༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་ནུབ་ཕྱོགས་ཡུ་རོབ་ཁུལ་དུ་བསྟན་འགྲོའི་མཛད་ཕྲིན་སྐྱོང་བཞིན་པ།

0
803
པར་པ་སྲིད་པའི་མིག་སོགས།

༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་འཇའ་མེན་དུ་བསྟན་དོན་མཛད་འཕྲིན་བསྐྱངས་པའི་སྐོར།

དེ་ཡང་འཇའ་མེན་གཡུང་དྲུང་བོན་གྱི་ཚོགས་སྡེའི་དབུ་ལས་རྣམས་ཀྱིས་དཔྱིད་ཀའི་དུས་ཚིགས་ཀྱི་མཉམ་འབྲེལ་སྒོམ་སྡེའི་འདུས་ཚོགས་གོ་སྒྲིག་ཞུས་པ་ལྟར་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་སྟོན་འཁོར་དང་བཅས་ཕྱི་ལོ་ ༢༠༡༨ ཟླ་ ༠༤ ཚེས་ ༠༩ ཉིན་བལ་ཡུལ་ནས་མཁའ་ལམ་བརྒྱུད་ཧྥ་རན་སིར་ཞབས་སོར་བཀོད་པ་དང་། གོང་ཟླའི་ཚེས་ ༡༢ ཉིན་རྒྱལ་ས་པ་རིས་སུ་ནས་མེ་འཁོར་བརྒྱུད་འཇའ་མེན་གྱི་ས་གནས་བྷུད་དྷ་སི་ཝེག Buddhasweg ཞེས་པའི་ནང་པའི་ཚོགས་སྡེ་དེར་ཞབས་སོར་བཀོད། ཕྱི་ཚེས་ ༡༣ ནས་ ༡༦ བར་ཉིན་འགྱངས་བཞིའི་རིང་སྔར་འཕྲོས་བྲུ་རྒྱལ་བའི་ཕྱག་ཁྲིད་ནས་སྔོན་འགྲོ་ཟབ་སྦྱོང་སྡེ་ཚན་དང་། དངོས་གཞི་ཉམས་ལེན་སྡེ་ཚན་གཉིས་ཀར་ཉིན་རེའི་སྒོམ་སྡེའི་འགྲོ་ལུགས་ཀྱི་རེའུ་མིག་བཞིན་སློབ་ཁྲིད་དང་། བསགས་སྦྱོང་། ཐུན་སྦྱོང་བཅས་ཀྱི་སྒོ་ནས་རང་སེམས་ཞི་བདེར་གནས་ཐབས་དང་། སྡུག་བསྔལ་སེལ་བའི་ཐབས་ལམ་ལ་བསླབ་པ་སོགས་བྲུ་ཡི་ཕྱག་ཁྲིད་ལ་དམིགས་བསལ་ཉམས་ལེན་བྱེད་པའི་འཇའ་མེན་གྱི་སྒོམ་སྡེའི་ཁྲིད་ཐུན་ལེགས་སྒྲུབ་ཞུས། སློབ་ཚོགས་འདི་ནི་ཕྱི་ལོ་ ༡༩༩༨ ལོར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་འཇའ་མེན་དུ་བོན་འཆད་ཁྲིད་གནང་བའི་དུས་ཚིགས་ནས་བཟུང་དད་འབྲེལ་ཞོགས་པའི་འཇའ་མེན་གྱི་སློབ་མ་རྣམས་ལས་གྲུབ་པའི་ཚོགས་སྡེ་ཞིག་སྟེ། ད་བར་མི་ལོ་ ༢༠ ཙམ་གྱི་རིང་ཉམས་ལེན་རྒྱུན་སྐྱོང་གནང་ནས་རྫོགས་པ་ཆེན་པོའི་བོན་ལ་བག་ཆགས་ཟབ་མོ་འཇོག་པའི་སྐལ་བཟང་ཐོབ་པ་ལྟར་མི་ཚེའི་རིན་ཐང་ལ་ཉམས་ལེན་གྱིས་གདེང་རྩིས་རྒྱག་མཁན་ཁག་ཅིག་ཡིན། ཕྱི་ལོ་ ༢༠༡༦ ལོར་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་དམིགས་བསལ་ལོ་རེའི་དབྱར་དཔྱིད་སྟོན་གསུམ་གྱི་དུས་ཚིགས་ནང་སློབ་ཁྲིད་གནང་སྟེ། སྒོམ་སྡེ་ཞེས་པའི་མཚན་ཐོག་ནས་ཉམས་ལེན་གྱི་བཅའ་གཞི་བྲུ་རྒྱལ་བའི་ཕྱག་ལེན་ལ་བཅོལ་ཏེ། སློབ་མ་སྔ་ཕྱིའི་སྡེ་ཚན་གཉིས་སུ་ཕྱེས་ནས་ད་བར་ ༢༠༡༨ ལོ་བསྟར་དུས་ཚིགས་ཁག་སོ་སོའི་ནང་བློ་ཚོད་དང་བསྟུན་པའི་ཟབ་གདམས་རྣམས་གོམ་པ་རིམ་བགྲོད་ཚུལ་དུ་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པའི་ཁུར་དུ་ལགས་སོ།། །།

