་ཉམས་འཆོར་བ་མེད།
རང་ཉིད་ནས་དྲན་གསོས་པ་ཞིག་ལ།    ཉིན་ཞིག་གཞིས་ཆགས་ནང་མི་ཞིག་ནས་རིན་པོ་ཆེ་ལ་ང་ཚོ་སློབ་ཕྲུག་མེད་པའི་སྐབས་དང་བསྟུན་ཏེ་དམིགས་བསལ་གྱི་བཞེས་ལག་ཕུལ་འདུག།      རྒྱུ་མཚན་ནི་ང་ཚོ་སློབ་བུ་ཤ་རྒྱས་ཁྲག་རྒྱས་ཚོས་བཞེས་ལག་བཟའ་ཤོར་བར་དོགས་ནས་རེད།    རིན་པོ་ཆེའི་གསོལ་ཚིགས་ཧྲིལ་པོ་མ་མཆོད་པར་ང་ཚོ་ལ་ཕྱེད་ཀ་ཉར་ནས་བཞུགས་འདུག།  དགོང་མོ་གུས་རང་འཆད་ར་གྲོལ་ནས་ཤག་ཏུ་ལོག་སྐབས་རིན་པོ་ཆེ་མཆོག་གློག་སྒྲོན་མེད་པར་གཟིམ་ཁང་དུ་ཐུན་ལ་བཞུགས་ནས་འདུག  གུས་རང་ཤག་ཏུ་འབྱོར་བ་དང་རིན་པོ་ཆེ་མཆོག་ནས་གཟིམ་ཁང་གི་གློག་སྒྲོན་གནང་ནས་ལྕོག་ཙེ་འོག་ནས་གསོལ་ཚིགས་ལྷག་མ་མར་བཏོན་ནས་གུས་ལ་གནང་བྱུང་།
རྟག་ཏུ་ཁྱེད་ཀྱི་བྱམས་རྩེས་གཟིགས་སྐྱོང་གནང་སྟངས་དེ་ཚོ་དྲན་དུས་མིག་ནས་མིག་ཆུ་དང་སེམས་ནང་དགའ་དད་ཀྱི་ཚོར་སྣང་འགོག་མེད་དུ་སྐྱེད་གྱིན་འདུག །  ད་ལྟ་ཡང་འདི་སྐོར་འབྲི་བཞིན་པའི་སྐབས་འདིར་མིག་ཆུ་དབང་མེད་ཤོར་བྱུང་།།
ངེད་ཅག་སློབ་མ་རྣམས་ཀྱིས་དུས་དུས་སུ་རྒྱུ་མཚན་འདྲ་མིན་ལ་བརྟེན་ཏེ་དཔེ་ཁྲིད་དང་འཆད་ར་སོགས་ཆད་ཤོར་བ་མང་ན་ཡང་། བླ་མ་ཁྱེད་ནི་སྐུ་ངལ་དཀའ་ཚེགས་དང་སྙུང་གཏོང་བ་སོགས་ལ་མ་འཛེམས་པ་ཉིན་གཅིག་ཀྱང་དཔེ་ཁྲིད་ཆད་མ་མྱོང་བ་སོགས་ལ་བསམ་ཚེ་ཡིད་མི་ཆེས་པ་ལྟ་བུ་རེད།།
མཐོ་དམན་ཆེ་ཆུང་སུ་ཡིན་རུང་ཁྱེད་ཀྱིས་དབྱེ་བ་མི་ཕྱེ་བར་མཐོང་ཚོར་དཀའ་བའི་མི་ཚེ་སྒེར་གྱི་དཀའ་ངལ་རྣམས་གསན་ནས་མཁྱེན་ཐུབ་པ་དང་དེ་ལ་སྨན་པས་ནད་ངོ་ཆོད་ནས་སྨན་བཏབ་པ་བཞིན་སེམས་འགུལ་ཐུབ་པའི་བྱམས་བརྩེ། མདུན་ལམ་སྟོན་པའི་བཀའ་སློབ་སོགས་སྐབས་བབས་གང་དགོས་གཟིགས་ཏེ་རོགས་སྐྱོར་གནང་བ་རྣམས་ཞབས་འོག་པ་རྣམས་ཀྱི་མི་ཚེའི་སྲོག་རྟེན་ལྟར་ནམ་ཡང་བརྗེད་མི་ཐུབ་པ་ཞིག་ཡིན།།
ཇར་མན་རྒྱལ་ས་རྦར་ལིན་གྱི་རྒྱུན་འགྲོའི་ཇ་ཁང་ཞིག་གི་ནང་།  སྔ་དྲོ་གནམ་མཁའ་སྔོ་སང་ངེ། ཉི་མའི་དྲོད་ཀྱིས་ཕྱོགས་མཚམས་འདྲ་མིན་གྱི་འགྲིམ་འགྲུལ་བ་རྣམས་འཛུམ་དམུལ་དམུལ་གྱི་རང་སྒོས་ཀྱི་ལམ་ལ་ཞུགས་པའི་སྐབས་ཤིག་ལ།  རང་རྒྱུད་ཀྱི་འབྱུང་ཁམས་ཆ་མཉམ་ཞིང་ལུས་ཁམས་དལ་གྱི་གནས་པ་དང་། རྩོལ་བ་མེད་པའི་སེམས་ལྷོད་ཅིང་གནས་པའི་ངང་དེ་ནས་བླ་མ་ཁྱེད་ཉིད་དྲན་གདུང་དད་པའི་ཆུ་མིག་ཞིག་སྙིང་ནས་བརྡོལ་ཏེ། དགའ་སྤྲོའི་རྦ་རླབས་ཀྱི་འོད་ཟེར་མཁའ་ལ་འཕོས་པ་ལ་བརྟེན་ནས་བཅོས་མིན་བརྩེ་བའི་ཚིག་གི་ཆུ་རིས་ཐོལ་གྱིས་བྱུང་བ་རྣམས་རང་གི་དྲན་རྟེན་དུ་བཀོད་པའི་དགེ་བ་འདི་ཡིས་འགྲོ་བ་གཞན་གྱི་བླ་སློབ་གྱི་འབྲེལ་བ་མི་ཉམས་ཤིང་དམ་ཚིག་གཙང་མ་མཐར་རུ་ཕྱིན་པའི་སྨོན་འདུན་ཡང་ནས་ཡང་དུ་ཞུའོ།།
འཇར་མན་གྱི་རྒྱལ་ས་རྦར་ལིན་ནས།་༢༠༡༦ ཕྱི་ཟླ་༩ ཚེས་ ༡༡ ཉིན་ཞབས་འོག་པ་བསྟན་འཛིན་དབང་རྒྱལ་ནས།།།།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།