སེམས་ཀྱི་འཆར་སྒོར་ཕབ་པའི་གདུང་ཚིག

0
961

གངས་དཀར་ལྷུན་པོ་གནམ་གྱི་ཀ་བ་ཅན། །

གནས་མཆོག་སྤུ་རྒྱལ་ལྷུན་པོའི་ལྟེ་འཚལ་ནས། །

འོད་དང་ཟེར་བཅས་འཕོས་པའི་སྐར་ཆེན་ཞིག །

གཞོན་ནུའི་ལང་ཚོ་དུས་ཀྱིས་མ་ཡོལ་བར། །

ཉེ་ཆར་བདེ་བར་བཞུད་པའི་ཤུལ་ལམ་དུ། །

སྐྱེལ་མའི་སྨོན་ཚིག་དང་པོ་སྒྲོན་མཁན་སུ། །

ཁོ་བོ་ལས་ཀྱི་རླུང་བུས་ཤུགས་ཀྱིས་དེད། །

བདག་སེམས་དྭངས་མས་བཏབ་པའི་སྨོན་ཚིག་རེར། །

གཤིས་ཀྱི་ཡིན་ལུགས་སྦྲེལ་ནས་ཕུལ་དང་ལྷན། །

གདུང་སེམས་ཚིག་གི་བསྟར་པ་རེ་གཉིས་ཤིག །

ཁྱེད་ཉིད་ཕེབས་སྐྱེལ་ཞུ་མཚོན་རྟེན་དོད་དུ། །

དྲང་པོའི་བསྟར་ལ་བརྒྱུས་ནས་འབུལ་ཚུལ་ཏེ། །

གསོན་པོའི་འཇིག་རྟེན་ཁམས་ཀྱི་སྣང་བརྙན་འགའ། །

དྲན་པའི་རྡོ་ལ་བསྐོས་པའི་རི་མོར་གསལ། །

དེ་ཡང་གཅིག་དགུ་གོ་གཉིས་ལོ་ཟླ་ནས། །

གདན་གཅིག་ལྷན་དུ་འཛོམས་པའི་སྐལ་བཟང་ཚེས། །

མཁན་སློབ་ཉི་ཟླ་ཆ་གཅིག་གཙུག་ཏུ་བཀོད། །

ལོ་ཟླའི་འགྲོས་ཀྱི་གོམ་སྒྲ་ཐོས་བསམ་དང་། །

འཆད་རྩོད་རྩོམ་པའི་ལས་ཀྱིས་སྐྱོང་བའི་རིང་། །

ཤེས་བྱའི་གཤིས་ལ་བཅར་བའི་ངག་རྟ་དང་། །

འཁོར་བའི་ལས་ལ་སྡིགས་པའི་རྒྱུ་འབྲས་སོགས། །

བདེན་པའི་དེ་ཉིད་གྱེར་བའི་དབྱངས་རྟ་ལས། །

ངོས་དང་ལྐོག་གི་གཡའ་དྲི་མ་ཕོག་ཅིང་།

ཆགས་དང་སྡང་བའི་གཟུགས་ཅན་ག་ལ་སྟེ། །

འཕྲག་དང་དོགས་པའི་མེ་ལྕེས་མ་ཚིག་པར། །

དཔྱོད་ལྡན་རིག་པ་འབར་བའི་སྐུ་རུ་བཞེངས། །

དེ་ཡང་སྔོན་ཚེའི་བསོད་ནམས་དཔུང་འཐུག་པས། །

མདོ་སྔགས་སེམས་ཀྱི་བཀའ་གནད་མདུད་པའི་རྒྱ། །

གནམ་དཔྱོད་རལ་གྲིས་བཀྲོལ་ལ་ལམ་ཡངས་ཤིང་། །

སྒྲ་དག་སྙན་ངག་དཀར་ནག་རྩིས་རིག་དང་། །

བཟོ་གནས་ཤེས་བྱ་སྤྱི་དང་ཐིག་རྡུལ་ཚོན། །

མཆོད་རྟེན་གཟུངས་འབུལ་བཅའ་བཟོ་གྱེར་དབྱངས་དང་། །

གསང་སྔགས་ཕྱག་ལེན་བྲིས་དང་སྒྱུ་རྩལ་སོགས། །

