ཕྱི་གླིང་བོན་ཚོགས་ཀྱི་ཚོགས་འདུ་ཐེངས་བཞི་པ།

0
3479
གནས་ཚུལ་མཁོ་གཏོང་བ་དགེ་ཕྱྭ་སྲས།
ཧྥ་རན་སིའི་བོན་ཚོགས་གཤེན་བསྟན་དར་རྒྱས་གླིང་།
ཚོགས་འདུ་འཚོག་ཡུལ་ཧྥ་རན་སིའི་བོན་ཚོགས་གཤེན་བསྟན་དར་རྒྱས་གླིང་།

ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༢ ནས་ ༢༥ བར་ཡོ་རོབ་ཧྥ་རན་སིའི་ France རུ་གནས་པའི་དཔལ་གཤེན་བསྟན་དར་རྒྱས་གླིང་དུ་ཕྱི་གླིང་བོན་ཚོགས་ཐེངས་བཞི་པ་དེ་འཚོགས་ཡོད། ཚོགས་ཞུགས་སུ་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་གཙོས་ཕྱི་གླིང་ཁུལ་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བའི་བླ་མ་དང་མཁན་པོ་དགེ་བཤེས་སོགས་གང་འཚམ་ཞིག་འཛོམས་ཡོད་པ་རེད། ། བོག་ཚོགས་ཐེངས་བཞི་པའི་སྐབས།༡འདི་ཟླའི་ཚེས་༢༢ཉིན་གྱི་ཞོགས་པ་ཆུ་ཚོད་༩ཐོག་ཚོགས་བཅར་བ་ལྷན་རྒྱས་གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་དུ་མཇལ་བཅར་ཞུས་ཤིང་རིན་པོ་ཆེ་མཆོག་གིས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ཕྱི་གླིང་ཁུལ་དུའང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་ཐད་ནས་ལམ་སྟོན་གྱི་བཀའ་སློབ་བཀའ་དྲིན་བསྩལ། དམིགས་བསལ་དུ་རེ་གཟའ་མིག་དམར་ཉིན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུའི་བླ་གཟའ་བསྟུན་བསང་གསོལ་དང་འཕྲིན་བཅོལ་རྒྱས་འབུལ་ཞུས། དབུ་འབྱེད་ཀྱི་དངོས་གཞིའི་མཛད་སྒོའི་སྐབས་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ནས་སྣང་གསལ་སྒྲོན་མེ་ཞལ་འབྱེད་དང་འབྲེལ་སྟོན་པའི་རྒྱལ་པོ་སོགས་་སངས་རྒྱས་གཤེན་རབ་མི་བོའི་མཚན་བསྟོད་དང་། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་ནོར་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱི་ཞབས་བརྟན་གསོལ་འདེབས་གྱེར་འདོན་ཞུས། གཤེན་བསྟན། ཚོགས་འདུ་སྐབས།དེ་རྗེས་ཚོགས་གཙོ་བླ་མ་ཁྱིམ་གསར་མཆོག་ནས་ཚོགས་འདུ་ཐེངས་བཞི་པའི་ངོ་སྤྲོད་དང་། ཚོགས་ཕེབས་རྣམས་ལ་འཚམ་འདྲི་ཞུས། དེ་རྗེས་གྲོས་གཞི་དོན་ཚན་རིམ་པའི་ཐོག་བགྲོ་གླེང་མུ་མཐུད་ནས་སྤྱི་ཚེས་༢༣་བར་བགྲོ་གླེང་ལྷུག་པོར་གནང་ཞིང་མ་འོངས་ཚོགས་པའི་ལས་འཆར་གྲོས་ཆོད་གཏན་འབེབས་གནང་། སྤྱི་ཚེས་༢༤རེ་གཟའ་ཕུར་བུའི་ཉིན་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུའི་བླ་གཟའ་དང་འབྲེལ་སྔ་དྲོར་རིན་པོ་ཆེའི་སྐུ་མདུན་ནས་རྒྱལ་བའི་བཀའ་འགྱུར་དང་སྐྱབས་རྗེ་མཆོག་གི་གསུང་འབུམ་གྱི་དཔེ་ལུང་ཞུས་ཤིང་ཉམས་ལེན་ངོ་སྤྲོད་ཀྱི་གདམས་ངག་ཟབ་མོ་གསུངས་གནང་སོང་། གཤེན་གྱི་མཆོད་རྟེན བོན་ཚོགས་ཐེངས་༤དེ་རྗེས་དཔལ་གཤེན་བསྟན་དར་རྒྱས་གླིང་དུ་གསར་བཞེངས་གནང་བའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་གསར་པ་ལ་མངའ་དབུལ་རབ་གནས་ཟབ་རྒྱས་གནང་ཞིང་གཤེན་བསྟན་དར་རྒྱས་གླིང་འདུས་སྤྱི་དང་ཡོ་རོབ་བོན་ཚོགས་ནས་བསྙེན་བཀུར་ཟབ་རྒྱས་ཞུས། ཉིན་རྒྱབ་ཚོགས་ཁང་དུ་མཐའ་མའི་གྲོས་ཆོད་བྱུང་བ་ཁག་ལ་ཚོགས་ཕེབས་རྣམ་པས་མཚན་རྟགས་བཀོད་པ་དང་འབྲེལ་ཕྱི་གླིང་བོན་ཚོགས་ཀྱི་རྒྱུན་ལས་ནས་ད་ལན་གྱི་ཚོགས་འདུར་དབུ་བཞུགས་གནང་བའི་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་༸སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས་པའི་ཚོགས་ཕེབས་རྣམས་ལ་ཐུགས་རྗེ་ཆེ་ཞུ་དང་། དེ་བཞིན་ད་ལན་གྱི་ཚོགས་གནས་དཔལ་གཤེན་བསྟན་དར་གླིང་ནས་ཕྱི་ནང་བཞུགས་གནས་བཞེས་ལག་སོགས་གང་ས་ནས་གོ་སྒྲིབ་ཟབ་རྒྱས་ཞུས་པར་ཐུགས་རྗེ་ཆེ་ཞུས་ཏེ་སྐབས་བཞི་པའི་ཚོགས་འདུ་དེ་བཞིན་ཁ་དགེ་བཀྲ་ཤིས་ངང་ནས་མཇུག་ལེགས་པར་བསྡུས་སོ།།

ཕྱི་གླིང་བོན་ཚོགས་རྒྱུན་ལས་ནས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།