སྨན་རི་བའི་བརྟན་བཞུགས་སྨོན་ཚིག

0
2912
༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཁྲི་འཛིན་༣༣ཆེན་པོའི་ཞབས་ལ་གུ་དུན་ཧྲུན།

༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བསྟོད་ཚིག་མ་བཅོས་རང་སྒྲ།

ཡང་སྟོན་དགེ་བཤེས་བསྟན་འཛིན།

གང་གི་མོས་པའི་འགྲོ་བའི་དོན་ལ་བྱོན།།
རྒྱལ་བསྟན་འཛིན་པའི་ཐུགས་རྗེ་འོད་ཟེར་བཞིན།
དབང་ལུང་རྒྱུད་པའི་མན་ངག་བདག་ཉིད་པ།
སྐྱབས་མཆོག་རྒྱལ་བ་སྨན་རི་ཁྱེད་ལ་བསྟོད།

ཕྱི་ནང་གསང་གསུམ་བོན་གྱི་མཛོད་སྒོ་ལས།
ཞི་རྒྱས་དབང་དྲག་སྐུ་གསུང་ཐུགས་ཀྱིས་སྤྲུལ།
འཕྲིན་ལས་མཛད་པ་དུམ་མས་རབ་སྐྱོངས་པའི།
བཀའ་དྲིན་ཞལ་ཟླ་བྲལ་བའི་སྨན་རིར་འདུད།

བགྲངས་བྱ་དུ་མའི་མཛད་འཕྲིན་ཆུ་རྒྱུན་ལས།
བསྟན་པའི་ས་བོན་འབྲས་བུ་མེ་ཏོག་བཞད།
སྐལ་བཟང་བརྟན་བཞུགས་དུས་བཟང་རྟེན་འབྲེལ་ཉིན།
ཟབ་རྒྱས་མཆོད་པའི་ཞིང་གྱུར་ཨེ་མ་ཧོ།།

ཅེས་པ་འདི་ནི་བཀའ་དྲིན་མཚུངས་མེད་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཆེད་མཎལ་བརྟན་བཞུགས་རྒྱས་འབུལ་ཀྱི་དུས་བཟང་སྐབས་གསོལ་བ་ཕུར་ཚུགས་སུ་བཏབ་ནས་ཕུལ།།

གངས་ཀྱི་ཐོར་གཙུག་ནས་འཛུམ་པའི་ཉི་མ་འོད་ཆེན།
ཁྱུང་ཁྲི་ལྡེ།
ལུང་རྟོགས་རྒྱ་མཚོའི་ཀློང་ནས་ཉེར་འཁྲུངས་པའི།།
གཤེན་བསྟན་པད་མའི་ཚལ་ཆེན་བཞད་པའི་གཉེན།།
འགྲོ་བའི་གཙུག་རྒྱན་ཉི་མ་གཞོན་ནུ་མཆོག།
དད་གུས་ཡིད་ཀྱི་མཁའ་རུ་མངོན་པར་མཆོད།།

མཚན་དཔེའི་མེ་ཏོག་མདོ་ཁམས་སྨད་ནས་བཞད།།
རིག་པའི་འདབ་ལག་གངས་རིའི་མགུལ་ནས་རྒྱས།།
མཛད་ཕྲིན་དྲི་བཟང་འཛམ་གླིང་ཡོངས་ལ་ཁྱབ།།
གངས་རིའི་མཛེས་རྒྱན་རྒྱལ་བ་སྨན་རི་བ།།

དམར་པོ་མེ་རླབས་གངས་རིའི་མགུལ་དུ་བསླེབས།།
སེར་མོའི་གནས་གཞི་ཐལ་རྡུལ་ཀློང་དུ་བསྟིམས།།
གངས་ཀྱི་མེ་ཏོག་ལྷོ་རུ་བབ་དུས་ན།།
མཆོག་གི་ཞབས་ཟུང་འཕགས་པའི་ཡུལ་ལ་བསྒྱུར།།

མགྱོཌ་པའི་ཞབས་ཟུང་འབྱམ་པ་ཁྲག་མགོས་བཏེཌ།།
འཇམ་པའི་ཕྱག་ནས་སྲིད་པ་རྒྱལ་མོས་འཐེན།།
གོང་མའི་གདན་ས་ལྷ་དང་སྲུང་མས་ཕུལ།།
བརྗིད་པའི་ཁྲི་ལ་ལྷན་ནེ་ལྷམ་མེར་བཞུགས།།

