རྣལ་འབྱོར་པས་ཁྱིམ་བདག་ལ་གསུངས་པའི་གདམ་ངག

0
2597
བཤུ་འབྲི་དང་དཔྱད་བརྗོད་པ་ཁྱུང་གཤོག

གཤེན་གྱི་མཛད་མདོ་རྒྱས་པ་དྲི་མེད་པོད་གཉིས་པའི་ལེའུ་ལྔ་པ་འཕྲུལ་གཤེན་ཐེག་པའི་མདོ་ལས།

ཉོན་ཅིག་ཁྱིམ་བདག་དམ་པ་གསོན་དང་།།

ཁྱེད་ཀྱི་བླ་མཆོད་ང་མི་འོང་།།

རང་དོན་མ་གྲུབ་གཞན་དོན་དེ།།

གཡག་སྦྲེལ་འཕྱམ་ལ་ཡལ་བ་འདྲ།།

གང་ཡང་མི་ཐར་གཉིས་ཀ་ལྟུང་།།

ཚད་དུ་མ་ཕྱིན་འགྲོ་དོན་དེ།།

ལོ་ཐོག་བ་མོས་འཇོམས་པ་འདྲ།།

ལྟོ་གོས་ནོར་ཕྱིན་འབྲེང་པ་དེ།།

འོད་དགའ་མེ་ལ་སྙོག་པ་འདྲ།།

འདོད་པ་རན་ཚོད་མ་ཟིན་པར།།

དབྱལ་མོ་ཁྱོ་ཕྱིར་སྙོག་པ་འདྲ།།

གཅིག་པུར་དབེན་པ་མི་བསྟེན་པ།།

ཟིལ་བསྒྱུར་འདྲེ་ཡིས་དེད་པ་འདྲ།།

བཙུན་པས་(གྲོང)གྲོ་ཡུལ་མི་སྤོང་པར་།།

ཞེ་བུ་འཕྱོར་ལ་དགའ་བ་ཡིན།།

ལུས་ངག་དགེ་ལ་མི་བཀོལ་བ།།

བྱོལ་སོང་(མི)མུ་ཁྱུས་འཚོ་བ་འདྲ།།

ཡོན་ཏན་ཚད་དང་མི་ལྡན་ཞིང་།།

སྦྱོར་དངོས་རྗེས་གསུམ་མ་དག་པའི།།

གཞན་གྱི་ཚོགས་སྦྱོར་ལེན་པ་དེ།།

རང་ལ་ཁྲོ་ཆུ་ཁོལ་མ་འདྲ།།

གཞན་ལ་མུན་ནག་རྫས་བླུགས་འདྲ།།

རང་གཞན་གཉིས་ཀ་ཕུང་བའི་རྒྱུ།།

ང་རང་གཅིག་པུར་འདུག་པ་དེ།།

གཡེང་བའི་ཚོགས་སྤངས་ལུས་སེམས་དལ།།

ལུས་སེམས་དལ་ན་དགེ་སྦྱོར་འཕེལ།

དགེ་བ་བདེ་བ་ཅན་གྱིས་འགྲུབ།།

ལུས་སེམས་བྲེལ་ན་ཉོན་མོངས་སྐྱེ།།

སྡིག་པ་ཉོན་མོངས་ཅན་གྱིས་བསོག།

གྲོང་ཡུལ་༼འགྲོ༽འཇོ་བཟང་རང་བསླུ་ཡིན།།

དེ་ཕྱིར་ཁྱེད་ཡུལ་ང་མི་འགྲོ།།

འཚོ་བ་མེད་ཀྱང་བསམ་གཏན་ཟ།།

དཀའ་ཐུབ་སྡུག་སྲན་ཅན་གྱིས་ནུས།།

དགེ་བ་ཕྱི་མ་ཅན་གྱིས་དྲན།།

༼གཡེང༽གཡེལ་བར་ལེ་ལོ་ཅན་རྣམས་ལྟུང་།།

ཁ་ཟས་དྲགས་ན་ལང་ཚོ་རྒྱས།།

ལང་ཚོ་རྒྱས་ན་ཆགས་པ་སྐྱེ།།

ཆགས་པ་སྐྱེས་ན་གྲོང་ཡུལ་དྲན།།

གྲོང་ཡུལ་འཁྱམས་ན་བདུད་དང་འཕྲད།།

བདུད་དང་འཕྲད་ན་འཁོར་བ་འཁྱམས།།

འཁོར་བ་འཁྱམས་ན་བདེ་བ་མེད།།

དེ་ཕྱིར་གྲོང་ཡུལ་སྤང་བར་བྱ།།

ལྟོ་རྒྱབ་རན་ཚོད་བསྟེན་པར་བྱ།།

སྣང་ཡུལ་གང་ལ་མི་བསྟེན་པར།།

