ཞང་བོད་ལོ་རྟགས་བཅུ་གཉིས་ཀྱི་བྱུང་བ་བརྗོད་པ་གསེར་གྱི་རུས་སྦལ།

0
3509

རྩོམ་པ་པོ། དགེ་ཧི་མ་ལ་ཡའི་རྒྱལ་སྲས།

༄༅། །བོད་ཀྱི་གཙུག་ལག་རིག་པའི་ཁོངས་ནས་ལོ་རྟགས་སོགས་འཆད་སྐབས་བྱི་བ་ནས་ཕག་གི་བར་བཅུ་གཉིས་པོ་ལ་ལོ་སྐོར་བཅུ་གཉིས་ཞེས་རྩི་བའི་ཚུལ་ཡོད་པ་འདིའི་རྒྱབ་ལྗོངས་སམ་བྱུང་ཁུངས་ངོ་མ་ཇི་ལྟར་ཡིན་པ་སྤྱི་ཚོགས་ཁྲོད་ད་བར་ཆུ་ལམ་ཞུགས་དང་རྡོ་ལག་རྒྱུད་ལྟ་བུའི་བཤད་ཚུལ་ཡོད་པ་མ་མཇལ། སྤྱིར་བཏང་ལོ་སྐོར་བཅུ་གཉིས་འདི་རྩི་ཚུལ་གནའ་རབས་ནས་ཡོད་པར་མ་ཚད།ཕྱི་ལོའི་གོང་གི་དུས་རབས་ལྔ་པ་ཡས་མས་ནས་ནུབ་ཕྱོགས་ཁུལ་དུ་དར་རྒྱས་ཕྱིན་ཡོད།ཡིན་ནའང་སྐབས་དེའི་ལོ་སྐོར་བཅུ་གཉིས་པོའི་བརྩི་ཚུལ་དེ་ད་ལྟའི་ང་ཚོའི་ནག་རྩིས་དང་ལེའུ་ཐོ་སོགས་ནས་མཐོང་བཞིན་པའི་ཁྱིམ་བཅུ་གཉིས་ཞེས་པ་འདི་ཡིན་པ་ལས། ང་ཚོས་འདོད་པའི་ལོ་རྟགས་བཅུ་གཉིས་པོ་འདི་དག་མིན། ཁྱིམ་བཅུ་གཉིས་ཞེས་པ་ནི་ཉི་མའི་ཁྱིམ་རྒྱུད་དེ་རྒྱུ་སྐར་གོ་ལའི་ཕྱོགས་བཞི་ཡི་ཆ་རྣམས་གསུམ་གསུམ་དུ་ཕྱེས་པའི་བཅུ་གཉིས་ལ་ནམ་ཟླ་འཛིན་པའི་རྟགས་ཡིན་པའི་ཆ་ནས་དེ་ལྟར་འབོད།

འཛམ་གླིང་རྒྱལ་སྤྱིའི་སྟེང་དུ་ཁྱིམ་བཅུ་གཉིས་ལ་ཛོ་ཌིག་ (Zodiac) སྟེ་ཉི་མའི་ཁྱིམ་རྒྱུདཅེས་འབོད་ལ། བོད་ཀྱི་རྩིས་རིག་ཁྲོད་ཀྱི་ལོ་རྟགས་བཅུ་གཉིས་ལ་ (Chinese Zodiac) སྟེ་རྒྱ་ནག་ལུགས་ཀྱི་ཉི་མའི་ཁྱིམ་རྒྱུདཅེས་འབོད་བཞིན་ཡོད་པ་ལས་བོད་ཀྱི་ལོ་སྐོར་བཅུ་གཉིས་ཞེས་འབོད་མཁན་མེད། རྒྱུ་མཚན་ནི། བྱི་བ་ནས་ཕག་གི་བར་ལོ་སྐོར་བཅུ་གཉིས་པོ་བརྩི་བའི་ལུགས་འདི་རང་རེ་བོད་པ་ཙམ་མིན་པར་རྒྱ་ནག ཝེ་ཏ་ནམ། འབར་མ། ཀོ་རི་ཡ། ཉི་ཧོང་། སོག་པོ། བལ་པོ། ཤྲི་ལངྐ། ཁོམ་བྷོ་ཌི། ལོའུ་སི། ཐ་ལན་ཌི། སིང་གྷ་པུར་སོགས་ཏེ་ནང་ཆོས་དར་བའི་ཡུལ་གྲུ་ཕལ་ཆེར་གཅིག་མཚུངས་ཡིན། དེའང་གོང་གི་ནུབ་ཕྱོགས་པས་ཁྱིམ་བཅུ་གཉིས་ཀྱིས་ལོ་གཅིག་རིང་གི་ཟླ་བ་བཅུ་གཉིས་པོའི་ནམ་ཟླ་ཇི་ལྟར་འཁོར་ཚུལ་བསྟན་པ་ལས་ལོ་རེའི་ལོ་རྟགས་ལྟ་བུ་འདོད་ཀྱིན་མེད། འོན་ཀྱང་བོད་ཀྱི་གཙུག་ལག་རིག་པའི་ཁྲོད་ལོ་རྟགས་བཅུ་གཉིས་པོ་འདི་དག་གིས་ལོ་རེའི་རྟགས་དང་། ཟླ་བ་རེ། ཉིན་རེ། དུས་ཚོད་རེ་སོགས་ལ་འཁོར་སྟངས་རྒྱས་པར་བཤད་ཡོད་པས། གོང་གི་ནུབ་ལུགས་པས་འདོད་པའི་ཁྱིམ་བཅུ་གཉིས་པོ་ལས་ཆེས་ཁྱབ་ཆེ་བ་ཡིན།

རྒྱ་ནག་གི་རྩིས་ལྟར་ན། ལོ་རྟགས་བཅུ་གཉིས་པོ་འདི་དག་ལོ་ལ་འཁོར་སྟངས་ནི། ཤིང་ཕོ་བྱི་བ་ནས་ཆུ་མོ་ཕག་གི་བར་ལོ་རྒན་དྲུག་ཅུ་དང་། ཟླ་བ་ལ་དཔྱིད་ཟླ་ར་བ་སྟག་ཟླ་དང་། དཔྱིད་འབྲིང་ཡོས། དཔྱིད་ཐ་ཆུང་འབྲུག་གིས་འཛིན་པ། དེ་བཞིན་དུས་ལ་ནམ་ལངས་ཡོས་ནས་འཛིན་པ་སོགས་ནི་རང་རེ་བོད་ལུགས་ཀྱི་རྩིས་རིག་དང་གཅིག་མཚུངས་སུ་བཤད་ཡོད།

འདིར་ད་ལན་དྲི་བ་དང་འབྲེལ་བའི་སྐབས་བབ་བརྗོད་བྱ་སྟེ་ལོ་རྟགས་བཅུ་གཉིས་པོ་འདི་དག་གང་ནས་བྱུང་བ་དང་། ཚུལ་ཇི་ལྟར། དུས་ནམ་ཞིག་སོགས་ལ་བསམ་གཞིག་དགོས་པ་དེ་ཡིན་སྟབས། རྒྱ་ནག་ལུགས་ལ་ལོ་རྟགས་སེམས་ཅན་བཅུ་གཉིས་པོ་འདི་ཇི་ལྟར་བྱུང་ཚུལ་སྐོར་ལ་དམངས་སྒྲུང་སྙིང་རྗེ་བོ་ཞིག་གི་ལམ་ནས་དྲངས་ཡོད། སྒྲུང་དེ་བཤད་སྟངས་ཡུལ་ལུང་དང་ས་གནས་དབང་གིས་ཅུང་མི་འདྲ་བ་རེ་ཡོད་ཀྱང་རྩ་བའི་སྒྲུང་གི་གྲུབ་ཆ་གཅིག་མཚུངས་ཡིན།

དེའང་སྔོན་མ་རྒྱ་ནག་ཏོའོ་ལུགས་ཀྱི་གོང་མ་ཡུའུ་ཧྥའུང་(玉皇)གིས་དུས་འགྲོས་གླིང་ལ་བཀའ་ཕབ་སྟེ། དུད་འགྲོ་རྣམས་གཙང་ཆེན་ཞིག་གི་ཕར་རོལ་དུ་འདུ་འཛོམས་ཆེན་པོ་ཞིག་ལ་བཅར་དགོས་པ་དང་། དུད་འགྲོ་སུ་ཞིག་སྔོན་དུ་སླེབས་ན་དེ་ནི་ལོ་དེའི་ལོ་བདག་གམ་ལོ་རྟགས་འཛིན་པའི་དབང་ཆ་སྤྲོད་རྒྱུ་ཡིན་པར་བཀའ་ཕབ། (སྒྲུང་འགའ་ཞིག་ནང་གོང་མ་ཁོང་རང་ཉིད་ག་དུས་སྐྱེས་པའི་ལོ་རྟགས་ཞིག་དགོས་པར་སྙམ་ནས་དེ་ལྟར་བཀའ་བཏང་བར་བཤད།བཀའ་ཆབ་དེ་ཁྱིམ་མཚེས་ཡིན་པའི་བྱི་བ་དང་བྱི་ལའམ་ཞི་མི་གཉིས་ཀྱིས་ཐོས་རྗེས་གླང་དང་གྲོས་བྱས་ཏེ། སང་ཆུ་བོ་རྒལ་དུས་གླང་གི་རྒྱབ་ཏུ་འཁྱེར་རྒྱུ་བྱས། ཕྱི་ཉིན་ཆུ་བོ་རྒལ་སྐབས་བྱི་བས་བྱི་ལ་འབུད་རྒྱག་བཏང་སྟེ་བྱི་ལ་ཆུར་ལྷུང་། (སྒྲུང་འགའ་ཞིག་ལས་བྱི་བས་བྱི་ལ་སང་ཞོགས་གཉིད་དཀྲོག་རྒྱུ་བྱས་ཀྱང་དྲན་པ་བརྗེད་པ་དང་། ཆུ་རྒལ་སྐབས་བྱི་བ་གླང་གི་རྣ་ཅོག་ནང་འཛུལ་ནས་གཞས་གཏོང་བས་གླང་ཡེངས་སོང་བར་བཤད།) དེ་རྗེས་གླང་གིས་ཆུ་རྒལ་གྲབས་ཡོད་སྐབས་བྱི་བ་གླང་གི་མདུན་དུ་མཆོང་བས་བྱི་བ་དུད་འགྲོ་རྣམས་ཀྱི་ནང་ནས་ཨང་དང་པོར་སླེབས། གོང་མ་ཡུའུ་ཧྥའུང་བྱི་བ་ཆུང་ཆུང་གི་རྣམ་རིག་ལ་ཧ་ལས་ཏེ་ལོ་དེའི་ལོ་བདག་གམ་ལོ་རྟགས་འཛིན་རྒྱུའི་དབང་ཆ་སྤྲད། དེ་ནས་ལོ་བསྟར་གླང་ནས་བཟུང་སྟེ་དུད་འགྲོ་གཞན་རྣམས་སླེབས་སྔ་ཕྱི་ལྟར་ལོ་རྟགས་འཛིན་རྒྱུའི་བཀའ་ཕབ་པ་སོགས་བཤད་ཡོད། སྐབས་དེར་བྱི་བས་བྱི་ལ་ཆུ་ལ་གཡུག་པའི་ཁོང་ནད་ཀྱིས་ད་ལྟའང་བྱི་ལས་བྱི་བ་དགྲ་རུ་འཛིན་པ་སོགས་སྐབས་དེར་སེམས་ཅན་བཅུ་གཉིས་པོ་སླེབས་སྔ་ཕྱི་བྱུང་བའི་རྒྱུ་མཚན་སྒྲུང་མང་པོ་ཡོད་ཀྱང་འདིར་གནད་དེ་ཙམ་མི་ཆེ་བས་རེ་ཞིག་བཞག