 

༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་དུ་ ༢༠༡༨ ལོའི་བསྟན་དོན་མཛད་འཕྲིན་སྐྱོང་བཞིན་པ།

༡༧། ༠༤། ༢༠༡༨ ཉིན་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་གཙོས་སྟོན་འཁོར་རྣམས་བོན་གྱི་རྫོགས་ཆེན་སྒྲུབ་སྡེ་གཤེན་བསྟན་དར་རྒྱས་གླིང་དུ་དགྱེས་ཞལ་མཉམ་འཛོམས་བྱུང་བ་དང་། ཕྱི་ཚེས་ ༢༢ ནས་ ༢༧ བར་སློབ་མ་རྣམས་ལ་རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་སྒོ་ནས་སྔར་ལོའི་དཔེ་ཁྲིད་ཀྱི་འཕྲོས་གཏུམ་མོའི་ཉམས་ལེན་སྐོར་བསླབ་ཁྲིད་གནང་ནས་ཉིན་ལྟར་ཐུན་སྦྱོང་དང་། ལུས་སྦྱོང་། སྦྱིན་བཞིའི་དགེ་སྤྱོད་བཅས་ཆགས་མེད་གནང་སྟེ་དཔྱིད་ཀའི་བོན་ཁྲིད་ཀྱི་ལེའུ་གསར་པ་བསྐྱངས་གྲུབ་པའོ། །
སྐབས་འདིར་གཏུམ་མོ་དང་འཁྲུལ་འཁོར་སྐོར་ངོ་སྤྲོད་མདོར་བསྡུས་ཞུས་ན། ཤར་རྫ་རིན་པོ་ཆེའི་རྩ་རླུང་གནད་ཀྱི་ཞལ་ཤེས་ལས། “གཏུམ་མོ་ནི་ཨ་ཐུང་མེའི་རང་བཞིན་ཏེ། འདི་ལ་བརྟེན་ནས་རླུང་སེམས་ཟུང་འཇུག་ཏུ་ཉམས་སུ་བླངས་པས་ཡེ་ཤེས་མེས་ལས་སྒྲིབ་ཐམས་ཅད་སྲེག་པར་བྱེད་པ་མེའི་ལས་ལྟ་བུའོ།”ཞེས་པ་ལྟར་སྟོང་ར་གསུམ་གྱི་ཐབས་ལམ་གྱི་སྒོ་ནས་རྩ་རླུང་ཐིག་ལེའི་འདུལ་སྦྱོང་ལ་བརྟེན་ནས་ཉམས་ལེན་གྱི་དྲོད་ཚད་འཕེལ་བར་ཏིང་ངེ་འཛིན་གྱི་དམིགས་རིམ་གཙོ་བོར་བྱེད་པའི་ཐར་པའི་ལམ་སྟེགས་ཤིག་ཡིན། དགོས་དོན་ནི། བདེ་གསལ་མི་རྟོག་པའི་དགོངས་པ་མངོན་དུ་འགྱུར་བ་དང་། ནད་གདོན་བར་ཆོད་ཞི་ནས་ལུས་སེམས་བདེ་ཐང་དང་། ཉམས་ལེན་བོག་འདོན་པ་སོགས་ཀྱི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་ཏུ་ངོས་འཛིན་པ་ཡིན། སྤྱིར་ན་གཏུམ་མོའི་ཉམས་ལེན་ནི་ལུས་སྦྱོང་འཁྲུལ་འཁོར་དང་ལྷན་དུ་སྦྲེལ་ནས་ཞག་བརྒྱའི་རིང་སