བླ་ཆེན་དྲན་པའི་རྣམ་སྤྲུལ་དམུ་གཤེན་འཛམ་གླིང་དབང་འདུས་ཀྱི་རྣམ་ཐར།

0
3374

བླ་ཆེན་དྲན་པའི་རྣམ་སྤྲུལ་དམུ་གཤེན་འཛམ་གླིང་དབང་འདུས་ཀྱི་རྣམ་ཐར་ཐོས་བསགས་བསྡུས་པ་བཞུགས།

རྩོམ་པ་པོ། ༧ ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ།

རྣམ་འདྲེན་དམུ་སྲས་རྒྱལ་བ་མཆོག་རྣམས་ཀྱིས། །

སྙིགས་དུས་འགྲོ་ལ་བརྩེ་བ་མ་དོར་བས།།

ཡང་སྲིད་རྒྱུ་སྐར་ཕྲེང་བ་བསྟར་བའི་ཚོགས།།

གང་གིས་རྣམ་ཀུན་བསྟན་འགྲོར་ཕན་བདེ་བརྩོན། །

ཐུན་མོང་སྣང་བའི་རྣམ་པ་ཇི་སྙེད་པ། །

རང་རང་མོས་བློའི་ཨ་ཡི་ངོས།།

གཟུགས་བརྙན་ཤར་བའི་དབྱིབས་ཀྱང་བསམ་མཐའ་ཡས། །

སོ་སོ་སྐྱེ་བོས་མཆོག་དམན་དཔྱོད་པ་བླུན།།

གང་ལྟར་ཕལ་པའི་རྟོག་བརྗོད་བྲག་ཆའི་གླུར།།

ཁོ་བོའི་སྒྲ་འཛིན་དེ་ལ་གཏད་མ་ཁོམ།།

ཀུན་མཁྱེན་དྲན་པའི་གདམས་ངག་ཡིད་བཞིན་ནོར།།

བདག་ཡིད་དེ་ལ་བཀུར་བསྟི་བྱ་བས་བྲེལ། །

རི་རྒྱལ་རྩེ།༡

    དེ་ལ་འདིར་དམུ་སྲས་འཛམ་གླིང་དབང་འདུས་ཀྱི་རྣམ་ཐར་ཐུན་མོང་མ་ཡིན་པ་རྣམས་རང་འདྲས་སྨྲ་བ་དཀའ་མོད་ཀྱང༌། ཕལ་བློས་མཇལ་ཚུལ་ལྟར་ཉུང་འདུས་ཤིག་བླ་མ་དྲན་པའི་རྟེན་དུ་འབྲི་བ་ལ། སྐུ་འཁྲུངས་ཚུལ་དང་། གདན་ས་སྐྱོང་ཚུལ་དང་༌།ཞི་བར་གཤེགས་པའི་ཚུལ་བཅས་གསུམ།  དང་པོ་ཡུལ་ནི་རྒྱ་ཆོས་བོད་དུ་སྤེལ་སྐབས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་པའི་སྐབས་བཀྲ་དུན་ཞེས་པའི་གཙུག་ལག་ཁང་གི་རི་ཞོལ་དུ། གྲོང་སྡེའི་དབུས་སུ་གཞུང་རྐྱང་ཟེར་བའི་ཁྱིམ་དེའོ། །ཡབ་གཤེན་སྲས་ཉི་ཟླ་ཚེ་དབང་ཞུ་བ་དེ་དང་། ཡུམ་ནི་ཡུལ་གྲ་ཚང་ཟེར་བའི་ས་ནས་ཡིན་པའི་བུ་མོ་ཞིག་གོ། ཡབ་ཡུལ་དེར་གཤེན་གྱི་ཕོ་བྲང་དར་སྡིངས་ནས་བྱོན་པའི་ལོ་རྒྱུས་གསལ་བར་མ་རྟོགས། ཁོང་ཡུལ་དེར་བཞུགས་པའི་མིང་ལ་བུ་བཀྲ་བླ་ཆུང་ཟེར་བ་ལས། གཤེན་སྲས་ཉི་ཟླ་ཚེ་དབང་ཞུ་བ་ནི་ནང་མིས་ཀྱང་མི་ཤེས་པ་ལྟ་བུ་བྱུང་འདུག་བདག་གི་བླ་མས་གསུངས་གསལ་ལ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་མ་འོངས་ཁ་བྱང་ཆེན་མོ་གསལ་བའི་མེ་ལོང་ལས། བར་སྐབས་དམུ་རིགས་གཤེན་གྱི་བསྟན་པ་ལ། །བར་ཆད་བདུད་རིགས་རོལ་པའི་ལྟག་མིག་བུ། །དཀར་པོའི་མཚན་ཅན་བསྟན་པའི་དགྲ་རུ་སྤྲུལ། ཁོ་སྐྱེས་གདུང་བརྒྱུད་རྣམས་ཀྱང་ཆ་འཕྲ་འབྱུང༌། །གསས་ཁང་རྟེན་གསུམ་བཀོར་མཛོད་ཕལ་ཆེར་སྟོངས། །ཞེས་པའི་ལུང་བསྟན་པ་དེ་ཡིན་སྐད་གསུངས། བུ་བཀྲ་བླ་ཆུང་ལ་བུ་མོ་གསུམ་དང་། བུ་འཛམ་གླིང་དབང་འདུས་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ལོར་འཁྲུངས། བློ་ལྡན་ཁ་བྱང་གསལ་བའི་མེ་ལོང་ལས། ང་ཡི་སྤྲུལ་པ་ཁོ་ཡི་སྲས་སུ་འཁྲུངས། །ཤ་མདོག་སྨུག་ལ་སྤྱན་མིག་བཀྲ་ལ་གསལ། །ཤེས་རབ་གསལ་ཞིང་འདུལ་སྟོབས་རྩལ་ཤུགས་གྲགས། །གང་མཇལ་ང་དང་མཇལ་བ་ཉིད་དང་འདྲ། །བརྒྱུད་པ་ཆད་པ་འདྲ་ཡང་འཆད་མི་སྲིད། །ཅེས་དྲན་པས་གསུངས་པ་དེ་ཡིན་གསུངས། བུ་བཀྲ་བླ་ཆུང་དགུང་ལོ་བགྲེས་དུས་རྒན་རྒོན་གཉིས་བཀྲ་དུན་གྱི་རི་རྒྱབ་ཏུ་མཚམས་ཁང་ཞིག་ཏུ་དགེ་སྦྱོར་ལ་བརྩོན་སྐད། བུ་མོ་རྣམས་གཞན་གྱི་སར་བག་མར་བཏང༌། སྲས་འཛམ་གླིང་དར་སྡིངས་སུ་གཤེན་གྱི་ཕོ་བྲང་དུ་གདན་དྲངས། བུ་བཀྲ་བླ་ཆུང་གི་ཁྱིམ་གཞིས་དེ་ལྕམ་དེ་ཡི་ཁྱིམ་མི་ཞིག་ལ་སྦྱར་སྐད། བུ་བཀྲ་བླ་ཆུང་གྲོང་རྗེས་སུ་འཇོ་ཐུབ་བསྟན་ཟེར་བའི་མི་ཞིག་གི་བུ་ཡིས་ཁོང་གི་སྐུ་ཆས་དང་བཞུགས་གནས་སོགས་ངོས་འཛིན་གསལ་པོར་བྱས་ཏེ་བུ་དེ་བུ་བཀྲ་བླ་ཆུང་གི་སྐུ་སྐྱེ་ཡིན་ཞེས་ཡུལ་དེར་སྨྲ་སྲོལ་འདུག་དེ་ཡི་ཕ་བུ་རྣམས་བོད་ཕྱི་རུ་དེང་སྐབས་ཡོད་སྐད། བུ་མོ་གསུམ་གྱི་བར་མ་དབང་མོ་ཟེར་བའི་བུ་མོ་བདེ་ཆེན་དང༌། སྤྱིར་དབང་མོ་ལ་ཕྲུ་གུ་མིང་སྲིང་བཞི་ཡོད་པའི་མིང་པོ་ཚེ་དབང་ཟེར་བ་ཆུང་ངུའི་དུས་ནས་ཨ་ཞང་འཛམ་གླིང་རིན་པོ་ཆེའི་ཞབས་ཕྱི་ཁྲིད་པ་རེད། བདེ་ཆེན་ད་ལྟ་ཡང་བལ་ཡུལ་དུ་ཡོད་ཅིང༌། མོ་ཆུང་དུས་དར་སྡིངས་དང་གཞིས་རྩེ་སོགས་སུ་བཞུགས་པའི་འཛམ་གླིང་རིན་པོ་ཆེའི་སྐུ་ཟླ་དང་སྲས་མོ་རྣམས་དང༌། འཛམ་གླིང་རིན་པོ་ཆེའི་སྲས་ཐུགས་རྗེ་ཉི་མ་ཕོ་བྲང་དུ་གདན་ཞུས་དང༌། ཁྲི་གསོལ་སོགས་ཀྱི་སྐབས་མོ་རང་ཡོད་ཚུལ་སོགས་ཀྱི་ལོ་རྒྱུས་ཕྲ་བ་དྲན་པ་འདུག །