གཅིག་པུར་རི་ལ་འཁྲས་བཅས་ན།།

རྩེ་གཅིག་བོན་ལ་སྤྱོད་པས་ན།།

ཚེ་གཅིག་སངས་རྒྱས་འགྲུབ་པར་འགྱུར།།

ཁྱིམ་བདག་རང་ཡང་དེ་ལྟར་སོམས།།

ཞེས་གསུངས་སོ།།

དཔྱད་བརྗོད།

ཞེས་པ་འདི་ནི་ཡོན་བདག་ཅིག་གིས་རི་ཁྲོད་འགྲིམ་པའི་རྣལ་འབྱོར་པ་ཞིག་གྲོང་ཆོག་ཆེད་དུ་གདན་དྲངས་པ་ལ་བསླབ་བྱའི་ཚུལ་དུ་གསུངས་པའི་ཚིག་བཅད་ཅིག་ཡིན། རང་ཉིད་ལ་ཉམས་ལེན་དང་ནུས་པ་ཅི་ཡང་མེད་ན་འགྲོ་དོན་ཡིན་མདོག་གིས་གྲོང་ཆོག་ལ་སོང་ན་གཞན་ལ་ཕན་ཐོག་རྒྱུ་ཕར་ཞོག མཐའ་མ་རང་ཉིད་ཀྱང་ལྟུང་བའི་རྒྱུ་རུ་འགྲོ་བ་དང་། ཡང་དག་པའི་དགེ་སྦྱོར་བ་ཞིག་བྱ་དགོས་ན་གཅིག་པུར་དབེན་ཁྲོད་འགྲིམས་ནས་ལུས་སེམས་སོས་དལ་གྱིས་བསམ་གཏན་དང་ཏིང་འཛིན་ལ་གནས་དགོས་ཚུལ་སོགས་དགེ་བྱེད་པ་ཞིག་གི་མི་ཚེ་ཇི་ལྟར་བསྐྱལ་ཚུལ་གྱི་ཡིན་ལུགས་ངོ་མ་ཉིད་དཔེ་ཡི་ལམ་ནས་ཚིག་ལ་བརྒྱུད་ཡོད་པའི་བསླབ་བྱ་གསེར་ཞུན་མ་ལྟ་བུ་ཞིག་འདུག

བསླབ་བྱ་འདི་ལས་ང་ཚོས་གོ་ཡོང་བ་ནི་སེམས་ལ་ཉམས་ལེན་ཅུང་ཟད་མེད་ཀྱང་ཡིན་ཤག་ཤག་གིས་འགྲོ་དོན་ཁ་ལ་ཐོགས་ཏེ་གྲོང་ཆོག་འགྲིམ་ཞིང་ཁ་གདངས་མིག་བགྲད་ཀྱི་རྣམ་པ་ཙམ་ལ་བརྟེན་ནས་དཀོར་ཟས་ཅི་ལོན་བྱས་ན་རང་ཉིད་ལ་ཐོབ་པའི་འབྲས་བུ་ངོ་མ་དེ་ལྕི་ཡང་ཅི་ཞིག་ཡིན་པ་གསལ་བཤད་མཛད་འདུག་པས་རང་གཞན་སུས་ཀྱང་བསམ་གཞིག་དང་ཕྱིར་འདངས་ཀྱི་ཁྲོད་ནས་ཀློག་དགོས་པའི་གདམ་ངག་ཅིག་ཏུ་མཐོང་།

འདི་ནི་བརྗོད་བྱའི་ཆ་ནས་གོང་ཞུས་བཞིན་གཙོ་བོ་གྲོང་ཆོག་པ་ལ་གདམ་པའི་བསླབ་བྱ་ཞིག་ཡིན་ལ། ཚིག་འགྲོས་ཀྱི་ཐད་ནས་བཤད་ན་བླ་མའི་ཞལ་གདམ་དང་མགུར་མའི་ཁྱད་བོན་ལྡན་པ་ཞིག་ཡིན། འོན་ཀྱང་ཞིབ་ཕྲའི་ཚིག་མང་པོ་ཞིག་དེང་སང་བརྡ་སྤྲོད་ཀྱི་འགྲོས་ལས་ཡོལ་ཏེ་གོ་བ་ཁག་ཙམ་འདུག་པས་འགའ་ཞིག་རང་གི་བསམ་ཚུལ་དང་བསྟུན་ཏེ་གུག་རྟགས་སུ་བཙུད་པ་ལས་གཞན་མ་དཔེ་བཞིན་རང་སོར་བཞག་ཡོད། དེ་ལྟར་གསལ་བཤད་ཕྲན་བུ་དང་བཅས་ཁྱུང་གཤོག་གིས་བཤུས་ཏེ་བཀོད།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།