བོན་ལུགས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དཔྱད་པ།

0
3508
མཁའ་ལྡིང་གིས་བྲིས་པའི་ཀླུ་མཆོད་འོ་མའི་རྒྱ་མཚོའི་དཀྱིལ་འཁོར།

༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོས་མཛད།

རྩོམ་གྱི་ནང་དོན་གནད་བསྡུས། དཀྱིལ་འཁོར་སྒོ་ལ། གྲོག་སྐེད་དང་། རྒྱ་གྲམ་སྐོ་རུ་ཁ། ཕག་སྒོ་བཅས་འབྲི་ཚུལ་འདྲ་མིན་ཡོད་པ་ལས་གཡུང་དྲུང་བོན་ལུགས་སུ་དཀྱིལ་འཁོར་སྒོ་ཡི་བཀོད་པ་ཇི་ལྟར་དགོས་ཚུལ་ལུང་རིགས་ཟུང་དུ་སྦྲེལ་ཏེ་ལམ་སྟོན་གནང་ཡོད།

བོན་ལུགས་རྡུལ་ཚོན་དཀྱིལ་འཁོར་གྱི་སྒོ་ཡི་དབྱིབས་ལ་ཅུང་ཙམ་བསམ་མནོ་བཏང་བ། མདོ་གཡུང་དྲུང་ཀློང་རྒྱས་ལ། སྒོ་གཅིག་ཕྲ་ཐིག་གསསེབ་ཏུ་བཏོད།། སྒོ་དང་སྒོ་འགབ་སྒོ་ལྡད་གསུམ།། སྒོ་ཁྱུད་གཡས་གཡོན་གཉིས་ཏེ་ལྔ་།། ཁ་བད་ཞབས་རྨེང་གཉིས་ཏེ་བདུན།། གཞི་མ་དངུལ་ལ་སྒོ་ཉིད་གསེར།། རིན་ཆེན་རེ་བཞི་ཡག་ཤིང་ངོ་།། ཁྱུད་གཡས་ལྷ་བུ་གར་མཁན་དཀར།། ཁྱུད་གཡོན་ལྷ་མོ་མཆོད་འབུལ་དམར།། སྒོ་ལྡད་བླ་རྒྱན་གནམ་རིས་སོ།། སྒོ་འགབ་ས་རྒྱན་ཆུ་རིས་སོ།། ཁ་བད་ཞབས་རྨེང་རྩེག་རྒྱན་མཚུངས།། ཞེས་གསུངས་པའི་འགྲེལ་བ་འགྲོ་མགོན་བདུད་རྩི་རྒྱལ་མཚན་གྱིས་མཛད་པའི་ཀློང་རྒྱས་ཀྱི་འགྲེལ་བ་ལེགས་བཤད་གསལ་བའི་སྒྲོན་མ། བསྟན་འགྱུར་༣༨༩། ༥༨༠ ལྡེབ། བར་ཐིག་ཤར་ཕྱོགས་སུ་དྲང་པོ་ནི་འབྱུང་བརྩེགས་ལ། ལྔ་ཐིག་བར་ནི་ཆུ་རིས་ཀྱི་སྟེང་དུ་སྒོ་གཅིག་འཕྲེད་ཐིག་གསེབ་ཏུ་བྲི་བའི་དབྱིབས་དང་ཁ་དོག་ལ་མི་མཐུན་ཏེ། ཁ་ཅིག་ན་རེ། གྲོག་སྐེད་དུ་འདོད་པ་དང་། རྒྱ་གྲམ་སྐོ་རུ་ཁ། ཕག་སྒོ་གྲུ་བཞི་རུ་འདོད་པ་སོགས་མང་ཡང་། དང་པོ་ནི་གྲོག་སྐེད་དུ་ཡོད་མི་སྲིད་ཅིང་། སྒོ་ཡི་བོན་བདུན་ཡང་བརྩི་རུ་མེད་ཅིང་། ཕྱི་མ་གཉིས་ལ་སྒོ་ཡི་བོན་བདུན་ཡང་བརྩིར་བདེ་བས། དེ་ཡི་འབྲི་ལུགས་ནི་གཞི་མ་དངུལ་ལོ།།ཞེས་པ་ལ། རྨེའུ་ན་རེ། སྒོ་ཉིད་འོས་པའི་ས་བཅད་ཆུ་རིས་ལ་ཟེར་ཏེ། ཆུ་ཡི་སྙིང་པོ་དངུལ་དུ་བཤད་པས་སོ་ཞེས་པ་ནི་མི་རིགས་ཏེ། དེ་ལྟར་ན་སྒོ་ཐམས་ཅད་ཀྱི་གཞི་མ་དངུལ་དུ་བྱེད་པ་ཐལ་བ་ལས། སྒོ་གདན་ཁ་དོག་ཀུན་གྱི་གཞུང་དང་མཐུན། ཞེས་པས་བསལ་ལོ།། དེས་ན་ཤར་ཕྱོགས་ན་སྒོ་ཡི་གཞི་མ་དངུལ་ལ་བྱེད་ཅིང་སྒོ་ཉིད་གསེར་ལ་བྱེད་པ་ལ། རིན་ཆེན་རེ་བཞི་ནི་ཚོན་སྣ་མཛེས་པ་ལ་བྱ་བ་དང་། སྒོ་ཁྱུད་གཡས་གཡོན་གྱི་ལྷ་བུ་གར་མཁན་དང་ལྷ་མོ་མཆོད་འབུལ་ནི། སྒོ་ཡི་ནང་ལོག་གཡས་གཡོན་དུ་མཆོད་པ་འབུལ་མཁན་རེ་རེའོ།། སྒོ་ལྡད་བླ་རྒྱན་ཟབ་ཆེན་རིས་ཀྱི་བླ་བྲེ་དང་ཉི་ཟླའི་འཁོར་ལོ་ལས་སོགས་བྲི་ཞེས་བླ་མས་གསུངས་སོ།། སྒོ་འགབ་ས་རྒྱན་ནི་སྔོན་པོ་བྲིས་པའི་སྟེང་དུ་ཆུ་རིས་ཞེས་ཁ་བད་དཀར་པོ་དང་། ཞབས་རྨེང་ནག་པོ་གཉིས་ཀྱི་རྒྱན་བརྩེགས་ལ་ཁྱད་མེད་དོ།། ཞེས་དང་། འགྲོ་མགོན་བློ་གྲོས་ཀྱིས་མཛད་པའི་ཕྲིན་ལས་བཅོ་བརྒྱད་ཀྱི་བསྡུས་དོན་ཉམས་ལེན་དུ་དྲིལ་བ་གཡུང་དྲུང་བཀོད་པའི་གསལ་བྱེད་ཅེས་བྱ་བ་ལས། བར་ཐིག་ཤར་ཕྱོགས་དྲང་པོ་ལྔ་ཚིགས་བར་ལ་སྒོ་གཅིག་ཕྲ་ཐིག་གསེབ་ཏུ་བཏོད། ཅེས་པ་ནི། གྲུ་བཞི་ཕག་སྒོ་སྒོ་ཡི་བོན་བདུན་དང་བཅས་པ་བྲི་སྟེ། དེ་ཡང་ཆུས་རིས་སྔོན་པོའི་སྟེང་དུ་སྒོ་ཡི་མེ་ལོང་བྲི་སྟེ་སེར་པོ་ལ་རེ་བཞི་རེ་ཁཱ་རིམ་བཞིས་མཛེས་པར་བྱ་སྟེ་ཐིག་ཆ་ཆུ་རིས་ཉིད་དོ།། དེ་ཡི་ཕྱི་རིམ་གོང་འོག་གི་ཐིག་ཆ་སུམ་ཆ་བླང་གཞི་མ་དངུལ་ལོ།། གོང་འོག་ཏུ་སུམ་གཉིས་ལ་སྒོ་ལྡད་སྒོ་འགབ་སྟེ། གཡས་གཡོན་ནི་སྒོ་ཁྱུད་གཡས་གཡོན་ལ་བྱ་སྟེ། ལྷ་བུ་གར་མཁན་དང་། ལྷ་མོ་མཆོད་འབུལ་ལོ།། ཁ་བད་ཞབས་རྨེང་བརྩེགས་པའི་རྒྱན་དང་མཚུངས་པར་བྲི། ཞེས་པ་ནི་གཉོས་ཀྱི་གསུང་ཡིན་ནོ།། བདག་ཉིད་ཆེན་པོས་སྒོ་འགབ་སྒོ་ལྡད་སྒོ་ཁྱུད་གཡས་གཡོན་ནི། གཞི་མ་ཉིད་ལས་ལོགས་སུ་མི་བརྩི་སྟེ། རི་མོར་འབྲིའོ།། ཞེས་གསུངས། འདིར་བཤད་པའི་སྒོ་ཡི་དབྱིབས་གྲོག་སྐེད་ཅེས་པ་ནི་། གཞན་ལུགས་རྡུལ་ཚོན་རས་བྲིས་རྣམས་སུ་དར་ཁྱབ་ཆེ་བ་ཞིག་ཡིན་འདུག