དེ་བཞིན་ཝེ་ཏི་ནམ་ལུགས་ཀྱི་ལོ་སྐོར་བཅུ་གཉིས་ནང་གླང་གི་འཚབ་ཏུ་མ་ཧེ་དང་། ཡོས་ཀྱི་འཚབ་ཏུ་བྱི་ལའམ་ཞི་མི་ཡིན། རྒྱ་ནག་གི་རྩིས་པ་ཚོས་རྒྱ་སྐད་ནང་རི་བོང་ལ་མཱ་ཐུ་ (卯兔) ཞེས་འབོད་པས་སྐད་ཟུར་ཆག་སྟེ། ཝེ་ཏི་ནམ་གྱི་སྐད་དུ་མཱའོ་ཞེས་པ་ནི་བྱི་ལ་ཡིན་པས་རི་བོང་གི་འཚབ་ཏུ་བྱི་ལ་དེ་ལྟར་ཆགས་པ་རེད་ཟེར་སྲོལ་ཀྱང་ཡོད་འདུག འོན་ཀྱང་ཝེ་ཏ་ནམ་རྩིས་རིག་ནང་དེའི་སྐོར་སྒྲུང་རིང་པོ་འགའ་ཡོད་ཀྱང་འདིར་གླེང་བར་མི་བྱ།

འབར་མའི་རྩིས་རིག་ནང་དུ་ལོ་ཟླ་གཟའ་སྐར་བརྩི་སྟངས་སོགས་རང་རེ་དང་ཅུང་མཚུངས་ཀྱང་། ལོ་རྟགས་ནི་ཕྱོགས་འཚམས་བརྒྱད་དང་གཟའ་བདུན་མཚོན་པའི་བརྒྱད་མ་གཏོགས་མེད། དེའང་བྱང་ཤར་དུ་གནས་ཞིང་གཟའ་ཉི་མ་མཚོན་པའི་བྱ་ཁྱུང་དང་། ཤར་དུ་གནས་ཞིང་གཟའ་ཟླ་བ་མཚོན་པའི་སྟག ལྷོ་ཤར་དུ་གནས་ཞིང་གཟའ་མིག་དམར་མཚོན་པའི་སེང་གེ། ལྷོ་རུ་གནས་ཞིང་གཟའ་ལྷག་པ་སྔ་དྲོ་མཚོན་པའི་གླང་ཆེན་མཆེ་བ་ཅན། བྱང་ནུབ་ཏུ་གནས་ཞིང་གཟའ་ལྷག་པ་ཕྱི་དྲོ་མཚོན་པའི་གླང་ཆེན་མཆེ་བ་མེད་པ། ནུབ་ཏུ་གནས་ཞིང་གཟའ་ཕུར་བུ་མཚོན་པའི་བྱི་བ། བྱང་དུ་གནས་ཞིང་གཟའ་པ་སངས་མཚོན་པའི་ཕག་ཙིག (ཕག་ཕྲུག་ལོ་གཅིག་ཅན་ཙམ་གྱི་བྱི་བ་ཆེན་པོའི་རིགས་ཞིག) ལྷོ་ནུབ་ཏུ་གནས་ཞིང་གཟའ་སྤེན་པ་མཚོན་པའི་འབྲུག་བཅས་ཡིན། ཡུལ་དེའི་ལོ་རྒྱུས་སྨྲ་བ་ཚོས་གནའ་སྔོན་འབར་མའི་རྩིས་ནང་རྒྱ་ནག་ལུགས་བཞིན་བསྐོར་གྱིན་ཡོད་ཀྱང་ཕྱིས་སུ་རྒྱ་གར་ཧིན་དྷུའི་ལུགས་དང་ཤུགས་ཆེན་འདྲིས་ནས་དེ་ལྟར་ཆགས་སོང་བར་གླེང་གིན་ཡོད་པར་སྣང་། 

དེ་བཞིན་ཀོ་རི་ཡ། ཉི་ཧོང་། སོག་པོ། ཁམ་བྷོ་ཌི། ལོའུ་སི། ཐ་ལན་ཌི། སེང་གྷ་པུར་སོགས་ལས་ཉི་ཧོང་གི་རྩིས་ནང་ཕག་པ་ལ་རི་ཡི་ཕག་རྒོད་མཆེ་བ་ཅན་ཞིག་ངེས་པར་དུ་དགོས་པ་དང་། ཐ་ལན་ཌིའི་རྩིས་ནང་སྦྲུལ་གྱི་འཚབ་ཏུ་ཀླུ་སྲིན་སྡུག་པ་ཅན་གྱི་གཟུགས་རིས་འབྲི་དགོས་པར་བཤད། དེ་མིན་ལོ་རྟགས་བཅུ་གཉིས་པོ་གོང་གི་རྒྱ་ནག་ལུགས་དང་གཅིག་མཚུངས་ཡིན། འདིར་བོད་ལུགས་ཀྱི་ལོ་རྟགས་བཅུ་གཉིས་རྣམས་གོང་གི་ཡུལ་ལུང་རྣམས་དང་མི་འདྲ་བ་ནི་ལུག་ཡིན།  གོང་སྨྲས་རྒྱ་ནག་དང་ཐ་ལན་ཌི་སོགས་ཀྱིས་རྟ་ཡི་རྗེས་སུ་ར་བཞག་ཡོད་པ་ལས་ཁོ་ཚོའི་རྩིས་ནང་ལུག་ཅེས་པའི་ལོ་རྟགས་ཞིག་མེད།

རང་རེ་བོད་གངས་ཅན་པའི་རྩིས་རིག་ཕལ་མོ་ཆེའི་ནང་ལོ་རྒན་དྲུག་ཅུ་དང་ལོ་རྟགས་བཅུ་གཉིས་པོ་དེ་ཕྱོགས་གང་ཞིག་དང་། དེ་དག་གིས་ལོ་ཟླ་ཞག་གྲངས་ཇི་ལྟར་སྟངས་འཛིན་གྱི་ཚུལ་རྒྱས་པ་བཤད་ཡོད་པས་ལས། སེམས་ཅན་བཅུ་གཉིས་པོ་དེ་དག་དུས་ནམ་ཞིག་ལ་བྱུང་བ་དང་། ཅིས་ཕྱིར་བྱུང་བ་སོགས་ཀྱི་རྒྱབ་ལྗོངས་འཚོལ་ཕྱིར་གུས་པས་ཆོས་པའི་འཇང་གི་བཀའ་འགྱུར་ཆེན་མོ་ཕལ་ཆེར་རག་ཀློག་བྱས་ཀྱང་གང་ཡང་མ་རྙེད། དེ་མིན་ཆོས་པའི་བསྟན་འགྱུར་ནང་ནས་ཕལ་ཆེར་འདིར་ཡོད་སྲིད་ས་གང་འཚམས་ཞིག་བཀླགས་ཀྱང་ད་བར་ཕན་ཐོག་པ་ཅི་ཡང་རྙེད་སོན་མ་བྱུང་བས། རྣམ་པ་ལྷན་རྒྱས་སོ་སོས་འདིའི་སྐོར་མཁྱེན་གྱིན་ཡོད་ཚེ་འདི་ནས་མུ་མཐུད་འོས།

རྩ་བའི་ཆུ་ཕུག་གངས་ལ་ཐུག་པའི་དཔེ་ལྟར། བོད་གངས་ཅན་པའི་ཆོས་རིག་གི་གནད་མང་པོ་ཞིག་ཕྱི་ནས་འཚོལ་མི་དགོས་པར་ཞང་བོད་རང་ས་ནས་རྙེད་ཐུབ་པ་དང་རྙེད་འོས་པ་ཞིག་ཀྱང་རེད། རྒྱུ་མཚན་དེ་དག་ལ་བརྟེན་ཏེ་གུས་པས་རང་རེའི་ཕ་མེས་ཀྱི་ཆོས་ལུགས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་རིན་པོ་ཆེ་དང་། སྟོན་པ་ཐུགས་རྗེ་ཅན་གྱི་རྣམ་ཐར་སོགས་ནས་འདིའི་སྐོར་གང་གསུངས་པ་དེ་དག་གླེང་རྒྱུ་ཡིན། སྤྱིར་བཏང་བོན་གཞུང་མདོ་མང་དང་རྩིས་གཞུང་ཁག་ནས་ལོ་རྟགས་བཅུ་གཉིས་པོ་དེ་དག་ཕྱོགས་གང་ལ་གནས་པ། དེ་དག་གིས་ཅི་ཞིག་མཚོན་པ། དེ་དག་ལ་མགོན་པའི་ལྷ་དང་། མཐུན་པའི་འབྱུང་བའི་ཁམས་ཅི་ཞིག་གནས་པ་སོགས་ཀྱི་སྐོར་ཆེས་མང་ལ། དེ་བཞིན་ལོ་སྐོར་བཅུ་གཉིས་པོ་རྣམས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་ཀྱང་གང་མང་མཆིས། དེ་དག་ནས་ཁ་གསལ་ཞིང་དོན་གོ་བདེ་བ་ནི་ལོ་སྐོར་བཅུ་གཉིས་དེ་སྟོན་པའི་མཛད་ཆེན་བཅུ་གཉིས་སམ་རྒྱལ་གྱི་ལོ་མཛོད་བཅུ་གཉིས་དེའི་བྱུང་རིམ་དང་སྦྱར་བའི་སྐོར། གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་ཀུན་འབུམ་ཁྲ་བོ་དང་། སྟོན་པའི་རྣམ་ཐར་རྒྱས་པ་མདོ་དྲི་མེད་གཟི་བརྗིད་རྣམས་སུ་བྱུང་བ་ཁག་མདོར་བསྡུད་དེ་གཤམ་ནས་ལུང་འདྲེན་ཚུལ་དུ་འགོད་རྒྱུ་ཡིན།