རི་རྒྱལ་རྩེ།༢

     གཉིས་པ་གདན་ས་བསྐྱངས་ཚུལ་ནི། གཤེན་སྲས་འཛམ་གླིང་གདན་ས་དར་སྡིངས་སུ་གདན་དྲངས། གོང་མའི་ཁྲིར་བཀོད། ཞུ་སྤང་ལུང་བླ་མ་བསྟན་བསོད་ལགས་ཀྱི་སྲས་མོ་ཚེ་རིང་སྐུ་ཟླར་བསུས། དེ་ལ་སྲས་མོ་བདེ་ཆེན་ཆོས་སྒྲོན་འཁྲུངས་པ་ལས་སྲས་གཞན་མེད། འཛམ་གླིང་རིན་པོ་ཆེས་རི་རྒྱལ་དགོན་གྱི་མཁན་རིན་པོ་ཆེའི་མདུན་ནས་སྔར་སྲོལ་བཞིན་དབང་ལུང་ཁྲིད་སོགས་ཕུན་སུམ་ཚོགས་པ་ཞུས་གསན་མཛད། གདན་སའི་བླ་མ་འདུས་སྡེ་མང་ཚོགས་ལ་དུས་བསྟུན་སྨན་སྒྲུབ་སོགས་དང་དབང་ལུང་གི་མཛད་པ་བསྐྱངས།  གཞན་ཡང་གྲུབ་པའི་རྣལ་འབྱོར་མཛོ་འགྲུ་སྒོམ་ཚུལ་ཁྲིམས་རྒྱལ་མཚན་གྱི་དྲུང་ནས་ཟབ་གདམས་གང་མང་གསན། འགྲུ་སྒོམ་རིན་པོ་ཆེས་ད་ཆ་གཤེན་གྱི་གདན་ས་དང་གདུང་བརྒྱུད་ལ་རྐྱེན་གེགས་དུ་མ་འབྱུང་བ་སྔར་རྒྱལ་བ་གོང་མས་བཀར་གནང་བའི་བསྟན་སྲུང་ཤེལ་ཁྲབ་ཅན་གྱི་འཁུ་ལྡོག་ཡིན་སྲིད་པས། སླར་རྒྱལ་པོ་བསྟན་པ་འཐད་གསུངས་པ་ལྟར་ཕྱག་ལེན་གནང་གི་ཡོད་གསུངས། གཞན་འཛམ་གླིང་རིན་པོ་ཆེར་གཞིས་ཀ་རྩེར་ལྕམ་ཞིག་ཡོད་པ་དེ་ལ་བུ་ཁྲིད་ལགས་ཟེར། དེ་ལ་སྲས་མོ་ཞིག་འཁྲུངས་པ་དེ་ལ་བསོད་ནམས་ཆོས་སྒྲོན་ཟེར། རིན་པོ་ཆེ་སྐུ་ན་གཞོན་སྐབས་ཤིག་ཏུ་བཀྲ་ཤིས་ལྷུན་པོའི་རྒྱ་ཁང་ཚན་གྱི་ཤེ་སྡེ་སྟོད་གྲོད་ཤོད་དུ་ཡོད་པའི་བླ་བྲང་ཀོ་སར་ཤེ་དཔོན་བོག་མ་བླངས།  དུས་སྐབས་དེར་ཡུལ་འཁྱམས་པ་ཧ་སག་གི་ཇག་པས་རིན་པོ་ཆེའི་རྟ་དྲེལ་བརྒྱད་ཅུའི་སྐོར་འཕྲོག་བཅོམ་བྱས་པའི་རྐྱེན་གྱིས་ཁོང་གི་དཔལ་འབྱོར་ལ་ཉམས་རྒུད་ཇི་ཆེ་བྱུང༌། དེ་ནས་བཟུང་དངོས་པོ་སྤྲད་འཇལ་གྱིས་ཐུགས་གསོས་མི་བདེ་བ་བྱུང༌། འཛམ་གླིང་རིན་པོ་ཆེ་སྟོད་དང་ར་དང་། གཤེན་གྱེར། བྱང་གནམ་མཚོ་ཁར་ཀྲེ་པ། སྡེ་རྙིང༌། ཤེ་མ་རུ་བ་བཅས་ཀྱི་བོན་སྡེས་དད་འདུན་ཤིན་ཏུ་ཆེ། མཛད་པ་དང་གདུལ་བྱ་ཡང་ཆེ། གནམ་མཚོ་ཁའི་ཀྲེ་བ་བཅུ་དཔོན་གྱི་ནང་དུ་རྟེན་འབྲེལ་ལེགས་ན་སྲས་ཤིག་འཁྲུངས་རྒྱུ་ལས། རྟེན་འབྲེལ་གྱི་དུས་ཡོལ་གསུངས། དེ་རྗེས་རིན་པོ་ཆེ་ཨ་མདོ་བར་ཐ་ཇི་འགིར་དཔོན་འོག་གུང་པ་ཚང་དུ་མཆོད་ཡོན་གྱི་འབྲེལ་བ་ཆེ་ཞིང་ལུང་བསྟན་དག་དང་བསྟུན་ཏེ། གུང་པའི་བུ་མོ་ལ་སྲས་ཐུགས་རྗེ་ཉི་མ་འཁྲུངས། དེ་ཡི་དགུང་སྙིང་མེ་ཡོས་ཡིན། གཤེན་སྲས་དེ་དགུང་ལོ་ཉི་ཤུའི་ནང་ཕེབས་དུས་གཤེན་གྱི་ཕོ་བྲང་དུ་གདན་ཞུས་གནང་། གོང་མའི་ཁྲིར་མངའ་གསོལ། སྐུ་ཟླ་མཐོང་སྨོན་ཁུལ་ནས་ཡིན་པ་ཞིག་བསུས། དེ་ལ་སྲས་ནོར་བུ་དབང་རྒྱལ་འཁྲུངས། གཤེན་ཐུགས་རྗེ་ཉི་མ་བྱང་འབྲོག་གི་ཡུལ་དུ་གདུལ་བྱར་ཕེབས་བཞུགས་སྐབས་དུས་ཟིང་གིས་རྐྱེན་པས་དགོངས་པ་རྫོགས་སྐད། འཛམ་གླིང་རིན་པོ་ཆེའི་སྐུ་ཆས་རྣམ་ཀུན་བོད་ཀྱི་སྐུ་དྲག་དཀྱུས་མའི་ཆས་ལྟ་བུའི་ནབ་བཟའ་དབུ་ཞྭ་ཆིབས་པ་སྐེ་རྡོམ་སོགས་གནང་འདུག་པས་བླ་མ་ཆེན་པོའི་ཚུལ། རྒྱུས་མེད་པས་བླ་མ་ཡིན་པ་མཇལ་ཤེས་དཀའ་བ་ཞིག་འདུག  ཤིང་སྤྲེལ་ལོར་རིན་པོ་ཆེ་ཀྲེ་བ་རུ་བའི་ནང་། དཀར་དཀར་ཚང་གི་ཉེ་སར་དགུན་བཞུགས་གནང་སོང་བའི་རིང༌། ཞབས་ཞུ་བ་མ་ཆེན་ཉག་རོང་བའི་གྲྭ་རྒན་ཞིག་ཡོད་པ་དེ་གྲོང་སོང་བས་ཐུགས་ངལ་བཟོས། དགོངས་རྫོགས་ཀྱི་དགེ་རྩ་བཅས་བསྒྲུབས་གནང་སོང༌། ངོས་ནས་དེ་ཡི་སྐྱེ་རྟགས་ཐང་སྐུ་ཞིག་བཞེངས། དེའི་སྐབས་སློབ་དཔོན་ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱིས། གྱེར་མཚོའི་བདེ་གསལ་གསང་ཕུག་ཏུ་འཛམ་གླིང་རིན་པོ་ཆེ་གདན་ཞུས་དང་། དབང་ལུང་གི་འབྲེལ་བ་གང་ཟབ་གནང་སོང་བ་ཡང་མཇལ་མྱོངས།  