སྒོ་གྲོག་སྐེད།
གྲོག་སྐེད་ཀྱི་དཔེ་རིས།

གཡུང་དྲུང་བོན་གྱི་རྒྱུད་སྡེ་རྣམས་སུ་དཀྱིལ་འཁོར་གྱི་སྒོ་གྲོགས་སྐེད་ཅེས་པ་འདི་སྔགས་ཕྱི་ནང་གང་ལ་ཡང་མིང་དང་དབྱིབས་བཀོད་མ་གསལ་ཞིང་། འདི་ལ་ལུང་རིག་གིས་གནོད་པ་མང་སྟེ། ལུང་ནི་འགྲོ་མགོན་བདུད་རྩིས་མཛད་པའི་ཀློང་རྒྱས་ཀྱི་འགྲེལ་ལས། སྒོ་ཉིད་གྲོག་སྐེད་དུ་ཡོད་པ་མི་སྲིད་ཅིང་། སྒོ་ཡི་བོན་བདུན་བརྩི་རུ་མེད་ཅིང་། ཞེས་དང་། དེ་ལ་ཀློང་རྒྱས་ཀྱི་སྒོ་ལ་དེ་ལྟར་མི་རུང་ཡང་། གྲོག་སྐེད་ཀྱི་སྒོ་དབྱིབས་ཤིན་ཏུ་སྔར་ནས་བོན་ལུགས་ཡོད་པ་བསམ་སྲིད་མོད། སྔར་ནས་ཞེས་གསང་འདུས་གཤེན་གསུམ་སོགས་ཀྱི་དུས་བྱུང་བའི་རྒྱུད་སྡེ་གང་ལ་ཡང་བྱུང་མེད་དེ། ཞི་ཁྲོའི་རྒྱུད་སྡེ་རྣམས་སུ་དཀྱིལ་འཁོར་གྱི་སྒོ་དབྱེ་བསྡམ་བྱེད་རྒྱུད་ཡོད་པ་དང་། མཁས་པ་མི་བཞིའི་ཁྲོ་བོའི་ཕྱག་བཞེས་ལས། ཡེ་ཤེས་སྤྲུལ་པའི་སྒོ་བཞི་ལ། ཀླུ་དང་དྲི་ཟའི་ཐེམ་སྦྱོར་ཅན། གནོད་སྦྱིན་གཤིན་རྗེའི་འགན་སྐྱེས་ཅན། ཞེས་དང་། གསས་མཁར་ཞི་ཁྲོ་རབ་འབྱམས་རྩ་གསུམ་ཀུན་འདུས་ཆེ་མཆོག་དྲེགས་པ་སྤྱི་འདུལ་ལས། ཕྱོགས་བཞི་ཡེ་ཤེས་ཀྱི་སྒོ་བཞི་གསལ་བ། ཐོད་པ་སྐམ་རློན་ཐེམ་སྦྱོར་བྱས་པ། གཤིན་རྗེ་རོ་ལངས་སྒོ་སྐྱེས་བཙུགས་པ། བདུད་སྲིན་པགས་པས་སྒོ་ཡོལ་བྱས་པ། ཞེས་དང་། རིག་པས་ཀྱང་། བོན་ལུགས་ཀྱི་ཞི་ཁྲོའི་ཆོ་ག་ཐམས་ཅད་ནས། སྒོ་དབྱེའི་ཐ་སྙད་ཤིན་ཏུ་མང་པོར་འབྱུང་བ་ཡིན་མོད། གྲོག་སྐེད་ལ་སྒོ་དབྱེ་བསྡམ་བྱེད་པའི་སྒོ་ཡི་རེ་བཞི་དང་སྒོ་གླེག་གི་ཐ་སྙད་བྱེད་ས་མེད་པའི་ཕྱིར། ་མི་འདོར་རོ་བསམ་མཁན་མང་ངོ།། འོ་ན་ལུགས་འདི་ཇི་ལྟར་དར་བ་ཡིན་སྙམ་ན། རང་གི་གཞུང་དོན་ལ་སྦྱངས་པ་དམན་ཞིང་ཤེས་མདོག་གི་སྤོབས་པ་ཆེ་བ་དང་། གཞན་གྱི་གཞུང་ལུགས་སོགས་ལ་གོམས་འདྲིས་ཕྲན་བུ་ཡོད་པའི་མཁས་མིང་འཛིན་པ་འགས་ལུགས་སྲོལ་བཞག་པ་ལས་རང་ལུགས་ཡིན་མིན་དཔྱད་པ་བྱེད་མཁན་མེད་ནས་བྱུང་། དཔེར་ན་མཆོད་རྟེན་ཆ་བརྒྱད་ཀྱི་བཀོད་པ་བཞིན། ཁྱུང་སྤྲུལ་་གཡུང་དྲུང་རྒྱལ་མཚན་གྱིས་མཛད་པའི་དཀྱིལ་འཁོར་གྱི་འབྲི་ཐབས་རབ་འབྱམས་རིག་པའི་སྒོ་འབྱེད་ཅེས་པ་ལས། ཀློང་རྒྱས་ལྟར། སྒོ་དང་སྒོ་འགབ་སྒོ་ལྡད་གསུམ།། སྒོ་ཁྱུད་གཡས་གཡོན་གཉིས་ཏེ་ལྔ།། ཁ་བད་ཞབས་རྨེང་གཉིས་ཏེ་བདུན།། ཞེས་པ་སྒོ་ཡི་བོན་བདུན་ཏེ། སྒོ་ཁང་ཁྱུད་འགྲམ་ལོག་གསུམ་ལྡན།། འབུར་ཐབས་རྣམ་པས་ཕྱིར་འཕྱར་བ།། སྒོ་གདན་གཡས་གཡོན་དངུལ་ལས་བྱ།། ལྕགས་ཀྱི་སྒོ་འགབ་ཆུ་རིས་དང་།། རིན་ཆེན་སྒོ་ལྡད་གནམ་རིས་བཏོད།། རིན་ཆེན་སྣ་བཞིའི་རེ་བཞི་དང་།། གསེར་གྱི་སྒོ་གླེགས་གནམ་ལྕགས་ཀྱི།། ཐ་རམ་གསེར་གྱི་ལྡེ་མིག་བརྒྱན།། ཁ་བད་ཞབས་རྨེང་རྩིག་རྒྱན་མཚུངས།། ཁྲོ་བོ་ལ་སོགས་ཡེ་ཤེས་ཀྱི།། སྒོ་བཞི་ཀླུ་དང་དྲི་ཟའི་ཐེམ།། གནོད་སྦྱིན་གཤིན་རྗེའི་འགན་སྐྱེས་ལ།། ལྷ་བདུན་གཤིན་བདུད་རེ་རེ་དང་།། རིན་ཆེན་ཕྱོགས་འོད་སྒོ་གླེག་བཙུགས།། ཞེས་སོགས་དམིགས་བསལ་རང་གཞུང་ཤེས།། འོན་ཀྱང་སྒོ་ཁང་རྩིག་པ་ལ།། སྒོ་དངོས་འབྲི་བ་སྔར་མ་མཐོང་།། ཞེས་གསུངས། དེ་ལྟར་སྒོ་ཁང་རྩིག་པ་ལས་ཕྱིར་འཕར་བའི་ལུགས་ནི་བདག་གི་སློབ་དཔོན་སྨྲ་བའི་སེང་གེས་ཁྲིད་བྱེད་བཞིན་འདུག་སྟེ། གབ་པ་གསུང་ཆེན་གྱི་གཞུང་ལྡེབ། ༢༨ལས། སྒོ་བཞི་ཕྱོགས་འོད་དུ་འབུར་བ་ཞེས་དང་། སྒོ་ཁང་ཕྱིར་འཕར་བའི་སྒོ་ཡི་ནང་ངོས་གཡས་གཡོན་དུ་ལྷ་ཡི་ལྷ་ཡི་ཁྱེའུ་ཕོ་མོས་གར་བྱེད་པ་དང་མཆོད་འབུལ་བྱེད་པར་གསུངས་པ་དང་། གཞན་ཡང་ལུང་གཞན་དུ།