ལྕི་བའི་འགན་འཁྲི་ཡོངས་འཛིན་ཆེན་མོས་བཀལ།།
ཟབ་པའི་དབང་ལུང་མཁན་སློབ་གོང་མས་གནང་།།
དམར་བའི་མན་ངག་བླ་རྒན་རྣམ་པས་ཕུལ།།
བརྒྱུད་པའི་ཉག་ཐག་གཙུག་གི་ཏོག་ཏུ་ཐིམ།།

ཐབས་ཀྱི་ཞགས་པས་སྦྱོར་ལྡན་གྲོགས་སུ་བཀུག།
འཇམ་པའི་ཕྱག་གིས་རྩུབ་མོའི་ས་རྒོད་བཏུལ།།
ནུས་པའི་འཕྲུལ་གྱིས་དགོན་པའི་མཁར་ཆེན་བརྩེགས།།
བྱམས་པའི་སྤྱན་གྱིས་དབངས་ཀྱི་སྡུག་བསྔལ་གཟིགས།།

ཞི་བའི་སེམས་ཀྱིས་ཀུན་ལ་མཐུན་འབྲེལ་བྱས།།
རྒྱས་པའི་སྟོབས་ཀྱིས་ཁོར་ཡུག་རྒྱ་བསྐྱེད་བཏང་།།
དབང་གི་ནུས་པས་བཤད་སྒྲུབ་མེ་ཆེན་སྤར།།
དྲག་པོའི་མཐུ་ཡིས་གདོན་བགེག་ཚར་ཐག་བཅད།།

བཤད་པ་བོན་གྱི་རྒྱལ་མཚན་མཁའ་ལ་ཕྱར།།
སྒྲུབ་པ་མཐུ་བྱིན་མེ་དཔུང་གྱེན་ལ་འབར།།
སྒོམ་པ་ཉམས་ཀྱི་རྦ་རླབས་མཁའ་ལ་འཕྱུར།།
བསྟན་འཛིན་ཁྱེད་ནི་ལྷུན་པོ་བཞིན་དུ་མཐོ།།

སྙན་པའི་གསུང་གིས་གདུལ་བྱའི་བློ་ཁ་བསྒྱུར།།
བརྩེ་བའི་ཐུགས་ཀྱིས་འགྲོ་བའི་སྡུག་བསྔལ་བསྐྱབས།།
མཛད་པའི་ལས་ཀྱིས་བོན་བསྟན་ཕྱོགས་བཅུར་སྤེལ།།
བསྟན་འཛིན་ཁྱེད་ཀྱི་བཀའ་དྲིན་ནམ་ཡང་དྲན།།

དགུང་གྲངས་གྱ་བརྒྱད་སོན་པའི་ལོ་འདི་ནས།།
ད་དུང་བརྒྱ་ཕྲག་བཞུགས་པའི་རེ་སྨོན་ཞིག།
དུས་དྲུག་ཀུན་ཏུ་སྙིང་ནས་ཞུས་ཡོད་པས།།
བརྩེ་བ་ཆེན་པོས་ནམ་ཡང་མི་འདོར་ཞུ།།

ཁྱེད་ཀྱི་སྐུ་སྲོག་བྲག་ལས་སྲ་བར་ཤོག།
ཁྱེད་ཀྱི་སྐུ་ཚེ་ཆུ་ལས་རིང་བར་ཤོག།
ཁྱེད་ཀྱི་སྐུ་ཕྱྭ་རི་ལས་མཐོ་བར་ཤོག།
ཁྱེད་ཀྱི་མཛད་ཕྲིན་མཁར་ལྟར་ཁྱབ་པར་ཤོག།

བདག་ནི་བླ་མེད་རྫོགས་བྱང་མ་ཐོབ་པར།།
བླ་མ་ཁྱེད་ཀྱི་འཁོར་དུ་སྐྱེས་ནས་སུ།།
ཐེག་ཆེན་གཡུང་དྲུང་བོན་གྱི་སྒོར་ཞུགས་ནས།།
གསང་སེམས་གཉིས་མེད་དོན་ལ་སྤྱོད་པར་ཤོག།

སྨན་རི་བ།
ཁྱུང་ཐོག་རྒོད།
གངས་ཀྱི་རི་སུལ་ལ་ལྷ་ཞིག་བབས་པ།།
མི་ཡི་འདྲེན་པ་རུ་བསམ་ཞིན་བྱོན་པ།།
མཁྱེན་བརྩེའི་ཕུང་པོ་ཡི་ཉི་མ་སེར་བོ།།
སྤྱི་གཙུག་པད་གདན་དུ་དུས་ཀུན་བསྙེན་ནོ།།

སུམ་བཅུ་རྩ་གསུམ་གྱི་ཁྲི་འཕང་མཐོན་པོར།།
བོན་སྐྱོངས་སྲུང་མ་ཡི་མངའ་ཆེན་གསོལ་བས།།
བརྒྱད་ཅུ་རྩ་བརྒྱད་ཀྱི་དབུ་རྨོག་བཙན་པོ།།
མི་འཇིགས་གཡུང་དྲུང་གི་ཁྲི་རུ་བརྩེགས་སོ།།

ལྷ་ཡིས་ཐད་བསྐོས་ཀྱི་སྟོན་པ་ཆེན་པོ།།
དུས་ཀྱི་སྒྲོན་མེ་རུ་ལྷམ་མེར་གསལ་བས།།
ང་ཡི་འཇིག་རྟེན་གྱི་ཁོར་ར་ཁོར་ཡུག།
འོད་ཀྱིས་བཞེངས་པ་ནི་སྨན་རི་བ་ཡིན།།

དུས་གསུམ་སྟོན་པ་ཡི་ཐུགས་དམ་ཉག་གཅིག།
བཤད་སྒྲུབ་སྒོམ་གསུམ་གྱི་གསེར་ཏོག་མཐོན་པོ།།
སྨན་གྱི་རི་བོ་ནས་གྱེན་དུ་བསླངས་པས།།
ལྷ་མི་གཤེན་གསུམ་ལ་སྐུ་དྲིན་ཆེའོ།།

གཡུང་དྲུང་འབུར་དོད་ཀྱི་ཁ་ཡིག་གསལ་བོ།།
གོ་ལའི་ལྕགས་རི་རུ་ཕྱག་གིས་བྲིས་ཏེ།།
བོན་པོ་སྔོན་པོ་ཡི་ཁ་དགེ་ཡིག་ཚང་།།
གླིང་བཞིའི་འཕྲེད་དར་དུ་འཐེན་པ་ཁྱེད་ཉིད།།

རྒྱལ་བ་སྤྱན་གཅིག་པའི་འཕྲུལ་སྒྲོན་རྣམ་ལྔ།།
སྐུ་ཚེའི་ཐུགས་དམ་ཀྱི་མཐིལ་དུ་བཞེངས་པས།།
འཆད་རྩོད་བོན་དབྱངས་ཀྱི་བསྭོ་སྒྲ་ལྷང་ལྷང་།།
སྨན་གྱི་རི་བོ་ནས་འུར་འུར་བསྒྲགས་སོ།།

ཞྭ་དཀར་རྩེ་རྒྱལ་གྱི་མདོག་ལོ་གསལ་བོ།།
ཤར་ནུབ་གླིང་ཆེན་ན་མངོན་པར་མཐོ་བ།།
ཐེག་དགུའི་རྩེ་མོ་རུ་དོན་གྱིས་འཕགས་པའི།།
བསྟན་བདག་སྨན་རི་བའི་གཟི་བརྗིད་དྲན་ནོ།།

སེང་གེ་བརྒྱད་བསྣོལ་གྱི་རྟག་བརྟན་ཁྲི་རུ།།
སྐུ་བསོད་གཟི་བརྗིད་ཀྱི་ཟིལ་པ་ཕྲོམ་མེར།།
བསྐལ་པ་བསྐལ་པ་རུ་གཡོ་བ་མེད་པར།།
མི་ནུབ་གཏན་བཞུགས་ཀྱི་གསོལ་འདེབས་ཞུའོ།།
དཔལ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེར་བཀའ་དྲིན་རྗེས་དྲན་གྱི་དོད་དུ་བོན་འབངས་ཡོད་ཅོག་གིས་མཎྜལ་བརྟན་བཞུགས་འབུལ་བའི་སྐལ་བཟང་གི་ཉིན་མོ་དང་བསྟུན་གོང་གི་སྐྱབས་འོག་པ་ཁྱུང་ཐོག་རྒོད་ཀྱིས་ཀླུ་གྲུབ་རི་འདབས་ནས་དད་པས་བཏེགས།

སེམས་ཀྱི་ཉི་ཟླ་རྣམ་གཉིས་ལ་ཕུལ་བའི་བརྟན་བཞུགས་བཀྲ་ཤིས་རེ་སྨོན།

རིག་པའི་ཁུ་བྱུག

སྲིད་པ་གསུམ་གྱི་གཙུག་ན་གཤེན་རྒྱལ་བཞིན།།
རབ་བརྗིད་མི་ཡི་སྨྲ་སེང་མཉམ་མེད་པ།།
རིགས་འཛིན་མཁའ་འགྲོ་རྣམས་ཀྱིས་བཀུར་བའི་ཞིང་།།
རྒྱལ་བ་གཉིས་པ་ཁྱེད་ལ་སྙིང་ནས་དད།།