བྱི་བ།1

ཀུན་འབུམ་ཁྲ་བོ་གཡུང་དྲུང་སྲིད་རྒྱས་ལུས་ཀྱི་ཀུན་འབུམ་བསྟན་པའི་ལེའུ་ལས། “ དེ་ནས་སྟོན་པ་གཤེན་རབ་མི་བོས་བཀའ་བསྩལ་པ། བདག་ཉིད་དང་པོ་སྐྱེ་བ་བཞེས་པར་མཛད་དེ། གཡུང་དྲུང་གསལ་བའི་འོད་གླིང་ཞེས་ཀྱང་བྱ། སྟག་གཟིག་ཡུལ་གྱི་སྙིང་པོ་ཡོན་ཏན་གྱི་དབུས་ཞེས་ཀྱང་བྱ། གཤེན་ཡུལ་འོལ་མོ་ལུང་རིང་ཞེས་ཀྱང་བྱ། ཤམ་བྷ་ལའི་གནས་མཆོག་ཞེས་ཀྱང་བྱ། རི་བོ་གངས་བཟང་པོའི་ར་བ་ཞེས་བྱ་དེ་ན། དབུས་ཀྱི་གཡུང་དྲུང་དགུ་བརྩེགས་དཔལ་གྱི་རི་བོ། རིན་ཆེན་སྣ་བདུན་ལས་གྲུབ་པས། དེའི་ཤར་ཕྱོགས་འབྱུང་བ་ས་ལས་སྤྲུལ་པ། གཡུང་དྲུང་རིས་སུ་གྲུབ་པའི་ཞིང་ཁམས། མདོག་དཀར་འཇིག་རྟེན་གསུམ་ལ་རྒྱལ་བའི་གནས་ན། བར་པོ་སོ་བརྒྱད་རིན་ཆེན་འབར་བའི་གསས་མཁར་དུ། ཡབ་རྒྱལ་བོན་ཐོད་དཀར། ཡུམ་ཡོ་ཕྱི་རྒྱལ་བཞད་མའི་སྲས་སུ་སྐུ་འཁྲུངས་པས། འབྱུང་བའི་ལྷ་ལྔས་ཤ་ཁྲག་དྲོད་དབུགས་ཆ་བསྙམས་ནས། ལུས་ཡོངས་སུ་བསྐྱེད་པར་མཛད་དེ། སྐུ་སྐྱེ་བ་བཞེས་པས། རྒུང་ལོ་གཅིག་ལོན་ནས། གཏོ་སུམ་བརྒྱ་དྲུག་ཅུ་དང་། དཔྱད་བརྒྱད་ཁྲི་བཞི་སྟོང་ཐུགས་སུ་ཆུད་དེ། འཇིག་རྟེན་སྨག་གིས་སེམས་ཅན་མུན་ནག་བཞིན་དུ་འཐོམ་པ། དཔྱད་ཀྱི་ཉི་མ་ཤར་བ་བྱས། གཏོ་ཡི་འོད་ཟེར་ཡོངས་སུ་བཀྱེ། རྨོངས་པའི་མུན་ནག་སངས་པར་མཛད། ཕྱི་རབས་རྣམས་ལ་དཔེ་བསྟན་ཕྱིར། དུང་གི་གཞི་ལ་གཡུ་ཡི་གཡུང་དྲུང་བྲིས། ཤེལ་གྱི་གསས་མདའ་བཙུག གསེར་གྱི་གབ་ཙེ་དང་། འཕྲུལ་གྱི་ཅུ་ཏིག་དང་། སྲིད་པའི་མོ་རྡེའུ་དང་། རིན་པོ་ཆེའི་མོ་ཆ་སྣ་དགུ་བཅལ་དུ་བཀྲམ་ནས། གཏོ་གཞི་དཀར་པོའི་འོག་ནས། ས་བདག་ཁུང་འཛུལ་ཅིག་བྱུང་། བཟུང་སྟེ་ཡུམ་ལ་ཕུལ་ནས། ཡུམ་གྱི་ཞལ་ན་རེ། སྤུ་མེད་བྱིལ་བྱིལ་པོ། མིང་ཡང་བྱི་བར་བཏགས། ལོ་བྱི་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་། བྱི་བྲུན་གཏོ་ལ་དགོས་པའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ལོ་འགོ་བྱི་བར་གྱུར་པའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ཞེས་བྱུང་།

འདུས་པ་རིན་པོ་ཆེའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་དཔེའུ་ཙེ་རྣམ་གསུམ་བསྟན་པའི་མདོ་ལས། “ དེའི་ཚེ་དེའི་དུས་ན། འཁོར་གྱི་ནང་ནས་གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པ་གཙུག་ཕུད་ཀྱིས་རྒྱན་དང་ཆ་ལུགས་མཛེས་པར་བྱས་ནས།ཞེས་སོགས་ནས། “ ད་ལྟའི་སྐབས་སུ་ལོ་མཛོད་བཅུ་གཉིས་ཀྱི་མཛད་པ་རྫོགས་པའི་སྐབས་སུ་ཡིན་པར་གསུངས་པ། ལོ་མཛོད་བཅུ་གཉིས་བསྟན་པ་ནི། ཅི་ལྟ་བུ་ཞིག་མཛད་པ་ལ་ཟེར་བ་ལགས།   ཞེས་སོགས་ནས། “ དེ་ནས་བལ་པོ་སོ་བརྒྱད་ཀྱི་མཁར་དུ་བྱོན་ནས། གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་གྱི་དབུས་སུ་རིན་པོ་ཆེ་གསེར་གྱི་ཁྲི་བཏེགས་ནས། ལྷ་ཀླུ་མི་གསུམ་དང་འགྲོ་བ་རིགས་དྲུག་སེམས་ཅན་ལ་རྒྱལ་པོའི་བཀའ་ཁྲིམས་བསྩལ་ཏེ་ཞིང་ཁམས་ཡང་ཞི་བདེ་རུ་བསྙམས་པར་མཛད་དོ། དེ་ནས་རྒྱུ་འབྲས་ཀྱི་བོན་གཏན་ལ་ཕབ་པར་མཛད་དེ་གཏོ་སུམ་བརྒྱ་དྲུག་ཅུ་དང་། དཔྱད་བརྒྱད་ཁྲི་བཞི་སྟོང་གཏན་ལ་ཕབ་སྟེ་ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་ལ་གཉེར་དུ་གཏད་དོ། །མེ་ཏོག་མཛེས་པའི་གླིང་ལ་རྩི་ཤིང་སྣ་ཚོགས་དང་། དཀར་མངར་དང་། ཤ་ཁྲག་དང་། རྩི་སྨན་དང་། མེ་ཏོག་དང་། འབྲུ་སྣ་ལ་སོགས་པ་མང་དུ་བསགས་ནས་དཀྱེལ་ཕུ་ཝེར་དཀར་པོ་མཆོད་ཅིང་། བསྟན་པ་བཟུང་བའི་དོན་དུ་སྣང་སྲིད་ཁ་ཡོ་བསྙམས་པའི་གཏོ་དང་དཔྱད་དུ་མཛད་དེ། གཏོ་གཞི་ཕྱི་ལིང་དཀར་པོའི་འོག་ཏུ་ས་ཡི་ཁུང་འཛུལ་སྔོན་མོ་ཞིག ལུས་པོ་སྦུང་བ། མྱུར་མགྱོགས་ཆེ་བ། གཡུ་རུ་ལྡེམ་པ། ཨག་ཚོམ་ཡོད་པ། རྔ་མ་རིང་བ་ཞིག་བྱུང་ནས་གསེར་གྱི་བྱེ་མའི་ས་མང་པོ་ཁྱེར་ཏེ། གཏོ་གཞིའི་ཕྱོགས་སུ་སྤུངས་པ་བདག་གིས་(སྟོན་པ་ཉིད)བཟུང་ནས། གཏོ་གཤེན་གྱི་ཕྱག་ཏུ་ཕུལ་བས། གཏོ་གཤེན་གྱི་ཞལ་ནས། ཡ་མཚན་ཅན་གྱི་སེམས་ཅན་འདི། ལུས་པོ་ཆུང་ལ་རྩལ་ཆེ་བ། བྱ་བྱེད་གློག་ལྟར་འགྱུ་བ། ཚིག་གི་ཟུངས་དམ་པ་ཞིག་འདུག་པ་སྤུ་མེད་བྱི་བྱི་བ་མིང་ཡང་བྱི་བར་ཐོགས་གསུངས་ནས། གསེར་གྱི་ས་གཞི་ལ་འབྲས་ཀྱི་བང་མཛོད་སྤེལ་དུ་བཅུག་པས། ལོ་བྱི་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་ངོ་། །གཤེན་གྱི་དགུངས་ལོ་གཅིག་བརྩི་བའི་ཚད་ཀྱང་དེ་ནས་བྱུང་ངོ་། །ལོ་འགོ་རྒྱལ་པོ་བྱི་བ་ནས་བཟུང་བ་ཡང་དེ་ནས་བྱུང་ངོ་། །ཕྱྭ་གཤེན་གྱི་གཏོ་ལ་བྱི་བྲུན་གྱི་ས་དགོས་པ་ཡང་དེ་ནས་བྱུང་། གཏོ་ཕྱི་ལིང་དཀར་པོའི་སྟེང་དུ་སྔོན་མོ་ནས་ཀྱི་སྨྲན་མ་བླུག་པ་ཡང་དེ་ནས་བྱུང་ངོ་། །གཏོ་གཤེན་གྱི་ཞལ་དུ་གསེར་སྐྱེམས་དང་གཡུ་མངོན་གྱིས་གསོལ་དགོས་པའང་དེ་ནས་བྱུང་ངོ་། །ནས་སྔོན་མོ་འབྲུ་བདུན་གྱིས་དཀྱེལ་ཕུ་ཝེར་དཀར་པོ་མཆོད་དགོས་པ་ཡང་དེ་ནས་བྱུང་ངོ་། །ཞེས་སོགས་གསུངས། གོང་འོག་དཔེ་ཁུངས་གཉིས་ནས་ཅུང་མི་འདྲ་ས་ནི་གོང་དུ་ཀུན་འབུམ་ལས། “ ས་བདག་ཁུང་འཛུལ་ཅིག་བྱུང་། བཟུང་སྟེ་ཡུམ་ལ་ཕུལ་ནས།  ཞེས་དང་། འདིར་གཟི་བརྗིད་ལས།བཟུང་ནས། གཏོ་གཤེན་གྱི་ཕྱག་ཏུ་ཕུལ་བས། ཞེས་བྱུང་བས་བརྟག་དགོས། །

གླང་།

2ཀུན་འབུམ་ཁྲ་བོ་གཡུང་དྲུང་ལྷ་རྒྱལ་བླའི་ཀུན་འབུམ་བསྟན་པའི་ལེའུ་ལས། “ དེ་ནས་སྟོན་པ་གཤེན་རབ་མི་བོ་རྒུང་ལོ་གཉིས་བཞེས་ནས།  ཞེས་སོགས་ནས། “ མི་ཡུལ་སྐྱི་འཐིང་གི་སྙིང་པོ། འོལ་མོ་ལུང་རིང་གི་བྱང་ཕྱོགས། རྟེན་ལ་མཚན་གསོལ་བ་ཤམ་པོ་ལྷ་རྩེ། ཡུལ་ལ་མཚན་གསོལ་བ་ཤམ་བྷ་ལའི་གནས་ཆེན། གནས་ལ་མཚན་གསོལ་བ་ཁྲི་སྨོན་རྒྱལ་བཞད་ཞེས་བྱ་བར་ཐུགས་ལས་སྤྲུལ་པའི་རྨ་ལོ་དང་། གསུང་ལས་སྤྲུལ་པའི་གཡུ་ལོ། སྟོན་པ་ཉིད་ཀྱི་སྐུ་དང་གསུམ། སྐོར་བ་བྱེད་ཅིང་ལྷ་ཕྱག་འཚལ། རྔ་གླིང་རྡུང་ཞིང་དར་འཕན་ཕྱར། མཆོད་པ་འབུལ་ཞིང་ལྷ་གསས་འབོད་ན། གར་གསས་བཙན་པོ་སྤྱན་དྲངས་པས། གསེར་གྱི་གླང་པོ་ཆེ་རུ་སྐུ་སྤྲུལ་ནས་བྱོན། ལོ་གླང་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། རྟེན་གར་མདུང་གཟུགས་པའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ས་བདག་གླང་ཆེན་ལྔ་སྟོབས་ཆེ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ཞེས་བྱུང་།

