སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེའི་འདས་མཆོད་ཆེན་མོ་སྲུང་བརྩི་ཞུ་བཞིན་པ།

0
4828

SONY DSC

  ༢༠༡༦། ༡༡། ༢༩། བོད་ཟླ་༩། ༣༠། ཉིན་འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་སྟོན་པའི་འདས་མཆོད་འཚོགས་པའི་དུས་ཚིགས་ཡིན་ཞིང་། དེ་ཡང་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་འཇིག་རྟེན་གྱི་ཁམས་སུ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འགྲོ་དོན་མཛད་དེ། མཐར་ཕྱིན་དགའ་བ་བདེ་ལྡན་གྱི་མཛད་པ་རྫོགས་ནས་གཤེན་ལོ་གྱ་གཉིས་ཐོག་སྐུ་མི་རྟག་མྱ་ངན་ལས་འདས་ནས་ད་བར་མི་ལོ་ ༩༨༣༣ འཁོར་བའི་དུས་དང་བསྟུན། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང། བཤད་སྒྲུབ་སློབ་དཔོན་གཙོས་དགེ་བའི་བཤེས་གཉེན་རྣམ་པ་དབུ་བཞུགས་ཐོག 

SONY DSC

དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མང་འདུས་སེམས་དཔའ་རྒྱ་མཚོས་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ། རྔ་གཤང་རོལ་མོའི་མཆོད་པ་དང་། གྱེར་དབྱངས་ངག་གི་མཆོད་པ། དད་གུས་ཤེས་རིག་ཏིང་འཛིན་གྱི་མཆོད་པ་སོགས་མཆོད་པ་དང་སྦྱིན་པས་མགྲོན་བཞི་བསྐངས་ཤིང་ལོ་བསྟར་བཞིན་འདས་མཆོད་ཁྱད་པར་ཅན་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། སྟོན་པའི་རྗེས་སུ་འཇུག་པ་དག་གིས་ཀྱང་དམིགས་བསལ་དེ་རིང་གི་དུས་འདིར་སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ལ་ལྟ་ཀློག་བྱེད་ནས་བཀའ་དྲིན་མཛད་པ་རྗེས་དྲན་ཞུ་དགོས་པ་མ་ཟད། ལྷག་པར་དུ་གཤེན་རབ་འདའ་ཁའི་ཞལ་ཆེམས་རྣམས་དྲན་གསོ་བྱེད་དགོས་པའི་སྐབས་མཚམས་ཤིག་ཡིན་པ་སྨོས་མ་དགོས་སོ། །

SONY DSC

དེ་ཡང་སྟོན་པ་སྐུ་བསྙུང་བའི་ཚུལ་བསྟན་ཏེ་འཁོར་རྣམས་སེམས་ཚབ་ཆེན་པོའི་ངང་ནས་ཅི་ཕན་གང་བསོད་ཀྱི་བཅོས་རིམ་བྱེད་བཞིན་པའི་སྐབས་སུ་གསུངས་པ་འདི་ལྟར།

བདག་ནི་སྤྲོས་པ་མེད་པ་མུ་ལ་མཉམ།།

ཕན་གནོད་གཉིས་ཀྱི་མཐའ་ལས་འདས།།

འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ།།

མཐའ་ཡས་སེམས་ཅན་ཉོན་མོངས་ལ།།

དད་པའི་སྟོབས་ཀྱིས་ཕན་པར་གྱིས།།

བདག་ལ་ཕན་པ་དེ་ཉིད་དོ།།

བདག་ནི་ཕྱོགས་དང་རིས་མེད་མཉམ།།

གསད་གསོ་གཉིས་ཀྱི་ཡུལ་ལས་འདས།།

འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ།།

མཐའ་ཡས་སེམས་ཅན་ཉོན་མོངས་ལ།།

གསོ་བའི་ཡེ་ཤེས་རྩི་རྣམས་ཐོངས།།

བདག་ལ་གསོ་དཔྱད་དེ་ཉིད་དོ།།

བདག་ནི་སྒྲིབ་ཕྱོགས་མུན་དང་བྲལ།།

གསལ་སྒྲིབ་གཉིས་ཀྱི་མཐའ་ལས་འདས།།

འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ།།

མཐའ་ཡས་སེམས་ཅན་ཉོན་མོངས་ལ།།

ཤེས་རབ་རྩལ་གྱིས་མུན་སྒྲིབ་སོལ།།

གསལ་བའི་ཐབས་ཀྱིས་ཕན་པར་གྱིས།།

བདག་ལ་གསལ་གདབ་དེ་ཉིད་དོ།།

བདག་ནི་མི་ཆགས་རྟུལ་ཤུགས་ལྡན།།

ཕྲེང་ཐོགས་འཁོར་བའི་རྗེས་ན་མེད།།

འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ།།

མཐའ་ཡས་སེམས་ཅན་ཉོན་མོངས་ལ།།

སྙིང་རྗེ་འཕྲེང་བའི་སེམས་ཀྱིས་སྐྱོངས།།

བདག་ལ་བརྩེ་གདུང་དེ་ཉིད་དོ།།

ཞེས་པའི་གདམས་ངག་ཟབ་མོ་འདི་ཉིད་མདོ་གཟེར་མིག་གི་ལེའུ་བཅུ་བདུན་པ་གཤེན་རབ་མྱ་ངན་འདས་པའི་སྐོར་ལས་བཤུས་སོ།།

ཏི་སེའི་བུ་ནས་༢༠༡༦། ༡༡། ༣༠། ཉིན་སྤེལ།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།