རྒྱལ་བ་དེ་ཡི་བརྒྱུད་འཛིན་རིམ་བྱོན་ལ།།
ཤེས་རབ་སྨྲ་སེང་འོད་ཟེར་ལེགས་ཕོག་པས།།
ས་ཆེན་བླ་མ་ཕལ་དང་མི་འདྲ་བའི།།
མཁན་རབས་རིམ་བྱོན་རྣམས་ལ་ལོས་སོ་གུས།།

མི་ལོ་དྲུག་ཅུར་མི་ཡུལ་ས་མཐའ་ན།།
མི་ཡི་འདྲེན་པ་རྒྱལ་བ་མཉམ་མེད་པའི།།
གསེར་ཁྲིར་འཛིན་ཅིང་ལུ༵ང་རྟོ༵གས་བོན་གྱི་མཛོད།།
བསྟ༵ན་པ༵འི་ཉི་མ༵ར་མཛད་པ་མཆོག་ལ་གུས།།

རྒྱལ་བ་ཁྱེད་ནི་དུས་ཀྱི་གཉན་འཕྲང་སྐབས།།
རྒྱལ་བ་སྨན་རིའི་བསྟན་ལ་རབ་དགོངས་ཏེ།།
འོག་མིན་མཁའ་སྤྱོད་ཞིང་ནས་ཕེབས་པ་བཞིན།།
གཤེན་བསྟན་མེ་ཆེན་ཧིམ་ལའི་གསེབ་ནས་སྤར།།

ཡུལ་གྱར་བླ་སྤྲུལ་བོན་གྱི་སྐྱེས་ཆེན་དང་།།
ཡི་དམ་ལྷ་སྲུང་བོན་སྐྱོང་དམ་ལྡན་གྱིས།།
མགོན་པོ་གང་ཉིད་མཉམ་མེད་གསེར་ཁྲི་རུ།།
ཕེབས་ནས་བཟུང་ཏེ་བསྟན་པའི་ཀ་ཆེན་མཛད།།

གོང་གི་ཁྲི་འཛིན་བླ་མ་ཉིད་ཀྱིས་མཛད།།
འོག་གི་ས་བརྐོ་རྡོ་སློག་ཉིད་ཀྱིས་མཛད།།
བར་གྱི་གྲྭ་ཚང་དབུ་མཛད་ཉིད་ཀྱིས་མཛད།།
ཉིད་ནི་བོན་པོ་ཚང་གི་ཡབ་རྒན་མཛད།།

མཐོ་བའི་མི་ལ་འབྲེལ་བ་ཉིད་ཀྱིས་བཙུག །
དམའ་བའི་མི་ལ་བྱམས་བརྩེ་ཉིད་ཀྱིས་བསྐྱང་།།
ཉམ་ཐག་སུ་ལ་བྱམས་པའི་སྤྱན་གྱིས་གཟིགས།།
ཁྱེད་ནི་འགྲོ་བ་ཡོངས་ཀྱི་མ་རྒན་མཛད།།

ཆུང་ས་རྔ་འདར་འཆམ་གསུམ་ཡན་ཆོད་ནས།།
ཆེ་ས་དབང་ལུང་ཁྲིད་གསུམ་མན་ཆོད་ཀུན།།
ཀུན་ལ་དག་ཐེར་མཛད་ནས་གནང་བ་འདི།།
བྱིན་བརླབས་ཉག་ཐག་མཐུད་པའི་བླ་མ་ཡིན།།

ཉམ་ཐག་ཁ་འཐོར་བོན་ཕྲུག་ང་ཚོ་ལ།།
ཆུང་དུས་ཀ་ཁ་ཡན་ཆད་སློབ་གནང་ཞིང་།།
ཆེ་ཡང་རེ་ས་སྐྱབས་ཡུལ་ཁྱེད་ཉིད་དེ།།
ཁྱེད་ནི་ང་ཚོའི་སེམས་ཀྱི་ཉི་མ་ཡིན།།

ཉི་མ་མེད་ན་འཛམ་གླིང་མུན་པར་འགྲོ།།
སྐྱེ་འགྲོ་སེམས་ཅན་མུན་པའི་རྒྱ་མཚོར་འཐུམ།།
སྐྱིད་སྡུག་གང་བྱུང་ཞུ་ས་ཁྱེད་ཉིད་དེ།།
ཁྱེད་ནི་འཇིག་སྐྱོབ་མུན་སེལ་སྒྲོན་མེ་ཡིན།།

