དཀའ་ཐུབ་གསུམ་གྱི་མདོ་དོན་ཚིགས་སུ་བཅད་པ།

0
3175
པར་རིས་མཁོ་འདོན་གནང་མཁན་ཞང་ཞུང་ཁྱུང་ལུང་དངུལ་མཁར་བ།
ཞང་ཞུང་ཁྱུང་ལུང་དངུལ་མཁར་གུར་གྱམ་དགོན་མདོ་སྔགས་གྲགས་རྒྱས་གླིང་གི་ལྡེབས་རིས་གཤེན་རབ་གཙོ་འཁོར་གྱི་ཐང་སྐུ། ལྡོང་མདོ་དབུ་མཛད་ཕུན་ཚོགས་འབྱོར་རྒྱས་དགེ་སློབ་ནས་བྲིས།

རྩོམ་པ་པོ་རིག་པའི་ཁུ་བྱུག

ཟག་མེད་ཚུལ་ཁྲིམས་ཕུང་པོ་ཡོངས་རྫོགས་ཀྱང་།།
འགྲོ་ངོར་ངེས་འབྱུང་སྐྱེས་ཚུལ་རབ་བསྟན་ནས།།
ཁྱིམ་སྤང་རབ་བྱུང་མཛད་པ་དཔེར་སྟོན་མཛད།།
བདག་ཅག་སྟོན་པ་ཁྲི་གཙུག་རྒྱལ་བར་འདུད།།

གང་དག་འཁོར་བའི་གནས་ལ་ཡིད་སུན་ཞིང་།།
ཐར་དང་ཐམས་ཅད་མཁྱེན་པར་འཐོབ་འདོད་ནས།།
རྣམ་དག་འདུལ་ཁྲིམས་གཙང་མར་ཞུགས་རྗེས་སུ།།
འདི་བཞིན་དཀའ་ཐུབ་མཛོད་ཅེས་རྒྱལ་བས་བསྟན།།

དེ་མིན་འདུལ་ཁྲིམས་བསྲུང་བ་ཙམ་ཞིག་གིས།།
ཡང་དག་ཐར་པའི་ལམ་སྣེ་མི་ཟིན་ཚུལ།།
རྒྱལ་བ་ཉིད་ཀྱིས་ངེད་ཅག་འགྲོ་བ་ལ།།
བརྩེ་བ་ཆེན་པོའི་སྒོ་ནས་འདི་སྐད་གསུངས།།

“གང་ཞིག་ཚུལ་གནས་ཚུལ་ཞུགས་ཚུལ་བསྲུང་བས།།
དགེ་སྤྱོད་རྣམ་དག་རྒྱུན་པར་མ་བརྩོན་ན།།
ཕྱི་ཚུལ་བཟང་ཡང་སྟོན་ཀའི་ཤིང་ལོ་འདྲ།།
ནང་ཁྲིམས་བསྡམས་ཀྱང་རི་དྭགས་སྐྱ་བོ་འདྲ།།
དགེ་མེད་སྡིག་མེད་ཐར་དང་ལྟུང་བ་མེད།།”

དེ་ལྟའི་སྤྱོད་པར་གོལ་བའི་འགྲོ་བ་རྣམས།།
འདུལ་ཁྲིམས་གཙང་མའི་སྒོ་རུ་ཞུགས་དོན་ནི།།
ལྟ་བ་ཡས་ཕུབ་སྤྱོད་པ་མས་ཡར་འཛེགས།།
སྙིང་རྗེའི་གཞི་བཟུང་ཕ་རོལ་ཕྱིན་བཅུ་སྤྱོད།།

དེ་ལྟར་ཉིན་མཚན་དུས་དྲུག་ཐུན་བཅད་དེ།།
རྒྱུན་མེད་ཆུ་བོ་ལྟ་བུར་བྱེད་དགོས་གསུངས།།
དེ་དག་སྒྲུབ་པའི་གོ་སྐབས་ལེགས་ཕྱེ་བ།།
རྣམ་དག་འདུལ་བའི་ཚུལ་ཁྲིམས་འཕགས་པར་བསྟན།།

སྟོན་པས་བྱ་སྤྲེལ་མི་གསུམ་དཀའ་ཐུབ་སོགས།།
རྣམ་པ་ཅི་ལྟར་བསྟན་ཀྱང་མདོ་དོན་ནི།།
ཡོས་ལས་ཡོང་རྒྱུ་རྩམ་པ་འདི་དག་སྟེ།།
འདི་བཞིན་བྱས་ན་དཀའ་ཐུབ་དོན་ལྡན་གོ  །