ཐམས་ཅད་ཐབ་ཆགས་ཙམ་གྱིས་མ་ཚིམས་པར། །

ཁུངས་ལྡན་ཞལ་རྒྱུན་ཚད་ཐུབ་འཛིན་ཐུབ་མཁན། །

སྤུ་རྒྱལ་མིང་གིས་བརྒྱན་པའི་མཁས་དབང་ཁྱེད། །

ང་ཚོའི་ཀླད་ནས་ཤར་བའི་ཉི་མར་གྱུར། །

འོན་ཀྱང་བཅུ་ཕྲག་བཞི་ནང་སྐུ་ཚད་ལས། །

ཞིང་འདིར་མ་བཞུགས་ཕོངས་སེམས་ཚད་མེད་ཀྱང་། །

བསམ་ཞིང་བསམ་ན་ཐུགས་རིག་གསལ་བའི་རྗེས། །

རིག་པའི་གནས་ལ་བྱས་པའི་དགེ་མཚན་ཏེ། །

རྩོམ་རིག་བདུད་རྩི་བབ་པའི་ཉིང་བཅུད་དང་། །

བགྲེས་པོའི་གཏམ་ལ་རེ་བའི་དམིགས་འདུན་སོགས། །

གཅིག་ཆད་གཉིས་ལྷག་མེད་པའི་བྱ་བ་གང་། །

རྗེས་འཇུག་བུ་སློབ་རྣམས་ལ་གཅེས་སུ་བཞག །

དེས་ན་ཁྱེད་ཀྱི་སྐུ་ཚེ་མཐར་ཕྱིན་ཅེས། །

མ་སྨྲས་ན་ཡང་དངོས་པོའི་གནས་ཚོད་ལགས། །

འགའ་རེས་སྣ་རེའི་ཤེས་བྱ་ཡོན་ཏན་ཙམ། །

མཆོག་གི་ནོར་དུ་རློམ་ནས་གནས་ས་འུར། །

འདི་འདྲའི་ཉེར་གཅིག་དུས་ཀྱི་མཁས་རློམ་ཁྱུ། །

ས་ཡི་རྡུལ་གྲངས་བརྩེགས་ཀྱང་ཅི་ལ་སྨོན། །

ཁྱེད་ཀྱི་ཐུགས་དམ་གསལ་བའི་མེ་ལོང་ངོས། །

ཤར་ཚད་རང་སྐྱ་ཕེར་དང་དོ་བསྡུར་ཚེ། །

གཞན་རྣམས་དྲེགས་པས་ཚོས་པའི་བོང་ཟླ་ཙམ། །

འགའ་རེས་ཟ་འཐུང་ཚད་དུ་འཛིན་ནས་སུ། །

མི་ཡི་གཤིས་ལུགས་ཉུག་པའི་ལུགས་མང་ཡང་། །

སྤྱི་སྒེར་གང་གི་མཛད་སྤྱོད་གནད་འཛིན་དུས། །

ཤེས་ཡོན་གཙིགས་སུ་བྱེད་པའི་ཕུགས་བསམ་གཅིག །

གཞན་གནོད་སེམས་པ་བོར་བའི་སྒམ་བརླིང་གཉིས། །

ཆེ་དྲེགས་ང་བོ་བརླག་པའི་བཏང་སྙོམས་གསུམ། །

གྲོགས་ལ་བརྩེ་འདང་ཟབ་པའི་ཕྱི་ཐག་བཞི། །

གང་དང་གྲོས་ཁ་བསྡུར་ན་བསྟུན་མཁས་ལྔ། །

ཤེས་ཚད་ཕྱག་ལེན་ཐུབ་པའི་མཁྱེན་ཡོན་དྲུག །

བདེན་པ་ངོས་ལྐོག་ཐུབ་པའི་དྲང་ཚུགས་བདུན། །

ཁོ་བོས་བཀུར་ས་ཆེ་ས་བསྟོད་ས་ཡིན། །

དེ་ལྡན་ཁྱེད་ཀྱི་གཤིས་ལས་རྙེད་པའི་གྲངས། །

སེམས་ཀྱི་འཆར་སྒོར་ཕབ་པའི་གདུང་ཚིག་འདི། །