ཁྱེད་ནི་ཉམ་ཐག་བོན་འབངས་ང་ཚོའི་མགོན།།
སལ་ལེ་ལྷང་ངེར་བཞུགས་པའི་དགའ་སྤྲོ་ནི།།
གསེར་གྱི་སྟོང་གསུམ་འཇིག་རྟེན་དབང་བ་བས།།
བླ་མའི་གསང་གསུམ་བརྟན་ན་ལྷག་ཏུ་དགའ།།

སྔོན་ཐལ་རྒྱལ་བ་སྲས་བཅས་དབྱིངས་ན་བཞུགས།།
དངོས་སུ་བསྟན་འགྲོའི་དོན་ལ་བརྩོན་པ་དཀོན།།
མི་ཡུལ་སངས་རྒྱས་ཞལ་ཚབ་སྨན་རི་བ།།
མཆོག་ཉིད་ཡུན་ནས་ཡུན་ཏུ་བཞུགས་པར་ཞུ།།

འཇིག་རྟེན་ལུས་མིན་ལུས་མཆོག་རང་རིག་སྐུ།།
འཆི་མེད་གཉུག་མའི་རིག་རླུང་འོད་སྐུའི་ཚུལ།།
བོན་བསྟན་དར་རྒྱས་གོ་སྐབས་ཚེས་དུས་འདིར།།
དེ་བཞིན་སྐུ་ཚེ་རྒྱ༵ལ་མཚ༵ན་བརྟན་བཞུགས་གསོལ།།

ས་གསུམ་འགྲན་ཟླ་བྲལ་བ་མཉམ་མེད་པའི།།
མདོ་སྔགས་སེམས་སྡེ་བཅུ་རིག་བོན་གྱི་མཛོད།།
གསུང་ལ་དབང་འབྱོར་ངག་དབང་གསུང་གི་ལྷའི།།
གསུང་མཆོག་དུ༵ང་སྒྲ་རྒྱུན་མེད་རྟག་སྒྲོག་མཛོད།།

ལུགས་གཉིས་ཤེས་བྱའི་ཉམས་མྱོང་ལྷུན་ཆགས་ཤིང་།།
གང་ལ་གང་འདུལ་ཐབས་སྟོན་མིག་མང་རིས།།
རབ་བཀྲའི་ཁྱེད་ཐུགས་དཔ༵ལ་དབྱེ༵་འཁྱིལ་བ་འདིས།།
འགྲོ་ལ་བརྩེ་ཤེས་མི་དོར་གཟིགས་སུ་གསོལ།།

བརྩེ་ཆེན་སྙིང་རྗེའི་རྒྱ་མཚོ་གཡོ་བ་ལས།།
འགྲོ་བ་གང་ལ་གང་འདུལ་སྣང་ངོ་རུ།།
མཛད་འཕྲིན་ཕྱག་ལས་གསེ༵ར་ཉ༵་རྟག་འཁྱུག་ཏེ།།
ཉམ་ཉེས་བོན་གྱི་འདོད་པ་སྐོང་རོགས་ཞུ།།

དག་དང་མ་དག་ཞིང་གི་བཀོད་པ་ཀུན།།
སྟོང་ཉིད་ཕྱོགས་མེད་བུམ་པ་ཟླུམ་པོ་རུ།།
ཀུན་ཤོང་ཇི་བཞིན་ཁྱེད་དགོངས་བུ༵མ་པ༵་རུ།།
རང་ཅག་མི་འདོར་རྟག་ཏུ་གཞུག་རོགས་མཛོད།།

ས་ཆེན་འདི་ན་རྒྱལ་བསྟན་དར་བ་དང་།།
མ་དར་ས་གཉིས་མ་དར་ས་མང་བས།།
ས་ཁམས་འགྲོ་བའི་སྡུག་བསྔལ་སེལ་སླད་དུ།།
ཞབས་ཀྱི་འཁོ༵ར་ལོ༵་གང་སར་བསྒྱུར་རོགས་ཞུ།།

རྣམ་དག་འདུལ་བ་ཁྲིམས་ཀྱི་རྩ་བ་བརྟན།།
ལྟ་སྒོམ་ཡང་དག་དོན་གྱི་ཏིང་འཛིན་གསལ།།
ལེགས་ཉེས་རྩ་བ་གཅོད་པའི་ཤེས་རབ་ཅན།།
གཙང་མཛེས་པ༵ད་དཀར་འཆང་བཞིན་བཞུགས་སུ་གསོལ།།

དུག་མཚོན་ནད་མུག་རྒོད་པའི་དེང་དུས་ན།།
འགྲོ་བ་བྱེ་ཚན་ཉ་མོ་སྐྱོབ་པའི་མགོན།།
རྒྱལ་བ་སྨན་རི་བ་ཉིད་གདུ༵གས་དཀར་ཏེ།།
ཐུགས་རྗེའི་གྲིབ་བསིལ་འགྲོ་ལ་སྤྲོ་རུ་གསོལ།།

རྒྱལ་བ་སྨན་རི་བ་ཡི་སྐུ་ཚེ་བརྟན།།
ཡོངས་འཛིན་སློབ་དཔོན་མཆོག་གི་གསང་གསུམ་ཤིས།།
ས་སྟེང་འགྲོ་བར་བདེ་སྐྱིད་ཡོངས་སུ་རྒྱས།།
བྱམས་སྙིང་འགྲོ་བས་རྒྱལ་ཁམས་གང་འགྱུར་ཅིག །

མི་ལོ་དྲུག་ཅུ་བར་དུ་བསྟན་འགྲོའི་དོན།།
ངལ་མེད་མཛད་པའི་དྲིན་བཟོའི་མཆོད་པའི་སྤྲིན།།
བོན་འབངས་འགྲོ་བས་དགའ་བཞིན་སྤྲོ་བཞིན་དུ།།
འདེགས་པའི་གོ་སྐབས་བྱུང་བ་ཨེ་མ་ཧོ།།

དགའ་དད་སྤྲོ་བས་བཀའ་དྲིན་རྗེས་དྲན་དུ།།
བརྟན་བཞུགས་མཎྜལ་མཆོད་པའི་སྤྲིན་ཚོགས་བསྟར།།
ཡང་ཡང་བསྟན་འགྲོའི་དོན་དུ་བཞུགས་གསོལ་གདབ།།
དེ་བཞིན་ཡོང་བ་ལྷ་དང་སྲུང་མས་མཛོད།།

སྐྱབས་འོག་པ་རིག་ཁུག་གིས་གདན་ས་ཁྲི་བརྟན་ནོར་རྩེ་ནས་སྒོ་གསུམ་གུས་པས་གསོལ་བ་བཏབ་པའོ།།
2016. 10. 30 ཧོར་ཟླ་དགུ་པའི་གནམ་གང་ཉིན་ལ་མཇུག་གྲུབ་བོ།།

འཛམ་གླིང་བོན་གྱི་གཙུག་རྒྱན་སྨན་རི་བ།
ཏི་སེའི་བུ།
ཞི་བའི་ཀློང་ནས་མཁྱེན་བརྩེའི་རང་གཟུགས་ཤར།།
རིས་མེད་འགྲོ་ལ་འཛུམ་པའི་འོད་ཞགས་འཁྱིལ།།
ཞྭ་དཀར་ལུ༵ང་རྟོ༵གས་བསྟ༵ན་པ༵འི་གསལ་བྱེད་རྗེ།།
འཛམ་གླིང་མི་ཡི་ཉི༵་མ༵་སྨན་རི་བ།།

གཤེན་རབས་རྒྱལ་མཚན་འཛིན་པའི་དབུས་དཀྱིལ་ནས།།
ཡེ་ཤེས་ལྷ་དང་སྲུང་མའི་མཚན་རྟགས་བབས།།
སྨྲ་བའི་དབང་པོའི་ཐུགས་དམ་གཅིག་གི་ངང།།
གཡུང་དྲུང་སྲིད་པ་བོན་གྱི་དར་ཆེན་ཕྱར།།

དུས་ཀྱི་འགའ་འཕྲང་དམར་པོའི་མཆེ་བར་ནས།།
ཐབས་དང་ཤེས་རབ་གཉིས་ཀྱི་གོམ་ཁ་བསྣོར།།
གྲུབ་མཐའི་ཕྱོགས་རིས་དུག་རླངས་འཕྱུར་ན་ཡང་།།
སྨན་གྱི་རི་བོའི་གཟི་བྱིན་སླར་ཡང་ངོམ།།

ས་གཙང་ཆུ་གཙང་གངས་ལྗོངས་ལུང་པ་ཡི།།
ཕ་དང་མེས་པོའི་རིག་གཞུང་གཙང་མ་དེ།།
བུ་དང་ཚ་བོས་མཆིལ་སྣབས་འཕེན་པ་ལ།།
སྲོག་གི་སྐྱ་ཡར་བཟུང་ནས་བདག་གིར་བྱས།།

དཀའ་སྡུག་ཡོད་ཚད་བཟོད་པའི་གྲོགས་སུ་བསྒྱུར།།
གནོད་པའི་ལན་ལ་བྱམས་དང་སྙིང་རྗེས་བསབ།།
དགུང་ལོའི་ཁྲི་འཕང་ཇི་ཙམ་མཐོ་བ་བཞིན།།
མཛད་ཕྲིན་དེ་བཞིན་རྒྱས་པ་ཨེ་མ་ཧོ།།

སྔོན་བྱོན་རིག་འཛིན་ཞལ་ཚབ་ཁྱེད་ཉིད་ཡིན།།
ད་ལྟའི་དུས་ཀྱི་སྟོན་པ་ཁྱེད་ཉིད་ཡིན།།
མ་འོངས་བསྟན་པའི་ལས་དབང་ཁྱེད་ལ་ཐུག།།
ཁྱེད་ནི་དུས་གསུམ་གསལ་བའི་ཉི་མ་ཡིན།།

ཁྱེད་ནི་ཅིས་ཀྱང་བརྟན་པར་བཞུགས་དགོས་ཏེ།།
གཤེན་རབ་བསྟན་པའི་བླ་སྲོག་ཡིན་པས་སོ།།
ཁྱེད་ནི་ནམ་ཡང་བརྟན་པར་བཞུགས་དགོས་ཏེ།།
གྱེར་འབངས་ཡོངས་ཀྱི་མིག་སྙིང་ཡིན་པས་སོ།།

བོན་འབངས་ཡོངས་ཀྱིས་རྩེ་གཅིག་དད་འདུན་གྱིས།།
ཇི་ལྟར་གསོལ་བ་བཏབས་པའི་རེ་འབྲས་བཞིན།།
མཛད་ཕྲིན་སྔར་བས་རྒྱས་པའི་རེ་སྨོན་ཞུ།།
གསང་གསུམ་འགྱུར་བ་མེད་པའི་བརྟན་བཞུགས་ཞུ།།

ཞེས་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་སྐུ་ཡི་སྙུང་གཞི་དྭངས་ནས་རང་དགོན་དུ་ཞབས་སོར་འཁོད་དེ། ས་སྟེང་བོན་འབངས་ཡོངས་ཀྱིས་བརྟན་བཞུགས་རྒྱས་འབུལ་ཞུ་བའི་སྐལ་བཟང་གི་ཉི་མ་ཤར་ཚེ་ཁྲི་བརྟན་ནོར་རྩེའི་སློབ་གཉེར་བ་གུས་པ་ཁྲི་གཙུག་བསྟན་པའམ་དྲ་མིང་དུ་ཏི་སེའི་བུ་ནས་དད་འདུན་གསོལ་སྨོན་དང་བཅས་ཏེ་ཕུལ།

༄། །སྨན་རི་བ།

__ཚུལ་ཁྲིམས་དྲི་མེད།
སྨད་ཀྱི་ས་ཕྱོགས་ཤིག་ནས་སྐུ་མཚན་བཞད།།
དགོན་གྱི་ཚོགས་སྡེ་ཞིག་ནས་རིག་པ་བསླབ།།
ཕྱོགས་ཀྱི་བཤེས་གཉེན་བསྟེན་ཏེ་རྒྱུད་དབང་ནོད།།
དང་པོ་དཀྱུས་མའི་ཚུགས་ལས་མདུན་དུ་ཆས།།

དུས་ཀྱི་འཕོ་འགྱུར་ཅིག་གི་འཕྲང་ལམ་བཅད།།
དོག་མོ་ས་ཆེན་འདི་ཡི་སྒལ་གཞུང་གཤག།
ཡངས་པའི་རྒྱལ་ཁམས་འདི་ཡི་གནམ་མཐའ་ནས།།
འཛམ་གླིང་གོ་ལའི་ཁྱོན་ན་འོད་དུ་འཚེར།།

འཚོ་བ་ཐབས་ཆགས་ཤིག་གི་ལམ་ཁ་ནས།།
བསྟན་པ་རྣམ་དག་ཅིག་གི་དོན་ཆེན་སྒོམ།།
ཁས་ཞན་དབང་ཆུང་ཞིག་གི་ཚུགས་ཀ་ལས།།
རང་བསྟན་དྲི་མེད་འཛིན་པའི་ཐུགས་སྟོབས་བཟུང་།།

སྤྱི་ཚོགས་གཞན་དབང་ཞིག་གི་མུན་འོག་ནས།།
སྐུ་སྲོག་ཉེན་ཁའི་ཁྲོད་ཀྱི་གཡང་གཟར་བརྒལ།།
ཕྱི་ནང་རྒྱལ་ཁབ་དུ་མའི་སློབ་གླིང་ནས།།
ཞང་བོད་ཤེས་རིག་འདི་ཡི་ངོ་བོ་གླེང་།།

ལྷ་དང་སྲུང་མ་བསྐུལ་བའི་བདེན་བདར་འོག།
སྤྱི་མཐུན་ལས་སྨོན་ཞིག་གི་ཁྲི་ལ་འཁོད།།
ལྷོ་མཐའི་རི་བོ་ཞིག་ནས་བཙན་ས་བཟུང་།།
ཞྭ་དཀར་བསྟན་པ་འདི་ཡི་མངའ་བདག་མཛད།།