འདུས་པ་རིན་པོ་ཆེའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་དཔེའུ་ཙེ་རྣམ་གསུམ་བསྟན་པའི་མདོ་ལས། “ དེ་ནས་དགུང་ལོ་གཉིས་བཞེས་པའི་དུས་སུ། རི་གཡུང་དྲུང་དགུ་བརྩེགས་ཀྱི་ནུབ་ཕྱོགས་གྲོང་ཁྱེར་ཆེན་པོ་ངོ་མཚར་ལྟད་མོ་ཅན་ལ་ཞབས་ཀྱིས་བཅགས་ཞིང་།  ཞེས་སོགས་ནས། “ གཡུང་དྲུང་བོན་གྱི་བསྟན་པ་གཟུག་པར་དགོངས་ནས། མི་ཡུལ་སྐྱི་མཐིང་དུ་བྱོན་ནས། ལྷ་གར་གསས་བཙན་པོ་མཆོད་ཅིང་བསྒོམས་པས་གསེར་གྱི་གླང་པོ་ཆེ་རུ་སྐུ་སྤྲུལ་ནས་བྱོན་ནོ། དེ་ལ་སྣང་གཤེན་གྱིས་ཡ་མཚན་ཅན་གྱི་སེམས་ཅན་ལ། གཞན་དང་མི་འདྲ་བའི་གཙུག་ཡོད་པ། མིག་ཟབ་པ། རྣ་བ་ཡོར་བ། སྣ་ལྗགས་རིང་བ། མཆེ་བ་བཙིགས་པ། ཅང་ཤེས་པ། ཁུར་བོར་བ། རབ་ཏུ་བརྟན་པ། ཤིན་ཏུ་འགྱིང་བ། བག་ལྷོད་པ། ཚུལ་དང་ལྡན་པ་ཞིག་སྣང་བས་འདི་ནི་ལྷ་ཡི་སྤྲུལ་པ་མངོན་དུ་བྱོན་པ་ཞིག་སྣང་བས། སྣང་ལ་སྲིད་པ་ཡང་བསྐོས་ལ་འདིས་ཐེབས་སོ། །ལྷ་སྲིན་སྡེ་བརྒྱད་ཀྱི་བྱོལ་ཁ་ཡང་འདི་ཡིས་འདེབས་ནུས་སོ། །བདུད་སྲིན་དྲེགས་པའི་དལ་ཁ་ཡང་འདི་ཡིས་བསྒྱུར་ནུས་སོ། །འགྲོ་བ་རིགས་དྲུག་གི་འདོད་པ་ཡང་འདི་ཡིས་བསྐང་ནུས་སོ། །འདི་ནི་སྟོབས་ཆེ་ལ་བརྟན་པའི་གར་གླང་སྟོབས་ཆེན་དུ་མཚན་གསོལ་ཏོ། །ཞེས་གསུངས་ཏེ། གསེར་དང་ཡུངས་དཀར་གྱིས་མཆོད་ཅིང་གར་མདུང་ཟངས་ཡག་གི་རྟེན་འཛུག་པས་ལོ་གླང་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་ངོ་། །བསྟན་པ་རིན་པོ་ཆེ་རབ་ཏུ་བརྟན་པ་ཡང་དེ་ནས་བྱུང་ངོ་། །བྱང་ཆུབ་སེམས་དཔའ་ཤེས་རྒྱུད་དལ་བ་ཡང་དེ་ནས་བྱུང་ངོ་། །གལ་ཏེ་གང་གིས་རྒོལ་བའི་ཚོགས་ལ་དཔའ་ཞིང་བརྟན་པའང་དེ་ནས་བྱུང་ངོ་། །སྣང་གཤེན་གྱི་བོན་དགོས་དགུའི་ཡོ་བྱད་ཚོགས་པའང་དེ་ནས་བྱུང་ངོ་། །སྐད་ཀྱི་གཏང་རག་དང་ཚིག་གི་སྨྲ་བརྗོད་དང་སྣང་སྲིད་བསྐོས་ལ་ཐེབས་པའང་དེ་ནས་བྱུང་ངོ་། །ལྷ་སྲིན་གྱི་དལ་ཁ་དང་བདུད་སྲིན་གྱི་བྱོལ་ཁ་བཟློག་པ་ཡང་དེ་ནས་སྲིད་དོ། །འགྲོ་བ་རིས་དྲུག་གི་སེམས་ཅན་ལ་གླུད་དང་ཡས་ཀྱིས་བསྐངས་པ་ཡང་དེ་ནས་བྱུང་ངོ་། །ཞེས་བྱུང་། 

སྟག

3ཀུན་འབུམ་ཁྲ་བོ་གཡུང་དྲུང་ཞིང་ཁམས་ཞི་རྒྱས་དཔལ་གྱི་ཀུན་འབུམ་བསྟན་པའི་ལེའུ་ལས། “ དེ་ནས་སྟོན་པ་གཤེན་རབ་མི་བོ་རྒུང་ལོ་གསུམ་བཞེས་ནས།   ཞེས་སོགས་ནས།འོལ་མོ་ལུང་རིང་གི་ནུབ་ཕྱོགས། བོན་པོའི་རིགས་བཙུན་པ་གནས་པའོ། །ཁོ་མ་ནེའུ་ཆུང་པདྨ་འཇམ་པའི་གནས། བཀྲག་ལྡན་པདྨ་མེ་ལས་སྤྲུལ་པའི་ཞིང་ཁམས། མདོག་བཟང་དྲི་མེད་པདྨ་རབ་ཏུ་རྒྱས་པའི་གྲོང་ཁྱེར། བདེ་བར་གྲུབ་པའི་གཙུག་ལག་ཆེན་པོ། བདེ་ལྡན་པདྨ་གེ་སར་རྒྱས་པའི་ཕོ་བྲང་། ཀླུའི་རྫུ་འཕྲུལ་དང་ལྡན་པས་མངོན་པར་བརྩེགས་པའི་གནས། དེའི་ལྷོ་ནུབ་དཔལ་གྱི་རི་བོ་ཟུར་གསུམ། དབལ་གྱི་བྲག་ཕུག་རོང་ཆེན་ན། དབལ་བུ་ངར་ཚ་རོགས་སུ་ཁྲིད་དེ། དགྲ་བགེགས་འདུལ་དུ་བྱོན་པ་ལས། ནགས་ཚལ་རྩུབ་མོའི་བྲག་ཁྲོད་ནས། རྔམ་པ་བཀྲ་གསལ་སྟག་ཅིག་བྱུང་། རྫུ་འཕྲུལ་ཐབས་ཀྱི་ཞགས་པས་བཟུང་། ཡེ་ཤེས་རྣོན་པོའི་མཚོན་གྱི་རྒྱུ་རང་གྲོལ་མཛད། ཕྱི་སྤུ་མཚལ་གྱིས་ལྷ་གསས་མང་པོའི་དཔལ་བསྐྱེད། ནང་གི་དོན་སྙིང་གིས་ལྷ་སྲིན་སྡེ་བརྒྱད་དམ་བསྡུས། ལོའི་སྟག་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། དབལ་བོན་གྱིས་སྟག་གི་རྒྱལ་མཚན་འཛུགས་པའི་གཏན་ཚིགས་ཀྱང་དེ་ནས་བྱུང་། དྲག་པོ་སྔགས་ཀྱི་ཐུགས་རྗེས་སྒྲོལ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་ངོ་། །ཞེས་བྱུང་།

འདུས་པ་རིན་པོ་ཆེའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་དཔེའུ་ཙེ་རྣམ་གསུམ་བསྟན་པའི་མདོ་ལས། “ དེ་ནས་སྟོན་པ་དགུང་ལོ་གསུམ་བཞེས་པའི་དུས་སུ།   ཞེས་སོགས་ནས། “ དབལ་རི་དབལ་མཚོ། དབལ་གྱི་བྲག་ཕུག་ཅེས་བྱ་བ། རི་གཡུང་དྲུང་དགུ་བརྩེགས་ཀྱི་ལྷོ་ནུབ་ཏུ་བྱོན་ནས། དབལ་བོན་སྟག་ལ་མེ་འབར་དང་། དབལ་བུ་ངར་ཚ་སྐྱོལ་པོ་དང་། དབལ་བོན་ཁྲི་བརྩེགས་ཁྱབ་པ་དང་། དབལ་བོན་ཁ་ཡལ་མེ་འབར་དང་ཐབས་ཅིག་ཏུ་བཞུགས་ཏེ། ལྷ་དབལ་གསས་རྔམ་པ་མཆོད་ཅིང་བསྒོམས་པས་ནགས་ཚལ་རྩུབ་མོའི་བྲག་ཁྲོད་ནས་རྔམ་པ་སྟག་གསལ་སྟག་ཅིག་བྱུང་བར། དབལ་བོན་ལྗགས་ཀྱི་མཆིལ་མ་ཐེབ་གཅིག་བཏབ་པས་སྟག་གི་ཁ་ལ་མེ་འབར་ཏེ་འགྱེལ་བས། རྫུ་འཕྲུལ་ཐབས་ཀྱི་ཞགས་པས་བཟུང་ནས་འཕྲུལ་གཤེན་གྱི་ཕྱག་ཏུ་ཕུལ་བས། འཕྲུལ་གཤེན་གྱི་མཉམ་ཉིད་ཏིང་འཛིན་དགོངས་པས་རྒྱུ་བསྐྱེད། ཐུགས་རྗེ་ཁྲོས་པའི་ཞེ་སྡང་གི་དབང་ཕྱུང་ནས། ཡེ་ཤེས་རྣོན་པོའི་མཚོན་གྱིས་རྒྱུ་རང་གྲོལ་དུ་མཛད་དེ། ཕྱི་ཡི་སྤུ་མཚན་གྱིས་ལྷ་གསས་དབལ་གྱི་མཐུ་བསྐྱེད། ནང་གི་དོན་སྙིང་གིས་ལྷ་སྲིན་སྡེ་བརྒྱད་རྣམས་དམ་ལ་བསྡུས་ནས་གཤེན་གྱི་བར་ཆད་ཐམས་ཅད་ཉེ་བར་ཞི་བ་རུ་མཛད་དོ། །ལོ་སྟག་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། དབལ་བོན་སྟག་ལ་མེ་འབར་ཞེས་བྱ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་། མགོ་བོ་ལྷ་གསས་ཀྱི་རྟེན་དུ་བཙུགས་པས་སྟག་གི་རྒྱལ་མཚན་གྱི་གཏན་ཚིགས་ཀྱང་དེ་ནས་བྱུང་། གཞུང་ལ་དབལ་བོན་གྱི་ཐོད་དུ་བྱས་པས་དབུ་ལ་སྟག་གི་པྲོག་ཞུའི་གཏན་ཚིགས་ཀྱང་དེ་ནས་བྱུང་། སུག་བཞི་དབལ་བོན་གྱི་སྐུ་རྒྱན་བྱས་པས་དབལ་གཤེན་སྟག་གི་ཤམ་ཐབས་ཀྱི་གཏན་ཚིགས་ཀྱང་དེ་ནས་བྱུང་། །ཞེས་བྱུང་།

