ནེ་པཱལ་ཡོལ་མོ་བོན་ཚོགས་ཕན་བདེའི་གཞི་རྩ་གྱེར་སྤུངས་འདུས་སྡེའི་མཆོད་རྟེན་ལེགས་གྲུབ་ཀྱི་མཛད་སྒོ་འཚོགས་པ།

0
1193
པར་པ་ཁྱུང་ཐོག་རྒོད་སོགས།

ཡོལ་མོའི་དད་ལྡན་བོན་འབངས་རྣམས་ཀྱིས་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེར་མཇལ་བཅར་ཞུས་ཏེ་དད་རྟེན་དུ་མཆོད་རྟེན་གསར་བཞེངས་དགོས་སྐོར་རེ་བསྐུལ་ཞུས་པ་ལྟར།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་སྤྱིར་འཛམ་གླིང་ཞི་བདེ་དང་ཡང་སྒོས་སུ་བལ་ཡུལ་རྒྱལ་ཁམས་སུ་ས་འགུལ་སོགས་རང་བྱུང་ཁམས་ཀྱི་གནོད་པ་མིང་མེད་དུ་ཞི་ནས་རྒྱལ་ཁམས་ཞི་བདེ་དང་ཆོས་སྲིད་དཔལ་འབྱོར་རྒྱས་པའི་ཆེད་དང་། འབྲེལ་ཡོད་ཡོལ་མོའི་བོན་འབངས་ཡོངས་ཀྱི་དད་རྟེན་ཆེད་དུ་གཡུང་དྲུང་བཀོད་ལེགས་མཆོད་རྟེན་འདི་ཉིད་བཞེངས་སྐྲུན་ཀྱི་འགྲོ་གྲོན་ཆ་ཚང་གནང་སྦྱིན་བསྩལ་བ་དང་། ཐོག་མར་ས་སློང་གི་སྐབས་སུ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་བཀའ་དྲིན་བསྐྱངས། གཟུངས་འབུལ་སྐབས་སུ་སྐྱབས་རྗེས་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཡིད་དམ་དབལ་གསས་རྔམ་པའི་སྲུང་བཟློག་བསད་གསུམ་དང་རྣམ་རྒྱལ་གཡང་སྒྲུབ་ཀྱི་སྒོ་ནས་གཟུངས་གཞུག་འབུལ་བའི་ལག་ལེན་ཚགས་ཚུད་དུ་མཛད་པ་དང་མདོར་ན་ལས་དོན་འདིའི་ཐད་ཕྱར་བ་གྲུ་འདེགས་གནང་མཁན་འགན་ཁུར་བ་རྣམས་ཀྱིས་ཕྱག་རྗེས་ལ་བརྟེན་ནས། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འགྲམ་འཇོར་པ་ཀྲིས་པིས་པར་བྷ་སུ་ཏིས་jorpati pipal basti ཞེས་པའི་ས་གནས་སུ། ཕན་བདེའི་གཞི་རྩ་གྱེར་སྤུངས་འདུས་སྡེའི་ཚོགས་ཁང་གི་མདུན་ཐང་དུ་ནེ་པཱལ་ཡོལ་མོ་བོན་ཚོགས་པས་གསར་བཞེངས་གནང་བའི་གཡུང་དྲུང་བཀོད་ལེགས་མཆོད་རྟེན་ལེགས་གྲུབ་ཀྱི་མཛད་སྒོ་༢༠༡༨། ༠༤ །༢༣ ཉིན་འགོ་ཚུགས་ཡོད་པ་རེད། ཕྱི་ཚེས་ ༢༣ ཉིན་ཞི་བ་ཨ་གསལ་དང་ཚེ་སྒྲུབ་བྱ་རི་མ་མངའ་དབུལ་བཀྲ་ཤིས་གཏེར་མཛོད་བཅས་ཀྱི་མཆོད་བཟོ་དང་བཤམ་བཀོད་བྱས། ཕྱི་ཚེས་༢༤ ཉིན་སྔ་དྲོ་ཕྱག་ཚོད་དགུ་ཐོག་ཞི་བ་ཨ་གསལ་ཚོགས་འཁོར་བཏང་། ཕྱག་ཚོད་བཅུ་ཐོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་མཆོད་རྟེན་རབ་གནས་ཆེད་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པར་ཕེབས་བསུ་དང་སྦྲག་ཚོགས་གཙོ་པ་སངས་ཕུར་པ་ཡོལ་མོ་ནས་མནྜལ་འདེགས་འབུལ་ཞུས། གསོལ་ཇ་གྲུབ་རྗེས་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་མངའ་དབུལ་བཀྲ་ཤིས་གཏེར་མཛོད་ཀྱི་སྒོ་ནས་མངའ་དབུལ་རབ་གནས་དང་སྣང་གསལ་སྒྲོན་མེ་སྤར་ཏེ་སྒོ་འབྱེད་མཛད། ཕྱི་ཚེས་༢༥་ ཉིན་སྔ་དྲོ་ཕྱག་ཚོད་བརྒྱད་ཐོག་ཚེ་སྒྲུབ་བྱ་རི་མའི་གཞུང་བསྲངས་ཏེ་ཚོགས་འཁོར་བཏང་། ཕྱག་ཚོད་ ༡༠་ དང་ཕྱེད་ཀའི་ཐོག་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་སྟོན་འཁོར་ཕེབས་བསུ་ཞུས་པ་དང་འབྲེལ་ཡོད་བཙའ་སྐྱོང་ལྷན་ཚོགས་དང་བཤད་སྒྲུབ་འདུས་སྡེ་གསོ་རིག་འབུམ་བཞི་སོགས་ཀྱི་ལས་སྣེ་དང་དགེ་བཤེས་དང་སྒྲུབ་ཐོན་པ་རྣམས་ལ་གསོལ་ཇ་འདེགས་འབུལ་ཞུས། ཕྱག་ཚོད་༡༡ ཐོག་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་དད་ལྡན་མི་མང་ལྔ་བརྒྱ་ལྷག་ཙམ་ཞིག་ལ་ཚེ་སྒྲུབ་བྱ་རི་མའི་བཀའ་དབང་བཀའ་དྲིན་བསྩལ་ཏེ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱིས་མཚོན་པའི་གནད་སྨིན་ཀྱི་ཞལ་གདམས་གནང་བ་དང་ཡོལ་མོ་བོན་ཚོགས་ཀྱི་བླ་མ་ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས་མཆོག་ནས་བལ་སྐད་ཐོག་གསུང་བསྒྱུར་ཞུས། དེ་རྗེས་ནོ་བ་ཀོ་ཀྲུ་མངའ་སྡེའི་སྤྱི་འཐུས་ཧིས་ཏི་བྷཱ་དྷུར་རྟ་མང་ནས་མཆོད་རྟེན་མདུན་དུ་སྣང་གསལ་སྒྲོན་མེའི་མཆོད་པ་ཕུལ་ཏེ་ཞབས་སྐོར་ཕེབས་རྗེས་མཆོད་རྟེན་གསར་བཞེངས་ཀྱི་ལས་དོན་བྱེད་ཕྱོགས་ལ་ཡི་རངས་དང་བསྔགས་བརྗོད་ཀྱིས་གཏམ་བཤད་སྤེལ། དེ་མཚམས་ཡོལ་མོ་བོན་ཚོགས་ཀྱི་ཚོགས་གཙོ་པ་སངས་ཕུར་པ་ཡོལ་མོ་ནས་མཆོད་རྟེན་གསར་བཞེངས་ཀྱི་ལས་དོན་བྱེད་ཕྱོགས་དང་ལས་དོན་འདིའི་ཐད་ཕྱར་བ་གྲུ་འདེགས་ཀྱིས་རོགས་རམ་གནང་མཁན་དང་མཆོད་འབྲེལ་ཞལ་འདེབས་འབུལ་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། དེ་རྗེས་ནོ་བ་ཀོ་ཀྲུ་རྗེས་ལའི་སྤྱི་མཐུན་ཧིས་ཏི་བྷཱ་དྷུར་རྟ་མང་ནས་བལ་སྒོར་༥༠༠༠ཡན་གྱི་མཆོད་འབྲེལ་ཞལ་འདེབས་འབུལ་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་ཁྱེར་དང་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་མགུར་དར་གནངས་ཏེ་མཇུག་གྲུབ་པའི་གནས་བསྡུས་སུ་ཁྱུང་ཐོག་རྒོད་ཀྱིས། ༢༠༡༨། ༠༤། ༢༥་ སྤེལ།།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།