ལྷག་བསམ་དཀར་པོ་ཞིག་གི་དར་ཐག་བརྐྱང་།།
ཐབ་དང་ཐུགས་རྗེ་ཞིག་གི་གཡབ་མོ་བོས།།
ཕྱོགས་ཀྱི་དམར་སེར་བསླབ་པའི་འདུས་སྡེ་བསྐྱངས།།
བོན་གྱི་བསྟན་པ་འདི་ཡི་མེ་ཆེན་སྤར།།

དཔུང་མེད་རི་ཁུག་ཅིག་ན་རང་ཚུགས་ཀྱིས།།
ལྟོ་གོས་སྡོད་གནས་སྐྱོ་བའི་ཡིད་མུག་ཁྲོད།།
འཚོ་བའི་དཀའ་ཁག་དེ་ལ་གདོང་གཏད་ནས།།
རྩ་བ་བཤད་སྒྲུབ་སློབ་པའི་རྨང་གཞི་གཏིང་།།

ཐུགས་རྗེ་ཡུན་རིང་སྲིང་པའི་སྐུ་དྲིན་འོག།
བཤེས་གཉེན་བརྒྱ་ཕྲག་བརྒལ་བའི་འཕྲིན་ལས་ཀྱིས།།
དེང་འདི་གྱེར་བསྟན་འོ་མཚོ་དགུང་དུ་འཕྱུར།།
བོན་འབང་དགའ་སྐྱིད་ཉི་མ་ཀླད་ལ་ཤར།།

ཕྲ་མོའི་སྐད་ཅིག་ཙམ་ཡང་ལོང་མིན་པར།།
བསྟན་ལ་ཐུགས་ཁུར་ཁོ་ནས་བརྩོན་སྤྱད་ཀྱིས།།
ཁྱེད་ཀྱི་སྐུ་ལུས་ཟད་པའི་ཚུལ་མཐོང་ན།།
སུ་ཡིས་སེམས་ཀྱིས་བཟོད་དམ་སྨན་རི་བ།།

མི་བོ་ཞིག་གི་ཤེས་འཇོན་ལྷག་བསམ་དང་།།
གྱེར་འབང་སེམས་ཀྱིས་བཏབས་པའི་གསོལ་འདེབས་མཐུས།།
སྐུ་ཡི་སྙུང་ཁམས་ཕྱི་རུ་དང་མཚམས་ནས།།
དགྱེས་འཛུམ་གསེར་ཞལ་མཇལ་བའི་སྐལ་འདི་སྤྲོ།།

བདེར་གཤེག་ཡེ་ཤེས་ལྷ་དང་བསྟན་སྲུང་ཕྱོགས།།
གཡེལ་མེད་སྡོང་དང་གྲོགས་ཀྱིས་ཁྱེད་ལ་ཟུང་།།
མི་མཐུན་རྐྱེན་གེག་བར་ཆད་རྩད་ནས་ཆོམ།།
སྐུ་ཚེ་ཡུན་གནས་འཕྲིན་ལས་རྒྱས་པར་མཛོད།།

ཁྱེད་ཀྱི་གསང་གསུམ་མཛད་པའི་ཆ་རེས་ཀྱང་།།
བདག་སེམས་དད་པས་ཡོངས་སུ་བཟི་བར་འགྱུར།།
དེ་རིང་བརྟན་བཞུགས་འབུལ་བའི་མནཌ་དོད།།
དགའ་དད་སྤྲོ་དང་བཅས་ཏེ་འདི་ཉིད་བཏེག།
___ཅེས་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་སོ་གསུམ་པ་མཆོག་ཕྱི་རྒྱལ་དུ་སྨན་བཅོས་ཆེད་གདན་དྲངས་ཏེ་རེ་ཞིག་སྐུ་ཡི་སྙུང་ཁམས་དང་ནས་གདན་སར་ཕྱིར་ཕེབ་འབྱོར་བྱུང་བ་དང་བསྟུན་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་རྒྱས་འབུལ་སྐབས་ཉིད་ཀྱི་གསེར་ཞལ་དགྱེས་འཛུམ་དང་བཅས་ཏེ་དངོས་སུ་མཇལ་བའི་སྐལ་བཟང་གིས་དགའ་དད་སྤྲོ་བས་བརྟས་པའི་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་སློབ་གཉེར་བ་ཚུལ་ཁྲིམས་དྲི་མེད་ནས་ཕུལ་བའོ།།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།