འདི་ན་དཀའ་ཐུབ་མདོ་བཞིན་བྲི་བ་ལ།།
ནང་པར་ཐོ༵་རེ༵ངས་ནམ་ལངས་དང་པོ་ལ།།
ཁྲུས་དང་གཙང་སྦྲའི་སྔགས་ཚིག་དང་སྦྲགས་ཏེ།།
ལྷ་ལ་ཁྲུས་གསོལ་རང་ཡང་ཁྲུས་ནས་ཕྱུངས།།

དེ་ནས་དུས་གསུམ་བདེ་བར་གཤེགས་པ་དང་།།
ས་བཅུའི་སེམས་དཔའ་མཁན་སློབ་དཔང་གསུམ་ལ།།
སྤྱན་དྲངས་བཞུགས་གསོལ་ཕྱག་འཚལ་སྡིག་བཤགས་བྱ།།
ཡི་རངས་བཀའ་འཁོར་མཚན་ཕྱག་ཡང་ཡང་འཚལ།།

ཉི༵་མ་ཤ༵ར་ནས་དྲོས་ཆེན་བར་དག་ཏུ།།
རྣམ་དག་འདུལ་བའི་ཆོ་ག་གཞུང་བཞིན་བསྲང་།།
ཕྱག་བཤགས་མཆོད་འབུལ་སྐུ་བསྟོད་བསྔོ་སྨོན་བྱ།།
དྲོ་ཆེན་ཟིན་ནས་ཁ་ཟས་བྱ་བ་མཛད།།

དྲོ༵ས་ཆེ༵ན་ནས་བཟུང་ཉིན་ཕྱེད་བར་དག་ཏུ།།
སྐུ་གདུང་བཞེངས་དང་ཚྭ་ཚྭ་ཆབ་གཏོར་གཏོང་།།
ཉི༵ན་ཕྱེ༵ད་དགོང་མོའི་བར་ལ་གདན་གཅིག་ཏུ།།
སྙིང་པོ་རྣམ་གསུམ་རིམ་པས་ཕྲེང་བར་བགྲངས།།

དགོ༵ང་མོ༵་ཟིན་ནས་སྲོད་དུ་མ་ཕྱིན་པར།།
འབྱུང་པོའི་ཚོགས་ལ་གླུད་ཀྱི་གཏོར་མ་གཏོང་།།
བསམ་སྦྱོར་དག་པས་དགེ་བ་གང་བྱས་པ།།
སེམས་ཅན་དོན་དུ་བསྔོ་སྨོན་རྒྱ་ཆེར་གདབ།།

སྲོ༵ད་ནས་ནམ་གྱི་གུང་ལ་མ་ཕྱིན་པར།།
སྒོ་གསུམ་བྱ་བྱེད་རྩོལ་བ་ཀུན་སྤངས་ནས།།
རྩོལ་མེད་ཡེ་གྲོལ་ཆེན་པོའི་དགོངས་ཀློང་དུ།།
འབོལ་ལེ་མོལ་ལེ་སལེ་ལྷང་ངེར་བཞུགས།།

གུ༵ང་ནས་ཐོ་རེངས་དུས་ལ་མ་ཐུག་བར།།
ལུས་སེམས་ཆ་ལ་ཕབ་ཏེ་མལ་ས་རུ།།
དགེ་ཚོགས་ཡིད་ལ་བྱེད་བཞིན་བསྙེལ་གཟིམས་བྱ།།
དུས་དྲུག་ཆག་མེད་དེ་བཞིན་བརྩོན་དགོས་གསུངས།།

འདི་བཞིན་དཀའ་ཐུབ་དགེ་སྦྱོར་ཡང་དག་ཞིག།
བྱ་སྙིང་འདོད་ན་རྫོགས་པའི་སངས་རྒྱས་ཀྱིས།།
“དབེན་པའི་གནས་ཟུངས་འཇག་མའི་སྤྱིལ་པོ་ཕུབ།།
དག་པའི་དཀའ་ཐུབ་འཕགས་པའི་སྤྱོད་ལམ་བསྲུང་།།”

དེ་ལྟར་འདུལ་བའི་ཁྲིམས་དང་དཀའ་ཐུབ་དོན།།
ཉིན་བཞིན་འགྲུས་པར་འདོད་ཀྱང་རང་རེ་ནི།།
སེམས་ཅན་རང་ཁ་ཡིན་ཕྱིར་ཉོན་མོངས་དང་།།
བག་མེད་སྤྱོད་པ་ཁྲལ་ཁྲོལ་སྟུག་པོར་འབྱུང་།།

དེ་དག་འབྱུང་བ་རང་གིས་ལེགས་ཚོར་སྟེ།།
གང་ལ་གང་འདུལ་གཉེན་པོ་འཚོལ་ནས་ནི།།
ཉོན་མོངས་བག་མེད་སྤྱོད་པ་འགོག་དཀའ་ཡང་།།
སྡུག་བསྲན་བྱེད་ནས་འགོག་པར་དཀའ་ཐུབ་ཟེར།།

འདོད་ཡོན་ལྔ་ལ་ལྟ་འདོད་སྤྱད་འདོད་དང་།།
ཟ་འདོད་འཐུང་འདོད་མི་གཙང་སྤྱོད་འདོད་སོགས།།
ཡང་ཡང་སེམས་ལ་རྒྱུ་ཡང་ཡང་ཡང་དུ།།
མ་ཆགས་གཉེན་པོ་བསྟན་པར་དཀའ་ཐུབ་ཟེར།།

དགྲས་འཁྲུག་གྲོགས་བརྩེས་ཡིད་སེམས་བསླུ་བའི་ཕྱིར།།
ཁྲོ་འཛུམ་དགའ་སྡུག་རྣམ་འགྱུར་འབུམ་སྟོན་ཡང་།།
མི་ཁྲོ་མི་ཆགས་ཚོར་མེད་གནས་ཚུལ་འདི།།
བྱུང་ཚོར་རགས་པ་འགོག་པའི་དཀའ་ཐུབ་ཟེར།།

རབ་བྱུང་པ་ལ་ཉོན་མོངས་ལོས་ཡོད་ཀྱང་།།
ཤས་ཆེར་ཉོན་མོངས་དབང་དུ་མི་གཏོང་ནས།།
ཅི་ཐུབ་གང་ཐུབ་དགེ་ལ་བཀོལ་བ་འདི།།
རྣམ་དག་དགེ་ལ་སྤྱོད་པའི་དཀའ་ཐུབ་ཟེར།།

ཉོན་མོངས་རགས་པའི་རྒྱུ་བ་འགོག་ཕྱིར་དུ།།
ཉིན་གུང་དཀར་ཟས་རྒྱས་ཙམ་མ་གཏོགས་པར།།
དུས་མིན་ཁ་ཟས་ཟ་བ་འགོག་པ་འདི།།
རྒྱུན་གཅོད་འཚོ་བ་ཟས་ཀྱི་དཀའ་ཐུབ་ཟེར།།

ཉིན་མོར་འདོད་ཕྱོགས་ལྟ་བ་ཕར་ཞོགས་ཏེ།།
མཚན་མོར་རྨི་ལམ་རྒྱུ་བའང་འགོག་པའི་ཕྱིར།།
ལྟ་སྒོམ་བརྩོན་དང་སྙིང་པོ་བགྲངས་པ་འདི།།
བག་ཆགས་གདར་ཐག་གཅོད་པའི་དཀའ་ཐུབ་ཟེར།།

རྣམ་དག་འདུལ་བའི་ཁྲིམས་དང་ལྟ་སྤྱོད་དགེར།།
དཀའ་བས་གཅེས་སྲུང་བྱས་ན་དཀའ་ཐུབ་ཟེར།།
དེ་ལྟར་མ་ཐུབ་དཀའ་བ་མ་ཐུབ་ཟེར།།
དེ་མིན་གཅེས་སྲུང་བྱས་པར་སྡུག་བསྲན་ཟེར།།

དེ་ལྟར་ཟླ་བར་ལོ་དང་ལོ་ཐོག་བརྩེགས།།
ལོ་དང་བསྐལ་པར་སོང་ཡང་ཚད་འཛིན་ཞིང་།།
རྣམ་དག་དཀའ་ཐུབ་སྤྱོད་པར་ལེགས་གནས་ན།།
དེ་ལ་འཁོར་བ་སྒྲོལ་བའི་དེད་དཔོན་ཟེར།།