ཤིང་བྱ་ལོའི་དབྱར་ཐོག་ཅིག་ཏུ་སྤོ་ཆེའི་ཁྲ་གདོང་དགོན་པའམ། དགེ་རྒན་དགེ་ལེགས་ཀྱི་དགོན་པར། ལོ་མཆོད། བྱམས་མའི་སྒྲུབ་པའི་སྐབས་གཡུང་དྲུང་གླིང་གི་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་དང་། འཛམ་གླིང་རིན་པོ་ཆེ་རྣམ་གཉིས་གདན་ཞུས། གདུགས་དཀར་དང༌། ཚེ་སྒྲུབ། བྱམས་མ་བཅས་ཀྱི་དབང་གནང༌། དུས་དེར་གཤེན་སྲས་ཐུགས་རྗེ་ཉི་མ་ཡར་ཀྲེ་བ་རུ་ཡབ་སྲས་མཇལ་འཕྲད་དང་ལྷན་བཞུགས་ཡུན་རིང་ཙམ་གནང་རྗེས་ཡབ་སྲས་ལྷན་དུ་ཨ་མདོ་བར་ཐ་འཁྲུངས་ཡུལ་ལ་ཕེབས། རིན་པོ་ཆེ་སྟོད་གངས་རིར་གནས་གཟིགས་ལ་ཕེབས་ཞོར་གུར་གྱམ་དགོན་དུ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ་སྐུ་འཁོར་རྣམས་ཀྱིས་མ་རྒྱུད་དབང་བཞི་ཡོངས་རྫོགས་ཞུས་པ་བཞིན་བསྩལ། གཞན་ཡང་དབང་ལུང་ཁྲིད་སོགས་ཀྱི་མཛད་པ་ཕན་ཚུན་དགོངས་བཞེད་བཞིན་གནང༌།  ལྕགས་སྟག་ལོར་སྨན་རིའི་མཁན་ཆེན་ཉི་མ་དབང་རྒྱལ་གྱིས་སྨན་རིར་སྤྱི་སྤུངས་ཞི་ཁྲོའི་སྨན་སྒྲུབ་བཙུགས་པའི་སྐབས་ཀྱི་རྗེས་ཙམ་དུ། གཤེན་འཛམ་གླིང་རིན་པོ་ཆེ་གདན་ཞུས་དང༌། སྨན་རིའི་འདུས་སྡེ་ཉུང་ཤས་ཤིག་དང༌། མཁན་ཆེན་ཉི་མ་དབང་རྒྱལ་དང་༌། ཧོར་སློབ་ཡོངས་འཛིན་སངས་རྒྱས་བསྟན་འཛིན་རྣམ་པས་དབུ་མཛད་དེ་གོ་སྒྲིག་དང༌། མ་རྒྱུད་ལྷ་སུམ་བརྒྱ་དྲུག་ཅུའི་དབང་བཞི་གཤེན་ཉི་མ་རྒྱལ་མཚན་གྱིས་བསྒྲིགས་པའི་དབང་གཞུང་ཆ་ལག་དབང་ཕྲན་བཅས་བླ་མ་དབང་གོས་རུས་རྒྱན་གྱིས་བརྒྱན་པ་མཐོན་པོའི་ཁྲི་ལ་བཞུགས་ཏེ། སྨན་རིའི་རྣམ་རྒྱལ་ལྷ་ཁང་གསང་མཆོག་གི་དཀྱིལ་འཁོར་མངོན་པར་བཞེངས་པ་ནས་བསྩལ། དེ་དུས་གར་མ་དབང་གི་ལས་གཤེན་ཁྲི་བརྟན་ནོར་བུ་རྩེ་ཡི་དབུ་མཛད་ཟུར་པ་ཨ་རྣམ་ལགས་ཞུ་བས་མཛད། ཁོ་བོ་ཡང་གསང་མཆོག་གི་དཀྱིལ་འཁོར་དུ་མངོན་པར་ཚུད་པ་ཙམ་གྱིས་དགའ་བས་དད་དེ་དབང་གྲལ་དུ་ཞུགས་ཆོག་པའི་སྐལ་བཟང་ཐོབ། སྨན་རི་བའི་འདུས་སྡེ་མང་ཚོགས་ལ་འཛམ་གླིང་རིན་པོ་ཆེས་ཚེ་སྒྲུབ་བྱ་རི་མའི་བཀའ་དབང་གནང༌། དེ་རྗེས་རིན་པོ་ཆེ་གཡུང་དྲུང་གླིང་དུ་ཟླ་ཤས་བཞུགས་རྗེས་ཡར་གདན་སར་ཕེབས། 