ཚེ་འདིར་གཅེས་དམ་མཐུན་པའི་ལེགས་སྐྱེས་སུ། །

དེ་རིང་སྐུ་གསུམ་མེ་ལྷའི་ཐུགས་ཀ་རུ། །

འོད་ཀྱི་གོང་བུར་བསྒྲིལ་ནས་ཕུལ་བ་ལགས། །

ཁྱེད་ཉིད་ཀུན་བཟང་གདོད་མའི་རྒྱལ་ས་རུ། །

བྱུང་ཕུགས་གྲོལ་མཐའ་ཐུག་པའི་རང་གཤིས་ལ། །

འགྱུར་མེད་བརྟན་པར་བཞུགས་པའི་སྨོན་ལམ་ཞུ། །

སླད་དུ་རྗེས་སུ་དྲན་པའི་རྡོ་རིང་ངོས། །

བགྲེས་པོའི་འབེལ་གཏམ་བྲིས་པའི་ལེགས་བྱང་དུ། །

དཀར་ཆག་ཐོ་རུ་བཀོད་པའི་སྡོམ་ཚིག་འདི། །

ཁྱེད་ཀྱི་ཆེ་མཐོང་དྲན་པའི་འགྲིགས་རྟགས་ཡིན། །

དགོངས་ལམ་དུ་མངའ་བ་མེ་ལོང་ཞེས་སུ་འབོད་པ་དེས་སོ། །

ཕྱི་ལོ་ ༢༠༠༡ ནས་བཟུང་བགྲང་བྱ་བཅུ་ཙམ་གྱི་རིང་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ལོ་དེབ་༼བགྲེས་པོའི་འབེལ་གཏམ་༽གྱི་རྩོམ་སྒྲིག་པ་དགེ་བའི་བཤེས་གཉེན་སྤུ་རྒྱལ་བ་ཉི་མ་རྒྱལ་མཚན་མཆོག་འཇིག་རྟེན་འདི་ནས་ཚེ་ཡི་དུས་བྱས་ཏེ་ཕུང་པོ་ཞུགས་འབུལ་གྱི་སྐབས་ཐོག་འདི་དང་བསྟུན་རྗེས་དྲན་གྱི་བྱང་བུ་ཞིག་གི་དོད་དུ་བགྲེས་གཏམ་ནང་འཁོད་ཁོང་གི་རྩོམ་གྱི་དཀར་ཆག

(2001)

གཅེས་འོས་ནོར་བུའི་ལང་ཚོ།

༡༽འབྱུང་ལྔའི་རིམ་གྲོའི་གནད་མིག་ཟུར་ཙམ་བརྗོད་པ།

(2002)

བགྲེས་པོའི་ཉམས་མྱོང་ཁ་ད།

༢༽གཤིན་པོར་དགེ་སྡོང་འདེབས་པའི་གཏམ་ཐུང་།

སྙན་རྩོམ་རྣ་བའི་བཅུད་ལེན།

༣༽ཀུན་དགའ་དོན་འགྲུབ། གཟེ་མ་ར་མགོ།

(2003)

དཔྱད་གཏམ་ལུང་རིག་ཐུར་མ།

༤༽གཏེར་སྟོན་བརྒྱ་རྩའི་སྐོར་གྱི་དཔྱད་གླེང་།

སྙན་རྩོམ་རྣ་བའི་བཅུད་ལེན།

༥༽ལས་དབང་ཁོ་ནའི་དབང་དུ་ཤོར། གཟེ་མ་ར་མགོ།

(2004)

བགྲེས་པོའི་གནས་ལྔའི་བང་མཛོད།

༦༽ཆགས་གནས་འཇིག་སྟོང་བཞིའི་སྐོར་གྱི་རྣམ་བཤད་རྟོག་གེའི་ཁ་རྒྱན།

སྙན་རྩོམ་རྣ་བའི་བཅུད་ལེན།

༧༽དབྱར་གྱི་མཛའ་བོས་བོར་བའི་འདོད་གདུང་།

(2005)