སྒོ་ཕག་སྒོ།
ཕག་སྒོའི་དཔེ་རིས།

སྒོ་ཡི་ཁྱུད་བར་ན་ཤེལ་གྱི་སེང་གེ་ལ་གཡུ་ཡི་དྲིལ་ཆུང་གིས་བརྒྱན་པ་སོགས་སྒོ་ཡི་ནང་གི་ཁྱུད་གཡས་གཡོན་ལས་ས་གནས་གཞན་འཇོག་ཐབས་མེད་པ་དང་། འགྲོ་མགོན་བདུད་རྩིས། སྒོ་ཁྱུད་གཡས་གཡོན་གྱི་ལྷ་བུ་གར་མཁན་དང་ལྷ་མོ་མཆོད་འབུལ་ནི་སྒོ་ཡི་ནང་ལོག་གཡས་གཡོན་དུ་མཆོད་པ་འབུལ་མཁན་རེ་རེའོ།། ཞེས་དང་། རྗེ་ཡི་ཐིག་ཚོན་གསལ་བྱེད་མེ་ལོང་ལས། ཀུན་གསལ་རྒྱས་པའི་ཐིག་ཚོན་དུ། སྒོ་བཞི་ཕྱོགས་འོད་མཛེས་མཚོན་བྱ། དང་པོ་རིན་ཆེན་རྩིག་པའི་ཆ། གཉིས་དང་གསུམ་ནི་སྒོ་ལོག་དང་། བཞི་ལྔ་འགྲམ་ཁྱུད་ཕྱོགས་ཀྱི་འོད། དྲུག་པ་བརྩེགས་པས་བསྐོར་བར་བྱ། བདུན་པ་ནམ་མཁའ་སྟོང་པ་སྔོ། ཕྱི་ཡི་ཆ་ལ་བསླང་བར་བྱ། ཞེས་པ་འདི་རྣམ་དག་དང་བྱམས་མ་སོགས་ཀྱི་སྒོ་དང་སྒོ་རྒྱན་གྱེན་དུ་བརྩེགས་པའི་ཚུལ་ཡིན་པས། འགྲམ་ཁྱུད་ཅེས་པ་སྒོ་ལོག་གི་སྟེང་དུ་སྒོ་འགྲམ་དང་སྒོ་ཁྱུད་ཡོད་དགོས་པ་འདུག་པས། དེས་ན་བྱམས་མའི་ནང་སྒོ་བཤད་པའི་སྐབས་སུ། ཐིག་ཚོན་གསལ་བྱེད་ལས། ནང་སྒོ་བཅུ་གཉིས་འབྲི་ཚུལ་ནི། གཡས་གཡོན་དང་པོ་སྒོ་ཞེང་ཚད། གཉིས་དང་གསུམ་ནི་འགྲམ་དང་ཁྱུད། བཞི་ལྔ་རྩིག་པ་ནམ་མཁའ་སྟོང་། དྲུག་པ་ཀ་བ་མཛེས་པར་བྲིས། ཞེས་པ་སྒོ་ཡི་འཕྲད་དུ་ཞེང་ཚད་ཀ་བ་གཉིས་ཀྱི་བར་དུ་དཀྱིལ་ཐིག་གི་གཡས་གཡོན་དུ་ཆ་དྲུག་དྲུག་བཅད་པའི་ཆ་ཡི་གྲངས་ཡིན་པས། སྒོ་ཁྱུད་ཅེས་པ་ཕྱིར་འཕར་ཆའི་ནང་གི་སྒོ་ཁང་དང་། དེའི་རྒྱབ་རྩིག་པ་དང་། དེ་རྒྱབ་ནམ་མཁའ་སྟོང་པ་ཞེས་སྐར་ཁུང་དང་། དེའི་རྒྱབ་རྩིག་གསེབ་ཀྱི་ཀ་བ་དང་། འབྲི་ཚུལ་གྱི་བཀོད་པ་འདི་ནི་རང་ལུགས་སོ་མ་དང་། དེ་ལྟར་གོང་གི་རྩིག་པ་བརྩི་ཚུལ་བཞི་ལྔ་འགྲམ་ཁྱུད་ཅེས་པ་དེ་དོན་གཞན་ལས་སྒོ་ཡི་འགྲམ་ཁྱུད་ཚད་ལྡན་ལུང་མཐུན་མི་འབྱུང་བས་ངེས་པར་དཔྱད་དགོས་པར་འདུག་གོ ཡང་ཁྱུང་སྤྲུལ་རིན་པོ་ཆེ་ཡི་དཀྱིལ་འཁོར་འབྲི་ཐབས་ལས།གཞན་ཡང་མེ་རི་ལ་སོགས་པར། ཐར་ལམ་བརྒྱད་ཀྱི་རྟ་བབས་མཛེས། ཞེས་དེ་ཡང་རྒྱུ་འབྲས་ཀྱི། རྟ་བབས་བརྒྱད་གཉིས་བཅུ་དྲུག་ཀྱང་། རྒྱུ་ཡི་བརྒྱད་ནི་སྒོ་ཕྱི་ནང་། བབས་ཞོན་རྐང་བཏེགས་བཞི་གཉིས་བརྒྱད། འབྲས་བུའི་བརྒྱད་ནི་སྒོ་སྟེང་དུ། རྩེག་མར་གནས་པའི་ཚུལ་ཡང་བཤད། ཅེས་པའི་རྩེག་ཚུལ་དང་དབྱིབས་བཀོད་བྱས་པའི་སྒོ་དང་སྒོ་ཡི་སྟེང་དུ་ཤིང་རྩེག་བྱེད་ཚུལ་འདི་འདྲ་ཆོས་པའི་དུས་འཁོར་གྱི་རྡུལ་ཚོན་དང་རས་བྲིས་ལ་ངེས་པར་མཚུངས་འདུག་པ་དང་། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་མཛོད་ལྡེབ་༩༨༠ལས། རྟ་བབས་བང་རིམ་བརྒྱད། འོག་ནས་པད་མ་སྒྲོམ་བུ་གཉིས། རྟ་རྐང་ཟ་ར་ཚགས་དང་བཞི། ཤར་བུ་ཆུན་འཕྱང་གཉིས་དང་དྲུག། རིན་ཆེན་ཁྱུང་མགོ་རྣམ་པའོ། ཞེས་པ་ལས། བོན་ལུགས་ལ་སྒོ་དང་ཐོག་གི་རྒྱན་དུ་ཁྱུང་གུར་ཁྱུང་མགོ་དང་། ཡང་ན་བུམ་པ་མཆོད་རྟེན་གྱི་དབྱིབས། དྲྭ་གུར་ཞེས་པ་སོགས་ལས་སྒོ་ཡི་རྒྱན་འདི་རྣམས་ཕྱི་ནང་གི་དཀྱིལ་འཁོར་གང་ལ་ཡོངས་སུ་མ་གྲགས་པ་ཞིག་ན། ཁུངས་བཙལ་དགོས་པ་གལ་ཆེའོ། འདི་ལྟར་བསམ་སྲིད་དེ། སྒོ་བོན་བདུན་གྱི་བཀོད་པ་སྤྱོད་རྒྱུད་སོགས་ལ་ཡིན་གྱི། དངོས་བསྐྱེད་སོགས་སྔགས་གོང་མར་མ་བཤད་དོ། ཟེར་ན། སྔགས་གོང་མར་ཀླུ་དང་དྲི་ཟའི་ཐེམ་སྦྱོར་གནོད་སྦྱིན་གཤེན་རྗེའི་འགན་སྐྱེས་ཅན་ཞེས་བྱུང་བའི་ཐེམ་སྦྱོར་ནི་སྒོ་ཡི་ཡ་ཐེམ་མ་ཐེམ་ཟུང་ལ་ཐེམ་སྦྱོར་ཞེས་གོ་དགོས་པས་སོ། དེ་གོ་ཡང་སྒོ་གྲོག་སྐེད་བྱས་པ་ལ་ཅི་གནོད་སྙམ་ན། གྲོག་སྐེད་ལ་སྒོ་ཐེམ་བྱས་པ་གར་འདུག་ལྟོས་དང་གསལ་ལོ། འགྲོ་མགོན་བདུད་རྩིའི་གསུང་ལས། སྒོ་ཉིད་གྲོག་སྐེད་དུ་ཡོད་པ་མི་སྲིད་ཅིང་། སྒོའི་བོན་བདུན་ཡང་བརྩི་རྒྱུ་མེད་ཅིང་། ཞེས་དང་། སྒོའི་བོན་བདུན་བརྩི་རྒྱུ་མེད་ན། སྒོ་དང་རེ་བཞི་སོགས་མེད་དགོས། དེ་མེད་ན་སྒོ་རྒྱག་རྒྱུ་མེད་དགོས། དེ་མེད་ན་སྒོ་དབྱེ་རྒྱུ་མེད་དགོས། དེ་མེད་ན་བོན་ལུགས་ཀྱི་དཀྱིལ་འཁོར་ཕྱི་ནང་ཀུན་གྱི་སྨད་ཆོག་ཏུ་སྒོ་དབྱེ་བྱུང་བ་ཡིན་མོད། དེའི་སྐབས་ཀྱི་དཀྱིལ་འཁོར་ལ་སྒོ་མེད་པས་ཅི་དབྱེ། དེའི་སྒོ་དབྱེ་ཏིང་འཛིན་གྱི་དམིགས་ཡུལ་ལས། རྡུལ་ཚོན་ལ་ཡོད་མེད་བལྟ་མི་དགོས་སྙམ་ན། རྡུལ་ཚོན་ཏིང་འཛིན་གྱི་དམིགས་རྟེན་དང་དཔེ་བཅས་ཡིན་པ་ཤེས་དགོས། གཞན་ཡང་རྡུལ་ཚོན་གྱི་རྣམ་བཤད་མང་པོར་སྒོ་ཡི་གཡས་གཡོན་དུ་རྡོ་རྗེའི་དབྱིབས་མཐོང་བར་བྱེད་པ་འདིའི་དོན་ཅི་ཡིན། རྟེན་གཞིའི་རླུང་དཀྱིལ་ཡིན་ན་རླུང་དཀྱིལ་གྱི་སྟེང་དུ་མེ་དཀྱིལ་ཆུ་དཀྱིལ་ས་དཀྱིལ་བཅས་མི་མཐོང་བ་རླུང་ཁོ་ན་མཐོང་ཚུལ་ལྟར་ན། འབྱུང་བརྩེགས་སྟེང་འོག་ཁ་ཞབས་བཟློག་པར་ཐལ་བ་དང་། དེ་ལྟར་འབྱུང་བརྩེགས་མིན་ཞིང་དཀྱིལ་འཁོར་གྱི་རྨེང་རྡོ་རྗེ་དེ་བརྟན་པོའི་བརྡ་སོགས་ཡིན་ཟེར་ན། འདི་དང་སྒོ་གྲོག་སྐེད་ཅན་སོགས་ཀྱི་ཁུངས་གཞན་ལུགས་ལས་འོས་ཅི། རང་ལུགས་ཀྱི་ལུང་ཚིག་ཁུངས་ལྡན་འཇོག་རྒྱུ་མེད་པའི་ཕྱིར། འདི་ལྟར་སྨྲ་སྲིད་དེ། སྔར་ཡུན་རིང་པོའི་དུས་ནས་འདི་ལྟར་བྱེད་པའི་ལུགས་ཡོད་པས་འདི་ལྟར་འཐད་དོ། སྔར་གྱི་ལུགས་འདི་འཛིན་པ་རྣམས་ཀྱིས་ཡིག་ཆ་འདི་དག་མཐོང་མྱོང་ངོ་།། ཟེར་མོད། ཡི་གེ་མཐོང་མྱོང་ཡང་དོན་གོ་འདུག་མིན་མིང་དང་གོ་ས་ལ་མ་བལྟ་ཡི་གེའི་ཚིག་དོན་ལ་བལྟ་ཤེས་ན་དེས་གསལ་བར་རྟོགས་ནུས། ད་དུང་ཡི་གེའི་ཚིག་དོན་ལ་མི་དཔྱད་པར་ཀློག་མྱོང་བ་ཙམ་གྱིས་འགྲིག་ན། ནེ་ཚོས་ཡི་གེ་བཀླགས་པའི་གཏམ་རྒྱུད་བཞིན་ནོ།།

༢༠༠༩ལོའི་ཁྲི་བརྟན་ནོར་རྩེའི་དུས་དེབ་བགྲེས་པོའི་འབེལ་གཏམ་དགུ་པ་ལས་ཏི་སེའི་བུས་དྲངས།

 

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།