     གསུམ་པ་ནི། ཤིང་རྟ་ལོ་ཡར་མར་ཞིག་ཏུ་དགོངས་པ་རྫོགས་པར་ཐོས། འདི་ཙམ་གྱི་རྣམ་ཐར་གྱི་ཚིག་ཐོར་མི་ངོམ་པ་ཤེས་མོད་ཀྱི། འཁྱལ་ཚིག་བསྡུ་རུབ་མང་སྤྲོས་བསྐྱུངས་ནས་ངེས་པའི་དོན་ལས་སྒྲོ་སྐུར་གྱི་ཚིག་མང་བཞག་དོན་དུ་ལུང་གིས་ཟིན་པའི་སྐྱེས་མཆོག་ཁྱད་པར་ཅན་ཡིན་པ་ནི། གོང་དུ་དྲངས་པའི་ལུང་དང་༌། བླ་ཆེན་དྲན་པ་ནམ་མཁའ་དང་སྲས་ཚེ་དབང་རིག་འཛིན། པད་མ་མཐོང་གྲོལ། ཡུམ་འོད་ལྡན་འབར་མ་བཅས་མངོན་དུ་བྱོན་ནས། སྤྲུལ་སྐུ་བློ་ལྡན་སྙིང་པོའམ་མུ་ལ་རད་ན་ཞེས་པར་ལུང་བསྟན་མཛད་པ། མ་འོངས་ཁ་བྱང་གསལ་བའི་མེ་ལོང་ཞེས་པར། དུས་མཐའི་སྤྲང་བཙུན་མུ་ལ་རད་ན་བདག །མདོ་ཁམས་ལྷོ་སྨད་གསེར་གཡུ་གཉིས་ཀྱི་ཡུལ། ཁྱུང་པོའི་གདན་ས་དཔལ་གྱི་འབྲས་རྫོང་དུ། །ལོ་གསར་རྒྱལ་ཉའི་བཅོ་ལྔ་ཟླ་རྒྱས་ལ། །ཐོ་རངས་ནམ་མཁའི་ཁམས་ནས་སྒྲ་ཞིག་གྲགས། །ཡར་ལྟས་མདའ་གང་ཐད་ཀྱི་བར་སྣང་ལ། །གཞའ་ཚོན་འོད་ཟེར་གཏིབས་པའི་གུར་ཁང་དབུས། སེམས་དཔའ་ཆེན་པོ་ཡབ་སྲས་ཡུམ་དང་བཞི། །རྒྱན་དང་ཆ་ལུགས་བཀྲ་བརྗིད་འོད་དུ་འབར། མགྲིན་ཅིག་བསྡེབས་ནས་བདག་ལ་འདི་སྐད་གསུངས། ཞེས་སོགས་ནས། སྒོས་སུ་ཚངས་རྒྱུང་དབུས་མའི་ལྷོ་ཕྱོགས་འདིར། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བསྟན་པ་ཡིས། སེམས་ཅན་ཐར་པ་ཁ་ལོ་གྱེན་དུ་བསྒྱུར། །འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་སྤེལ། བསྟན་འཛིན་གཤེན་རབ་གསེར་གྱི་འཕྲེང་བ་ལྟར། །ལྷད་དང་བརྒྱུད་པ་ངན་པས་བར་མི་ཆོད། བར་དུ་སྔོན་གྱི་སྨོན་ལམ་སྟོབས་ཤུགས་དང་། །སེམས་ཅན་བསོད་ནམས་ལས་ཀྱི་ཆ་ཟད་པ། རྒྱལ་བློན་ངན་དང་མཐའ་བན་ཐབས་མཁས་པ། །བདེན་པའི་བཀའ་བརྐུས་ནས་ཆོས་སུ་བསྒྱུར། དུས་དེར་རིག་འཛིན་རྣམས་ཀྱང་ཐུགས་རྨོངས་ནས། །དམོད་པ་ངན་པ་རྒྱལ་བློན་བོད་ལ་བོར། དེ་ཡི་རྐྱེན་གྱིས་དེང་སོང་ཐ་མ་ལ། ཁ་བ་ཅན་གྱི་བོད་ཁམས་འདི་རུ་ཡང་༌། ནད་མུག་འཁྲུགས་རྩོད་མི་བདེ་རྒྱུན་མི་འཆད། །རྟགས་དང་རྟེན་འབྲེལ་མི་མཐུན་སྣ་ཚོགས་འབྱུང་༌། བན་བོན་གཉིས་ཀྱང་དར་ནུབ་མང་དུ་ཡོང༌། །དུས་ངན་དེ་ལ་སེམས་ཅན་གདུལ་དཀའ་བས། སྐྱེས་བུ་ཡང་དག་དོན་ལ་བསྒོམ་པར་མཛོད། །ཅེས་གསུངས། ཡང་དེ་ཉིད་ལས། །སྐལ་ལྡན་ཁྱེད་ཀྱི་བསྟན་པ་འདི་རྣམས་ནི། །དུད་མུན་ནང་གི་མེ་སྟག་ཅི་བཞིན་དུ། ནམ་ཡང་ནུབ་པའི་དུས་ནི་མི་སྲིད་དོ། །ལྔ་བརྒྱའི་དུས་སུ་སེམས་ཅན་གདུལ་དཀའ་ཡང༌། གཞན་གྱིས་མི་ཐུལ་བོན་གྱི་བདེན་པས་ཐུལ། །བསྐལ་པ་མེ་བདུན་ཆུ་གཅིག་ཚུན་ཆད་དུ། སེམས་ཅན་མ་སྟོངས་བར་དུ་བོན་མི་ནུབ། །ཅེས་གསུངས། སྤྱིར་བོད་ཁམས་སུ་དམུ་རྒྱལ་གཤེན་གྱི་གདུང་བརྒྱུད་སྔར་དུས་རབས་བརྒྱད་པའི་ནང་། ལྷ་སའི་ལྷོ་ཕྱོགས་དག་པོའི་ཡུལ་དུ་དམུ་གཤེན་དག་པ་དང་། དེ་ཡི་སྲས་དམུ་གཤེན་དྲན་པ་ནམ་མཁའ་འཁྲུངས་པ་དང༌། དེ་རྗེས་གཙང་སྟོད་དུ་གཤེན་འབར་བ་གླང་ནག་དང༌། དེ་ཡི་སྲས་གཤེན་རྒྱལ་གཡུང་དྲུང་ལྷ་རྩེ་འཁྲུངས་པ་སོགས་ཀྱི་གདུང་རྒྱུད་ཡོད་དོ།།