ཡོས།

4ཀུན་འབུམ་ཁྲ་བོ་གཡུང་དྲུང་མཐའ་རྒྱས་བསྟན་པའི་ལེའུ་ལས། “ དེ་ནས་སྟོན་པའི་རྒུང་ལོ་གསུམ་ལོན་པའི་སྟེང་ན་རྒུང་ལོ་བཞི་བཞེས་ནས།   ཞེས་སོགས་ནས། “ དེ་དག་ཀུན་རྫོབ་ལས་ཡང་དག་པར་བསྟན་པ་ཐར་པ་གཡུང་དྲུང་གི་དབྱིངས་འདུར་དྲུག་ཅུ་ཐུགས་སུ་ཆུད་དེ། སྨྲ་ཡུལ་ཐང་བརྒྱད་དུ་མི་གསོན་གཤིན་གྱི་བདལ་སྤྲོད་དུ་བྱོན་པས། ར་བསྙན་ཟ་རིང་པོ་ཞིག ཁ་ནས་མ་རྩོགས་བཀང་ནས་བྱུང་། ལོ་ཡོས་བུ་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། མེད་པ་ལ་ཡོད་པར་བཏགས་པའི་རི་བོང་རྭ་ཞེས་པའི་གཏན་ཚིགས་ཀྱང་དེ་ནས་བྱུང་། །ཞེས་བྱུང་།

འདུས་པ་རིན་པོ་ཆེའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་དཔེའུ་ཙེ་རྣམ་གསུམ་བསྟན་པའི་མདོ་ལས།དེ་ནས་དགུང་ལོ་བཞི་བཞེས་པའི་དུས་སུ།ཞེས་སོགས་ནས།དེ་ནས་སྨྲ་ཡུལ་ཐང་བརྒྱད་དུ་སྨྲ་མིའི་མགོན་པོ་སྨྲ་རྗེ་རྒྱལ་པོ་གྲོངས་པའི་མི་གསོན་གཤིན་གྱི་བརྡ་སྤྲོད་དུ་བྱོན་ནས་སྲིད་གཤེན་གཙུག་ཕུད་དང་ཐབས་ཅིག་ཏུ་བཞུགས་སོ། །ཡ་སྟགས་ཚོགས་མང་པོ་བསགས་ནས་ལྷ་འདུར་གསས་རྨ་བོ་མཆོད་ཅིང་བསྒོམས་པས། དུས་རེས་ཤིག་ཡ་སྟགས་ཀྱི་ནང་ནས་གཟུགས་བརྙན་རྣ་རིང་ཞིག་ཁ་ལ་ཡོས་ཀྱིས་བཀང་ནས་བྱུང་བ་རྫུ་འཕྲུལ་ཐབས་ཀྱིས་བཟུང་ནས་སྲིད་གཤེན་གྱི་ཕྱག་ཏུ་ཕུལ་བས། སྲིད་གཤེན་གྱིས་འདི་ནི་མི་འདྲ་བ་དང་མི་མཐུན་པའི་སེམས་ཅན་ཞིག་སྣང་བས་གསོན་གཤིན་གཉིས་ཀའི་ཡ་སྟགས་སུ་ཆེ་སྟེ། ལུས་པོ་སྦུང་བ། མགོ་བོ་ཆུང་བ། རྣ་བ་རིང་བ། ཁ་སྣ་རལ་པ། རྔ་མ་འུར་བ། སྤྱན་མིག་ཆེ་བ་ཞིག་སྣང་བས། ཅིས་ཀྱང་ཡས་སྟགས་སུ་བཏུལ་བས་ཡས་ལ་ཡོས་ཀྱིས་མཚུངས་བཟང་གསུངས་ཏེ། ཤི་ཐབས་དང་འདུར་ཐབས་ཀྱི་གཏོ་དང་ཡས་སུ་བྱས་པས། གསོན་པོའི་སྲོག་སྐྱོབ་པ་དང་། གཤིན་པོའི་བླ་ཁུག་སྟེ། གསོན་གཤིན་གྱི་བརྡ་སྤྲད་ནས་གཤིན་པོ་ཡང་བདེ་བ་རུ་གནས་སྤར་བས། ལོ་ཡོས་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། །ཞེས་བྱུང་།

འབྲུག

5ཀུན་འབུམ་ཁྲ་བོ་དགུ་མིག་ཐར་ལམ་པའི་དགེ་བསྙེན་གྱི་ཀུན་འབུམ་བསྟན་པའི་ལེའུ་ལས།དེ་ནས་སྟོན་པ་གཤེན་རབ་ཀྱི་རྒུང་ལོ་ལྔ་བཞེས་ནས།ཞེས་སོགས་ནས།ལྷོ་ཤར་དགའ་བ་བརྩེགས་པ་མེ་ཏོག་ཨུ་དུ་བྷར་བ་འཁྲུངས་པའི་ཚལ། རི་བོ་ཧ་རྦང་། རྒྱ་མཚོ་རྒ་བ་ཏིང་། གཤེན་རབ་ཀྱི་སློབ་མ་ཐམས་ཅད་མངོན་པར་རྫོགས་པ་སངས་རྒྱས་པའི་ཚལ་དུ་། དགེ་རྒྱས་རང་བྱུང་གི་མཆོད་རྟེན་དཔག་ཚད་བདུན་རང་བྱུང་དུ་ཡོད་པའི་སར། གསེར་ཐང་གཡུ་ལོ་རིས་སུ་ལས་དཀའ་བ་རྣམ་པ་སྣ་ཚོགས་སྤྱད། ལྷའི་ཡུལ་ནས་དཔེ་བླངས་པའི་ལོ་པན་དགུ་རྩེག་གི་མཆོད་རྟེན་བཞེངས་ཏེ་ཞལ་བསྲོས་པས། ནམ་མཁའ་ལ་སྒྲ་ཡི་རྒྱལ་པོ་འབྲུག་སྔོན་པོ། སྤྲིན་གྱི་དབུས་ནས་འོད་ཀྱི་ལྕེ་འབྱིན་པ་ཞིག་བྱུང་སྟེ། ལོ་འབྲུག་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། དབྱར་དགུན་འབྲུག་གིས་འབྱེད་པའི་གཏན་ཚིགས་ཀྱང་དེ་ནས་བྱུང་། །ཞེས་བྱུང་།

འདུས་པ་རིན་པོ་ཆེའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་དཔེའུ་ཙེ་རྣམ་གསུམ་བསྟན་པའི་མདོ་ལས།དེ་ནས་དགུང་ལོ་ལྔ་བཞེས་པའི་དུས་སུ།ཞེས་སོགས་ནས།ཐེག་པ་ལྔ་པ་དགེ་བསྙེན་གྱི་བོན་རྣམས་གཏན་ལ་ཕབ་སྟེ་དགེ་བསྙེན་གཙུག་ཕུད་ལ་གཉེར་དུ་གཏད་དོ། །གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ཞལ་བསྲོ་ཞིང་གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པ་གཙུག་ཕུད་དང་ཐབས་ཅིག་ཏུ་བཞུགས་སོ། །ཚོགས་བསགས་སྒྲིབ་པ་སྦྱང་བའི་མཆོད་ཡོན་མང་པོ་རྣམས་བསགས་ཏེ། དབང་གི་ལྷ་གཡུང་དྲུང་ཡེ་དབང་གི་རྒྱལ་པོ་ཡིད་བཞིན་ནོར་བུ་ཅན་ཞེས་བྱ་བ་མཆོད་ཅིང་བསྒོམས་པས། ནམ་མཁའ་ལ་སྒྲ་སྐད་ཀྱི་རྒྱལ་པོ་གཡུ་འབྲུག་སྔོན་པོ་སྤྲིན་ཟིལ་གྱི་ནང་ན་ཞུགས་ཏེ། སྤྲིན་གྱི་དབུས་ནས་གློག་གི་ལྕེ་འབྱིན་པ་ཞིག་བྱུང་བ་ལ། གཤེན་ཚངས་པ་གཙུག་ཕུད་ཀྱིས་དཔྱད་པས། འདི་ནི་སྒྲ་སྐད་ཀྱི་རྒྱལ་པོ་དབྱར་དགུན་གྱི་ཤན་འབྱེད་པ། དུས་ཚོད་གྲགས་པ་ཞིག་འདུག་པས་འོ་སྐོལ་གྱིས་གཏན་པ་ཕབ་པ་འདི་ཡང་ཐེག་པ་མདོ་རུ་བསྡུས་པ་དང་། དགེ་སྡིག་གི་སྟངས་བརྩི་བ་དང་། རྒྱུ་འབྲས་ཀྱི་ཤན་འབྱེད་པས་སྙན་པ་ཕྱོགས་བཅུར་ཡོངས་ལ་གྲགས་ནས། བསྟན་པ་ནམ་མཁའི་མཐའ་རུ་གནས་རུ་གསུངས་ཏེ་ལོ་འབྲུག་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། །ཞེས་བྱུང་།

སྦྲུལ།

6ཀུན་འབུམ་ཁྲ་བོ་སླུང་མིང་ཐར་ལམ་དྲང་སྲོང་གི་ཀུན་འབུམ་བསྟན་པའི་ལེའུ་ལས།དེའི་ཚེ་དེའི་དུས་ན། སྟོན་པ་གཤེན་རབ་རྒུང་ལོ་དྲུག་བཞེས་ནས།ཞེས་སོགས་ནས།རྣམ་དག་རང་གི་མཆོད་རྟེན་དཔག་ཚད་བདུན་ཡོད་པའི་ས། ཆུ་བོ་ན་ར་ཛ་རའི་འགྲམ། ཤིང་ལོ་རྒྱས་ཀྱི་རྩར་དཀའ་ཐུབ་མཛད་པས། ཙན་དན་སྡོང་པོའི་གྲིབ་བསིལ་ལ། གཤེན་དྲང་སྲོང་རྒྱལ་བ་དང་བཀའ་མོལ་མོལ་ན་གཟིགས་ཏེ་བཞུགས་པ་ལས། གདུག་པ་ཤ་ཟན་གྱི་བུ་སྦྲུལ་ཞེས་བྱ་བ། མགུར་གྱི་གསང་ནས་འཁྱུད་དེ་གདའ། ཐུགས་རྗེའི་དར་དཀར་སླེབ་ཀྱིས་བཟུང་། ལོ་སྦྲུལ་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། སྨན་ལྕེ་དཀར་པོ་སྦྲུལ་ལ་བྱིན། སྦྲུལ་སྲོག་མཚོན་གྱིས་མི་ཆོད་པའི་གཏན་ཚིགས་ཀྱང་དེ་ནས་བྱུང་། དུག་ལྕེ་ནག་པོ་འཕྲོག་པར་དགོས་ནའང་ཡང་། ཁྲིམས་ལ་འགལ་ནས་མ་འཕྲོག་བཏང་། མ་བྱིན་པ་མི་ལེན་པའི་གཏན་ཚིགས་ཀྱང་དེ་ནས་བྱུང་། མ་བསད་གནས་སུ་བསྐྱལ་ཏེ་བཏང་། སྲོག་མི་བཅད་པའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ཆུ་སྨན་རྒྱལ་མོ་བཟང་སྡུག་འོད་ཆགས་མ། མཛེས་པ་སྣ་ཚོགས་རྒྱན་གྱིས་བརྒྱན་ནས་སྐུ་ལ་འཁྲིལ་ཏེ་བྱུང་། མི་སྡུག་རྒན་མོ་ལོང་བར་བྱིན་གྱིས་བརླབས་ཏེ་བཏང་། འདོད་པ་ལོགཔར་མི་གཡེང་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་ངོ་། །ཞེས་བྱུང་།