དགུང་སྟོན་སྤྲོ་དགའི་གླུ་དབྱངས།

༨༽རྟོགས་བརྗོད་མཆོད་ཚིག་ཉིང་ཁུ་ཐིགས་པ་བཞུར།

(2006)

གཅེས་འོས་ནོར་བུའི་ལང་ཚོ།

༩༽བོད་ཡིག་རེ་ཞིག་གི་འབྲི་སྟངས་དང་དེའི་སྒྲ་གདངས་སྐོར་གྱི་སྲོལ་རྒྱུན་ཅུང་ཙམ་སྨོས་པ།

སྙན་རྩོམ་རྣ་བའི་བཅུད་ལེན།

༡༠༽གཤེན་གྱི་དཀའ་ཐུབ་རྣམ་གསུམ་ཨེ་མ་ཧོ།

(2007)

བགྲོ་གླེང་གར་གྱི་སྟེགས་བུ།

༡༡༽ཕྱི་པ་དང་ནང་པའི་ཐ་སྙད་ནི་ལྟོས་གྲུབ་ཀྱི་མིང་ཡིན་པའི་སྐོར་ལས་འཕྲོས་པའི་བགྲོ་གླེང་།

(2008)

སྙན་རྩོམ་རྣ་བའི་བཅུད་ལེན།

༡༢༽དབྱར་རྩ་དགུན་འབུ་མེད་ན་མུ་གེས་འཆི། གཟེ་མ་ར་མགོ།

(2009)

ལོ་རྒྱུས་གཟི་ཡི་ཐང་མ།

༡༣༽དམུ་རིགས་གཤེན་གྱི་གདུང་འཛིན་ཁོ་ནའི་གདུང་རབས་མཚན་རིམ་ཟུར་དུ་བཀོད་པ་མུ་ཏིག་ཕྲེང་བ།

(2010)

བགྲེས་པོའི་ཉམས་མྱོང་ཁ་ཏ།

༡༤༽བླ་ཆེན་ཡབ་སྲས་ཀྱིས་གཤེན་སྲས་ལྷ་རྗེར་གདམས་པའི་དགེ་སྡིག་འབྲུ་ཐུས་ཀྱི་ཞལ་ཏ་ལས་ཟུར་དུ་བཏུས།

(2013)

ཉེར་ལྔའི་རྟེན་འབྲེལ་ཤིས་ཚིག

༡༥༽ཉེར་ལྔའི་དུས་སྟོན་ལ་ཕུལ་བའི་བསྟོད་ཚིག་མེ་ཏོག་ཚོམ་བུ།

(2017)

གཅེས་འོས་ནོར་བུའི་ལང་ཚོ།

༡༦༽དུས་རབས་བདུན་པའི་ཡར་སྔོན་དུ་བོད་ཀྱི་ཚད་མ་རིག་པའི་རྣམ་བཞག་ལ་དཔྱད་པ།

དེ་ལྟར་ཁྱོན་བསྡོམས་རྩོམ་ཡིག་ཁ་གྲངས་བཅུ་དྲུག་ཙམ་འདི་ནི་བགྲེས་གཏམ་ལོ་དེབ་ཁོ་ནའི་ནང་འཁོད་ཀྱི་དཀར་ཆག་ཙམ་ལས། ཁོང་གི་གསུང་རྩོམ་ཡོངས་ཀྱི་དཀར་ཆག་མིན་པས་གཟིགས་སྤྱན་ལྡན་པ་རྣམས་ལ་དྲན་གསོས་སུ་ཕུལ་བ་ལགས་སོ།

པར། ཁྱུང་གཤོག ཁྱུང༔སྨོན་ལམ། མེ་ལོང་དྲ་བ་བཅས་ནས་སོ། །

ཕྱི་ལོ་ ༢༠༡༨ ཟླ་ ༠༡ ཚེས་ ༡༩ ཉིན།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།