དམུ་རྒྱལ་གཤེན་གྱི་ཐུགས་བསྟན་གཉེར་དཔོན་རྗེ། །

ཁོད་སྤུངས་དྲན་པས་རང་གི་མཆོག་སྤྲུལ་དུ། །

མཚན་དཔེ་གཟི་མདངས་དང་བཅས་ལུང་བསྟན་པ། །

འཁྲུལ་མེད་འཛམ་གླིང་དབང་འདུས་ལ་ཕྱག་འཚལ། །

གང་ཁྱེད་ཐུན་མོང་འགྲོ་ངོར་ཕལ་པའི་ཚུལ། །

རྣམ་པར་ཐར་བའི་ཁྱད་འཕགས་མ་བསྟན་ཡང༌། །

ཁོད་སྤུངས་ཞལ་མཇལ་ཁྱད་མེད་གསུངས་པས་ན། །

དེ་ལ་ཡིད་བརྟན་མི་བྱེད་སུ་ཞིག་མཆིས། །

བདག་ཀྱང་དམ་པ་གང་གི་བརྩེ་བ་ཡིས། །

ཡུན་དུ་འཁྱུད་ལས་འདའ་བར་མ་གྱུར་པས། །

ཚེ་རབས་ཀུན་ཏུ་འབྲལ་བ་མེད་པའི་ངོས། །

ཟབ་གདམས་བདུད་རྩིས་རྣམ་ཀུན་བསྐྱང་གྱུར་ཅིག །

བསྟན་རྣམ་པས་ཕུལ།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།