འདུས་པ་རིན་པོ་ཆེའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་དཔེའུ་ཙེ་རྣམ་གསུམ་བསྟན་པའི་མདོ་ལས།དེ་ནས་དགུང་ལོ་དྲུག་བཞེས་པའི་དུས་ནས།ཞེས་སོགས་ནས།ཤར་ཕྱོགས་སུ་ཆུ་བོ་ན་ར་ཛ་རའི་འགྲམ། ཤིང་ལོ་རྒྱས་ཀྱི་རྩ་བར་དཀའ་ཐུབ་མཛད་དུ་གཤེགས་ནས་མེ་ཏོག་སྣ་ཚོགས་ཀྱི་གླིང་། ཙན་དན་སྡོང་པོའི་གྲིབ་བསིལ་དུ་གཤེན་གྱི་དྲང་སྲོང་གཙུག་ཕུད་རྒྱལ་བ་དང་ཐབས་ཅིག་ཏུ་བཞུགས་སོ། །བདེ་བར་གཤེགས་པ་ལ་མཆོད་པའི་བྱེ་བྲག་སྣ་ཚོགས་སུ་ཕུལ་ནས་གཤེན་གྱི་དགེ་སྤྱོད་ཡན་ལག་བདུན་པ་རུ་མཛད་ཅིང་། བདེ་བར་གཤེགས་པའི་བཀའ་ལུང་ལ་དཔང་དུ་བཙུག་ནས་ཚིག་དང་ཡི་གེར་བྲིས་ཤིང་། ཡི་གེའི་ལྷ་ཡེ་སྲིད་འཕྲུལ་གྱི་རྒྱལ་པོ་མཆོད་ཅིང་བསྒོམས་པས་གཤེན་གྱི་དྲང་སྲོང་ཡང་ལས་རྒྱུ་འབྲས་ཀྱི་བཀའ་ཡོལ་ནས་གཟིགས་ཏེ་བཞུགས་པ་ལ། གདུག་པ་ཤ་ཟན་གྱི་བུ་སྦྲུལ་ཞིག་མགུར་གྱི་གསང་དུ་འཁྱུད་དེ་བསྡམས་པ་ལ་གཤེན་གྱི་ཞལ་ནས། འདི་ནི་ཤིན་ཏུ་ཞེ་སྡང་ཆེ་བའི་སེམས་ཅན་སྤྱན་མིག་ཟླུམ་པ། མིག་རྩ་འཁྲུགས་པ། སྤྱི་གཙུག་འབུར་བ། ཞལ་ཁ་ཡངས་པ། གློག་ལྕེ་མྱུར་བ། ལུས་པོ་འཁྱུད་པ། རྐང་ལག་མེད་པ། ཐོགས་མེད་འགྲོ་བ། ཁ་རླངས་ངན་པ་ཞིག་སྣང་བ་ཕར་རོལ་རྒོལ་བའི་ཕྱོགས་ལ་ཐབས་ལ་མཁས་པ་བྱ་བ་ནི་རྣམ་པར་དག་པ་གཤེན་གྱི་སྤྱོད་པ་ལ་འཇུག་པར་བྱ་བའོ། །ཞེས་སོགས་ནས།ང་ནི་ནགས་ཚལ་གླིང་ལ་བསྡད། །ཁྱོད་ཀྱི་དབེན་གནས་ང་ཡིས་བསྲུང་། །སྐྱེས་བུ་དཀའ་ཐུབ་སྲུང་བ་ལ། །གདུག་པའི་ཚོགས་ཀྱིས་གནོད་མི་བསྐྱལ། །ཕན་གདགས་ལན་ལ་ཕན་ཀྱང་འདོགས། ཞེས་ཟེར་ནས། གུས་པར་འདུད་པས་ལོ་སྦྲུལ་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། །ཞེས་སོགས་གོང་གི་ཀུན་འབུམ་ལྟར་རྩ་བཞིའི་གཏན་ཚིགས་བྱུང་སྟངས་སོགས་རྒྱས་པར་བྱུང་།

རྟ།

7ཀུན་འབུམ་ཁྲ་བོ་ཀག་མིག་ཐར་བའི་ཨ་དཀར་གྱི་ཀུན་འབུམ་བསྟན་པའི་ལེའུ་ལས།དེ་ནས་སྟོན་པ་གཤེན་རབ་རྒུང་ལོ་བདུན་བཞེས་ནས།ཞེས་སོགས་ནས།འོག་མིང་གནས་གཞི་པདྨ་བཀོད་པ། རྒྱུན་མེད་ཐུགས་རྗེའི་བོན་བཤད་པ། གཡུང་དྲུང་རང་བྱུང་གི་མཆོད་རྟེན་དཔག་ཚད་བདུན་ཡོད་པའི་སར། ཤེལ་གྱི་བྲག་དཀར་རྩེ་རྫོང་ལ་སྒྲུབ་པ་མཛད་པས། གསང་བའི་དངོས་གྲུབ་དངོས་སུ་གཤེན་གསང་བ་འདུས་པ་ལ་བསྙེམས་པས། ཨ་ཡང་རླུང་ལས་སྤྲུལ་པའི་ཅང་ཤེས་རྟ་ཕོ་སྤྲིན་གྱི་ཤུགས་ཆེན་ཞིག་དངོས་གྲུབ་ཏུ་བྱུང་སྟེ། ལོ་རྟ་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། གསང་སྔགས་གསང་བའི་བསྒྲུབ་ན་བསྐྱོད་པ་མེད་པར་གནས་སུ་ཕྱིན་པའི་གཏན་ཚིགས་ཀྱང་དེ་ན་བྱུང་། །ཞེས་བྱུང་།

འདུས་པ་རིན་པོ་ཆེའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་དཔེའུ་ཙེ་རྣམ་གསུམ་བསྟན་པའི་མདོ་ལས།དེ་ནས་བདུན་བཞེས་པའི་དུས་སུ།ཞེས་སོགས་ན།ཐེག་པ་བདུན་པ་ཨ་དཀར་གྱི་བོན་གཏན་ལ་ཕབ་ནས་དབང་ལྡན་གཙུག་ཕུད་ལ་གཉེར་དུ་གཏད་དོ།ཞེས་སོགས་ནས།གཞན་ཡང་མཆོད་པའི་ཡོ་བྱད་ཕུན་སུམ་ཚོགས་པ་སུ་བསགས་ནས་ལྷ་མཁའ་འགྱིང་ཁྲོ་བོ་བསྒོམས་ཤིང་བསྒྲུབས་པས། དུས་རེས་ཤིག་ན་བར་སྣང་གི་ཁམས་ནས། ཨ་ཡང་རླུང་ལས་སྤྲུལ་པས་ཅང་ཤེས་ཀྱི་རྟ་པོ་སྤྲིན་གྱི་ཤུགས་ཅན་ཞིག དངོས་འགྲུབ་ཀྱི་རྟགས་སུ་དབེན་གནས་ཀྱི་སྒོ་རུ་བབས་ནས་བྱུང་བ་རྫུ་འཕྲུལ་ཐབས་ཀྱིས་བཟུང་སྟེ་དབལ་གཤེན་གྱི་ཕྱག་ཏུ་བཏང་བས། དབལ་གཤེན་གྱི་ཞལ་ནས། འདི་ནི་ཡ་མཚན་ཆེ་བའི་སེམས་ཅན། སྤྲིན་གྱི་གསེབ་ནས་རླུང་གི་བུ། སྤྱི་གཙུག་རིན་ཆེན་སྒོང་རྡོ་འདྲ་བ། རྣ་བ་རྒོད་ཀྱི་མཐེབ་གཤོག་འདྲ་བ། སྤྱན་མིག་ལ་ཁའི་སྐར་ཆེན་འདྲ་བ། ཁ་སྣ་རི་དགས་ཤ་བ་འདྲ་བ། རྔོག་མ་ལྷོ་སྤྲིན་ཕྱུག་མོ་འདྲ་བ། རྔ་མ་བྲག་ལ་ཆུ་འབབ་འདྲ་བ།ཞེས་སོགས་ནས།སྤྲུལ་པའི་སྐུ་ལ་ཆིབས་བསྐྱོད་མི་འཚལ་ཏེ། །འགྲོ་བ་རང་མཐུན་ཆ་ལུགས་བསྟན་པའི་ཕྱིར། །རྒྱལ་བས་ཆིབས་ཀྱི་དང་པོ་མཛད་པར་ཞུ། ཞེས་གསུངས་པས། ལོ་རྟ་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། །ཞེས་བྱུང་།

ལུག

8ཀུན་འབུམ་ཁྲ་བོ་རྒུད་མིག་ཐར་པའི་ཡེ་གཤེན་གྱི་ཀུན་འབུམ་བསྟན་པའི་ལེའུ་ལས།  དེ་ནས་སྟོན་པ་རྒུང་ལོ་བརྒྱད་བཞེས་ནས།ཞེས་སོགས་ནས།རྒྱ་མཚོ་གཡུང་དྲུང་མ་གི་ཏིང་གི་འགྲམ། ས་གཞི་ཐམས་ཅད་བདུད་རྩི་བྱེད་པའི་ཚལ། བཀོད་པ་དོན་གྱི་མཆོད་རྟེན་དཔག་ཚད་བདུན་ཡོད་པའི་དྲུང་དུ་། དཔལ་གྱི་རི་བོ་གངས་ཅན་ཉིད་ལ་ཞལ་ཉིད་ཀྱིས་གཟིགས་ཏེ་དགོངས་པ་མཛད་ནས། མི་འགྱུར་བའི་གཡུང་དྲུང་སྐུ་ལ་འཆང་བས་ཡེ་གཤེན་བཀོད་པ་དོན་གྱི་བཀའ་རྒྱུད་གཏན་ལ་ཕབ། སྣང་བ་ཐམས་ཅད་ནི་ཡེ་གཤེན་དུ་དགོངས་ཏེ་བཞུགས་པས། རིན་པོ་ཆེ་རྐང་འགྲོས་ཞེས་བྱ་བ། ལྷ་ལུག་སྨད་བདུན་བྱུང་སྟེ། ཉིན་ཞིང་མ་བཙས་པར་མཚན་ཞིང་ཞོ་སྐྱེལ་དུ་བྱུང་བས། ལོ་ལུག་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། དགེ་བ་མིས་བྱས་པས་འཚོ་བ་ལྷས་སྦྱོར་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་ངོ་། །ཞེས་བྱུང་།