རབ་ཀྱི་ཏིང་འཛིན་འགོག་པས་ཉམས་སུ་ལེན།།
འབྲིང་གིས་དཀའ་བ་མཐར་ཕྱིན་ཉམས་སུ་ལེན།།
ཐ་མས་ལོ་དང་ཟླ་བར་ཉམས་སུ་ལེན།།
དེ་དག་བློ་དང་དབང་པོའི་ཁྱད་པར་རོ།།

དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ནི།།
མདོ་ལས་”སྐུ་ལུས་གཞན་ལས་ལྟར་མི་བཟོད།།
ཕུང་པོ་ཤེད་སྨད་དེའི་ནུས་མཐུ་ཡིས།།
ནང་གི་ཉོན་མོངས་བག་ཆགས་རྒྱུན་ཐག་བཅད།།

ཞེ་སྡང་མི་སྐྱེ་བྱམས་པ་མ་ལེར་ལྡན།།
འདོད་ཆགས་མི་རྒྱུ་ཀུན་གཞིའི་བག་ལ་ཞ།།
གཏི་མུག་མ་རྨོངས་གཅིག་པུར་དོན་ལ་གསལ།།
ང་རྒྱལ་མ་གཡོས་མཉམ་ཉིད་ལྷང་ངེ་བ།།

འཕྲག་དོག་མི་འབྱུང་ཡངས་པའི་ཐང་ལ་བདལ།།
ནང་གི་དགྲ་བཅོམ་བག་ཆགས་ཟག་པ་ཟད།།
དེ་ལྟར་ལུས་སེམས་ཕྱི་ནང་ཆ་མཉམ་པས།།
མཉམ་ཉིད་ངང་ལ་ལྷམ་མེ་ལྷན་ནེར་བཞུགས།།”

ཏིང་འཛིན་ཟབ་མོའི་སྒོ་ནས་དགེ་སྤྱོད་དང་།།
དཀའ་ཐུབ་ཟབ་མོའི་དོན་ལ་ལེགས་གནས་ན།།
རབ་འབྲིང་ཐ་མའི་དྲོད་ཚད་རབ་རྫོགས་ཏེ།།
ལྷག་མེད་མངོན་སངས་རྒྱས་པར་རྒྱལ་བས་གསུངས།།

འདི་ལྟའི་ལམ་སྲོལ་གཤེན་རྒྱལ་སྟོན་པས་ཕྱེས།།
དེ་བཞིན་ཚད་ལྡན་ཚུལ་མཐུན་མི་འཇུག་པ།།
རང་རེར་མཚོན་ན་གཤེན་བུ་བསོད་ཟད་དེ།།
ཞིབ་ཏུ་བསམ་ན་ཡ་ང་སྙིང་རྗེའི་གནས།།

ཚེ་སྔོན་བསོད་ནམས་བསགས་པའི་ནུས་མཐུ་ཡིས།།
མཇལ་དཀའི་དཔོན་གསས་བླ་མ་དམ་པར་མཇལ།།
འཕྲད་དཀའི་གཡུང་དྲུང་བོན་གྱི་བསྟན་པར་འཕྲད།།
འདི་ཚོར་བསམ་ན་སྤྲོ་བ་འཕེལ་བའི་རྒྱུ།།

རྒྱུ་ཚོགས་ཟབ་མོ་ཚེ་སྔོན་བསགས་པའི་མཐུས།།
ཅི་བྱེད་རང་དབང་ཡོད་པའི་འབྲས་རྟགས་འདིའི།།
བྱས་པ་དོན་ཡོད་ཆུད་ཟོས་མི་འགྲོ་བ།།
བསླུ་མེད་མཆོག་གསུམ་དམ་པས་བསྲུང་གྱུར་ཅིག།

ཅེས་པ་འདི་ནི་ལྷ་བླ་མས་རབ་བྱུང་གི་མིང་ལ་གཡུང་དྲུང་རྣམ་དག་མཐར་ཕྱིན་གནང་ཞིང་དྲ་མིང་དུ་རང་གིས་རང་ལ་རིག་ཁུག་བཏགས་པ་དེས་མདོ་གཟི་བརྗིད་ཀྱི་དཀའ་ཐུབ་ལ་བརྟགས་ནས་2016. 10.  7. 8. ཉིན་སྔ་དྲོ་ལ་དཀའ་ཐུབ་ཆེན་མོའི་མཇུག་ཏུ་མཇུག་རྫོགས་པར་བྲིས་འདི་ཀུན་ལ་དགེ་ཞིང་ཤིས་པའི་རྒྱུ་རུ་གྱུར་ཅིག །

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།