འདུས་པ་རིན་པོ་ཆེའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་དཔེའུ་ཙེ་རྣམ་གསུམ་བསྟན་པའི་མདོ་ལས།དེ་ནས་དགུང་ལོ་བརྒྱད་བཞེས་པའི་དུས་སུ།ཞེས་སོགས་ནས།རི་བོ་གངས་གླིང་ཁྲོད་ཀྱི་ནགས་ཚལ་དུ་བྱོན་ནས། གངས་ཁྲོད་རིན་ཆེན་མཛེས་པའི་གཞལ་ཡས་སུ། ཡིད་ལས་སྤྲུལ་པའི་ཁྱེའུ་ཆུང་ཡེ་གཤེན་གཙུག་ཕུད་དང་ཐབས་ཅིག་ཏུ་བཞུགས་ཏེ། ལྷ་འོད་དཀར་སྐྱེ་བ་གནས་འཛིན་མཆོད་ཅིང་བྱང་ཆུབ་ཀྱི་སེམས་བསྒོམས་པས་མི་འགྱུར་བའི་གཡུང་དྲུང་གི་སྐུ་ལ་འཆང་སྟེ་ཉིད་ཞལ་ཉིད་ཀྱིས་གཟིགས་ཏེ་དགོངས་པ་མཛད་དེ། རིན་པོ་ཆེའི་རྐང་འགྲོས་ཞེས་བྱ་བ་ལྷ་ལུག་སྨད་བདུན་བྱུང་སྟེ། ཉིན་ཞིང་མ་བཙའ་བར། མཚན་ཞིང་ཞོ་སྐྱེལ་བས་འཚོ་བ་དུས་སུ་སྦྱོར་བ་བྱུང་སྟེ། ཡིད་ལས་སྤྲུལ་པའི་ཁྱེའུ་ཆུང་གི་དེ་ལ་ངོ་མཚར་སྐྱེས་ནས། འདི་ནི་ཤིན་ཏུ་ངོ་མཚར་བའི་སེམས་ཅན་རྐང་འགྲོས་ཀྱི་རིགས་ལ། བལྟ་ན་སྤྱན་ལ་མཛེས་པ། གཟུགས་ཕུང་ཆེ་ཆུང་རན་པ། སྤུ་མཚན་ཤིན་ཏུ་དཀར་བ། མིག་ལ་ཤེལ་མདངས་ཆགས་པ། རྭ་ཅོ་མཛེས་ལ་དོད་པ། རྣ་བ་རྡེབ་ལ་འཁྱུག་པ། གསུང་སྐད་གདུང་ལ་སྙན་པ། ཁ་སྣ་གཙང་ལ་ལེགས་པ། འགྲོ་ན་རྐང་འགྲོས་མཁས་པ། འདུག་ན་ཤ་ལྤགས་དྲོ་བ། བལ་ལ་གོས་སུ་འབྱུང་བ། བཞོས་ན་གསོས་སུ་གྱུར་པ།ཞེས་སོགས་ནས།རིན་པོ་ཆེའི་རྐང་འགྲོས་སྲིད་པའི་ལུགས་དང་མཐུན་པ་ཞིག་བྱུང་བ་འདི་ནི་གཡུང་དྭགས་ཀྱི་མཆོག་ཏུ་གྱུར་པར་འོ་སྐོལ་ལ་འཚོ་བ་ལྷས་སྦྱར་བའོ། །ཞེས་ཟེར་བས་ལོ་ལུག་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། །ཞེས་བྱུང་།

སྤྲེལ།

9ཀུན་འབུམ་ཁྲ་བོ་ཐེག་པ་ཆེན་པོ་རྣམ་པར་བཀོད་པ་གཡུང་དྲུང་ཚེ་རྒྱས་བསྟན་པའི་ལེའུ་ལས།སྟོན་པ་གཤེན་རབ་རྒུང་ལོ་དགུ་བཞེས་ནས།ཞེས་སོགས་ནས།རི་གཡུང་དྲུང་དགུ་བརྩེགས་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། རྩེ་ལ་ལོ་པན་གཤེན་གྱི་མཆོད་རྟེན་རང་བྱུང་དུ་ཡོད་པ། གཡུང་དྲུང་ཁྲི་འཕང་རིན་ཆེན་སྣ་དགུ་ལ་བརྩེགས་པ། སྨན་གྱི་ནགས་ཚལ་རྒྱས་པའི་དབེན་པར་འཁོར་སྤངས་དགོན་པ་མཛད་པས། སྤྲེའུ་རྒྱལ་པོ་ཧ་ནུ་མ་དྷ་ཡིས། རི་རབ་ཀྱི་ཁ་ནས་བབ་སྟེ་ལྗོན་ཤིང་གི་མེ་ཏོག་གཟེ་ཞལ་གང་ཐོགས་ནས། མགོ་བའི་ཞབས་ལ་ལྷ་ཕྱག་འཚལ་བས། ལོ་སྤྲེའུ་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། མེ་ཏོག་ལྷ་ལ་ཕུལ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ཞབས་སྤྱི་བོས་བླང་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་ངོ་། །ཞེས་བྱུང་།

འདུས་པ་རིན་པོ་ཆེའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་དཔེའུ་ཙེ་རྣམ་གསུམ་བསྟན་པའི་མདོ་ལས།དེ་ནས་དགུང་ལོ་དགུ་བཞེས་པའི་དུས་སུ།ཞེས་སོགས་ནས།འདམ་བུ་མེ་ཏོག་གི་གླིང་ལ་བྱང་ཆུབ་ཤིང་གི་སྐྱིལ་པོ་རུ། ཉིད་ལས་མི་ཞན་པའི་འཁོར་ཚད་མེད་འོད་ཀྱི་གཙུག་ཕུད་ཅན་དང་ཐབས་ཅིག་ཏུ་བཞུགས་སོ། །ལྷ་ནི་སེམས་རང་འབྱུང་གི་གཤེན་ལྷ་དཀར་པོ་བསྒོམས་པས། ནགས་ཚལ་གྱི་གླིང་ནས་སྤྲེའུ་རྒྱལ་པོ་ཧ་ནུ་མན་དྷ་ཞེས་བྱ་བས། ལྗོན་ཤིང་མེ་ཏོག་བཟེད་ཞལ་གང་ཞོགས་ནས་སྤྲེའུའི་འཁོར་ཚོགས་སྟོང་ཕྲག་དུ་མ་དང་བཅས་ནས་སྟོན་པའི་དྲུང་དུ་འཁོད་དེ། མགོ་བོས་ཞབས་ལ་ཕྱག་འཚལ་ནས་སྟོན་པ་ལ་གསོལ་པ།ཞེས་སོགས་ནས།ཞབས་སྤྱི་བོར་བླངས་པ་ལ་ཚད་མེད་འོད་ཀྱི་གཙུག་ཕུད་ཅན་ངོ་མཚར་སྐྱེས་ནས་སྨྲས་པ། ཨ་ལ་ལ་ཧོ། ཤིན་ཏུ་ངོ་མཚར་བའི་སེམས་ཅན་ཤེས་རིག་དང་ལྡན་པ། ལྷུན་ཆགས་པ། བག་ཡོད་པ། སྤྱོད་ལམ་མཛེས་པ། ན་སོ་གཞོན་པ། གཙང་སྦྲ་ཆེ་བ། རལ་པ་ཡོད་པ། ལྕང་ལོ་བསྙེལ་བ།ཞེས་སོགས་ནས།དེ་ནས་དེ་རྣམས་ལ་བྱང་ཆུབ་སེམས་ཀྱི་གནས་ལུགས་ཀྱི་མདོ་རྩ་གཏན་ལ་ཕབ་སྟེ་བཤད་པར་མཛད་དེ་ཉམས་སུ་བླངས་པ་ལ། སྤྲེའུ་བྱང་ཆུབ་སེམས་དཔའ་མང་དུ་བྱུང་ནས་བླ་མེད་ཐེག་པའི་འཁོར་གྱི་དང་པོར་གྱུར་བས་ལོ་སྤྲེལ་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། སྤྲེའུ་ཚོགས་དེ་རྣམས་ཀྱིས་འདུད་ཅིང་བདག་གི་ཞབས་ཀྱི་པད་མོ་ལ་གཏུགས་པས་ཞབས་སྤྱི་བོར་ལེན་པའི་གཏན་ཚིགས་ཀྱང་དེ་ནས་བྱུང་། །ཞེས་བྱུང་།

བྱ།

10ཀུན་འབུམ་ཁྲ་བོ་ཀུན་ཐུབ་རྒྱལ་པོ་སྲུང་བའི་ཀུན་འབུམ་བསྟན་པའི་ལེའུ་ལས།དེ་ནས་སྟོན་པ་གཤེན་རབ་ཀྱིས་རྒུང་ལོ་བཅུ་བཞེས་ནས། སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་ཅུ་རུ་སྐད་བསྒྱུར་ལ། གཡུང་དྲུང་བོན་གྱི་བསྟན་པ་གཟུག་པར་དགོངས་པས། འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་ཆེན་གཅིག འདི་ལ་ཆིབ་ཀྱི་ཡི་གེ་མགུར་དུ་བཏགས་ནས་བྱུང་སྟེ། ལོ་བྱ་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ལྟ་བ་ཁྱུང་ཆེན་གྱི་གཏན་ཚིགས་ཀྱང་དེ་ནས་བྱུང་། རླབས་ཆེན་བྱ་ཁྱུང་དེ་ལ་བཅིབས་ནས་བོན་གྱི་བསྟན་པ་གཟུག་ཏུ་གཤེགས་ནས། དང་པོ་ཞང་ཞུང་ཡུལ་དུ་བབ་པས་བསྟན་པ་ཞང་ཞུང་ལ་སྔ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ཞང་ཞུང་བོན་གྱི་རྒྱལ་པོ་ཐོགས་པའང་དེར་སྲིད་དོ། །ཞེས་བྱུང་།

འདུས་པ་རིན་པོ་ཆེའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་དཔེའུ་ཙེ་རྣམ་གསུམ་བསྟན་པའི་མདོ་ལས།དེ་ནས་དགུང་ལོ་བཅུ་བཞེས་པའི་དུས་སུ། རྒྱལ་ས་བལ་པོ་སོ་བརྒྱད་ཀྱི་མཁར་ལ་བཞུགས་ཏེ། ཐེག་པ་དགུ་བའི་དོན་གཏན་ལ་ཕབ་ནས་སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་ཅུའི་དོན་ཐུགས་སུ་ཆུད་ཅིང་། སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་ཅུའི་སྐད་བསྒྱུར་ནས། གཡུང་དྲུང་བོན་གྱི་བསྟན་པ་གཟུག་པར་དགོངས་པ་ལ། མདུན་གྱི་ནམ་མཁའ་ལ་འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་གཅིག་ལ། བྱ་བྲན་སུམ་བརྒྱ་དྲུག་ཅུས་བསྐོར་ནས། ཆབས་ཀྱི་ཡི་གེ་མགུར་དུ་བཏགས་པ་ཞིག་བྱུང་སྟེ། ཞེས་སོགས་ནས། བྱ་ཁྱུང་གི་རྒྱལ་པོ་ལ་སོགས་འཁོར་རྣམས་ཀྱང་། ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་དོན་ཐུགས་སུ་ཆུད་ནས། ཤིན་ཏུ་དགའ་བ་དང་མགུ་བར་གྱུར་ནས་སྟོན་པ་མཆོད་པ་ཕུལ་ཞིང་ཀུན་གྱིས་མངོན་པར་བསྟོད་པས་ལོ་བྱ་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ལྟ་བ་ཁྱུང་ཆེན་གྱི་གཏན་ཚིགས་ཀྱང་དེ་ནས་བྱུང་། །ཞེས་བྱུང་།

ཁྱི།

11ཀུན་འབུམ་ཁྲ་བོ་ཀུན་སྐྱོབ་རྒྱལ་པོའི་བསྒྱུར་ཆོས་བསྟན་པའི་ལེའུ་ལས།དེ་ནས་སྟོན་པ་གཤེན་རབ་མི་བོ་རྒུང་ལོ་བཅུ་གཅིག་བཞེས་ནས། ཁྱི་ན་ཙུག་གི་ཡུལ་བྱོན་པས། གུ་གུ་ར་ཙ་ཁྱིའི་རྒྱལ་པོས་གདུག་པའི་དམག་བསྡུས།ཞེས་སོགས་ནས།དེའི་ཚེ་བདུད་དང་གུ་གུ་ར་ཙའི་དམག་རྣམས་བརྒྱལ་བ་སངས་ནས་ཕྱག་དང་མཆོད་པ་བྱས་ཏེ། བདུད་ཐམས་ཅད་ནི་སྟོན་པའི་འཁོར་དུ་བྱས། ཁྱི་ཐམས་ཅད་ནི་སྟོན་པའི་འཁོར་མི་རྣམས་ཀྱི་འཆང་རྒྱུ་རུ་བྱས། རྟ་རྣམས་མིའི་རྐང་ཁོལ་བྱས་ནས། མི་རྟ་ཁྱི་དང་གསུམ་གྱི་ཐ་ཚིག་ཀྱང་དེ་ལྟར་བྱས་སོ། །ཞེས་བྱུང་།

འདུས་པ་རིན་པོ་ཆེའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་དཔེའུ་ཙེ་རྣམ་གསུམ་བསྟན་པའི་མདོ་ལས།དེ་ནས་དགུང་ལོ་བཅུ་གཅིག་བཞེས་པའི་དུས་སུ།ཞེས་སོགས་ནས།ཡུལ་འོལ་མོ་ལུང་རིང་གི་བྱང་ཤར་གཅན་གཟན་ཁྲོ་བའི་གླིང་། མུ་ཁྱུང་བདལ་པའི་མཚོ་འགྲམ། ཁྱི་ན་ཙུག་གི་ཡུལ་ནས་ཁྱི་ཁྱོན་ཏན་གྱི་རྒྱལ་པོ་དར་མ་ར་ཙའི་སྲས་པོ། རྒྱལ་བུ་སིང་ང་ར་ཙ་ཞེས་བྱ་བ།ཞེས་སོགས་ནས།མི་རྟ་ཁྱི་གསུམ་གྱི་ཐ་ཚིག་བགོས་ཏེ།ཞེས་སོགས་ནས།མི་དྲིན་རྟ་ལ་འདུག་པ། རྟ་དྲིན་མི་ལ་ཆེ་བ། རྟ་གོང་བང་ལ་འཇལ་བ། མི་གོང་རྟ་ཡིས་འདེགས་པ། ཁྱི་དང་རྟ་གཉིས་མཐུན་པ། ཉ་ར་སོ་པ་འཛུག་པ། བྱེས་སུ་མཉམ་པོར་ཆས་པ། ས་ཉལ་མེལ་ཚེ་དམ་པ། སྐྱིད་སྡུག་མཉམ་པོར་མཐུན་པ། ད་ལྟ་བའི་ཐ་ཚིག་བགོས་པས་ལོ་ཁྱི་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། །ཞེས་བྱུང་།

ཕག

12ཀུན་འབུམ་ཁྲ་བོ་ཀུན་འགྱུར་རྒྱལ་པོའི་གཏོ་ཐབས་བསྟན་པའི་ལེའུ་ལས།དེ་ནས་སྟོན་པ་གཤེན་རབ་རྒུང་ལོ་བཅུ་གཉིས་བཞེས་ནས། མོན་ཡུལ་སུམ་སྟོད་དུ་བྱོན་ཏེ། ས་ཡི་ལྷ་མོ་བརྟན་མ་ཞེས་བྱ་བ། གསར་ཕག་སེར་པོ་ལ་བཅིབས་ནས་ས་ཡི་དངོས་འགྲུབ་འབུལ་དུ་བྱུང་སྟེ། ལོ་ཕག་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་། །ཞེས་སོ། །

འདུས་པ་རིན་པོ་ཆེའི་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་དཔེའུ་ཙེ་རྣམ་གསུམ་བསྟན་པའི་མདོ་ལས།དེ་ནས་དགུང་ལོ་བཅུ་གཉིས་བཞེས་པའི་དུས་སུ། སྐུ་མཁར་བལ་པོ་སོ་བརྒྱད་དུ་བཞུགས་ནས་བསྟན་པ་རིན་པོ་ཆེ་རབ་ཏུ་བརྟན་པར་མཛད་པར་དགོངས་ནས། ལྷོ་ཕྱོགས་ཀྱི་གླིང་ནས་གསེར་གྱི་བུད་མེད་སེར་མོ་ལ། གཡུའི་སྨིན་མ་འཁྱུད་པ། དུང་གི་རྫི་མ་ཡམས་པ། གཟི་ཡི་སྤྱན་མིག་བཀྲ་བ། རིན་པོ་ཆེའི་པྲོག་ཞུ་གསོལ་བ། དར་ཟབ་སྣ་ཚོགས་ཀྱི་ན་བཟའ་མནབས་པ་ཞིག་གསེར་གྱི་ཕག་མོ་ཞིག་ལ་བཅིབས་ནས།ཞེས་སོགས་ནས།ས་ཡི་ལྷ་མོ་བརྟན་མ་ལ། བསྟན་པའི་གཉེར་གཏད་ནས་མཛད་པ་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པར་སངས་རྒྱས་ཀྱི་བསྟན་པ་འཛིན་པ་རུ། ལོ་མཛོད་བཅུ་གཉིས་ཀྱི་ཐ་མ་ངུར་མོ་ཕག་གི་ལོ་ལ་ཞལ་གྱིས་བཞེས་སོ། །དེ་ལྟར་དུ་སའི་ལྷ་མོ་བརྟན་མས་གསེར་གྱི་ཕག་མོ་ལ་བཅིབས་ནས་སྟོན་པའི་དྲུང་དུ་འཁོད་པས་ལོ་ཕག་ལོའི་གཏན་ཚིག་ཀྱང་དེ་ནས་བྱུང་། གསེར་གྱི་བུམ་པ་བདུད་རྩི་བཅུད་ཀྱིས་བལྟམས་ནས་ཕུལ་བས་ད་ལྟ་འཇིག་རྟེན་གྱི་མངའ་བོ་ཆེ་རྣམས་ཀྱིས་བོན་གྱི་འཁོར་ལོ་བསྐོར་བའི་སྔོན་དུ་ས་ཡི་དངོས་འགྲུབ་ཚུར་ལ་ཕུལ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ཚངས་པ་གཙུག་ཕུད། དེ་ནི་བསྟན་པ་སྤེལ་བའི་ལོ་མཛོད་བཅུ་གཉིས་ཀྱི་མཛད་པ་ཞེས་བྱ་སྟེ་མི་ལོ་སྟོང་དང་ཉིས་བརྒྱ་ལ་མཐར་གྲུབ་པའོ། །ཞེས་གསུངས་སོ།།

འདིར་ང་ཚོས་ཞང་བོད་རྩིས་རིག་ལོ་རྒྱུས་ཀྱི་ཁུངས་མ་རྣམས་དང་འབྲེལ་ཏེ་བརྟག་ན། སེམས་ཅན་བཅུ་གཉིས་པོ་ལས་གླང་ནི་བ་གླང་གི་གླང་མིན་པར་དེ་ནི་གླང་པོ་ཆེ་ཡིན་པ་དང་། བྱ་ནི་ཁྱིམ་བྱ་དེ་ཕོ་མིན་པར་ཁྱུང་ཆེན་ཡིན་པ་སོགས་ཀྱི་རྣམ་བཞག་ཀྱང་ངེས་པར་དུ་མཁྱེན་དགོས།

དེ་ལྟར་ཕྲན་དཔྱད་ནི། ཞང་བོད་ལོ་རྟགས་བཅུ་གཉིས་པོའི་བྱུང་ཁུངས་དངོས་འདི་ལྟར་ཡིན་པར་ངེས་ལ། རྒྱ་ནག་ལུགས་ཀྱི་ལོ་རྟགས་བཅུ་གཉིས་པོའི་སྐོར་སྒྲུང་དང་སྦྱར་བ་དེ་ལའང་རྒྱུ་མཚན་མེད་པ་ཞིག་གཏན་ནས་མིན་ཏེ། ཞང་བོད་ཀྱི་ལོ་རྒྱུས་ལྟར་ན་དཀར་ནག་རྩིས་ཀྱི་སྐོར་གབ་ཙེ་སུམ་བརྒྱ་དྲུག་ཅུའི་བོན་གཤེན་རབ་ཉིད་ཀྱིས་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་གཉེར་དུ་གཏད་ནས་རིམ་པར་དར་བར་བཤད་ཡོད། གོང་སྨྲས་རྒྱ་ལུགས་ཀྱི་སྒྲུང་དེ་གླེང་སྐབས་འགའ་ཞིག་ནང་སངས་རྒྱས་དངོས་ཀྱིས་དུད་འགྲོའི་གླིང་ལ་ལོ་རྟགས་བཅུ་གཉིས་པོ་རྣམས་ལ་ལོ་བདག་གི་གསེར་ཁྲི་གནོན་དགོས་པའི་བཀའ་བསྩལ་བ་སོགས་ཀྱང་བྲིས་ཡོད་པས། རྩ་བའི་སྟོན་པ་རང་གིས་ཁྱད་པར་འཕགས་པའི་དུད་འགྲོ་བཅུ་གཉིས་ལ་ལོ་བདག་གམ་ལོ་རྟགས་ཀྱི་དབང་འཛིན་པའི་བཀའ་ཕབ་པ་སོགས་ཀྱི་གླེང་བྱ་ནི་སྒོ་གང་ནས་མཚུངས་སོ། །

ཞེས་བོད་ཀྱི་རྩིས་རིག་ཁྲོད་ཀྱི་ལོ་རྟགས་བཅུ་གཉིས་འདིའི་རྒྱབ་ལྗོངས་བྱུང་རབས་གང་འདྲ་ཡིན་པའི་སྐོར་དཔྱོད་ལྡན་མེལ་ཚེ་བ་ལགས་ཀྱིས་བཀའ་འདྲི་གནང་བར་བརྟེན་ནས་དགེ་ཧི་མ་ལ་ཡའི་རྒྱལ་སྲས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡ ཉིན་ནུབ་ཕྱོགས་ཀྱི་ཡུལ་ཆུ་བོ་དྷོ་ནཱའོ་གཙང་པོའི་འགྲམ་དུ་རྒྱལ་བའི་བཀའ་ལུང་རྣམས་ནས་ཟུར་དུ་སྦྱར་བའོ།། །།

ཞང་བོད་དཔེ་ཁང་ཆེན་མོའི་འཕྲུལ་དེབ་སྡེ་ཚན་གྱིས་མཐུན་སྦྱོར་གནང་བ་ལྟར་མེ་ལོང་ཡེ་ཤེས་དྲ་བས་བརྒྱུད་འགོད་ཞུས།

www.askbon.net

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།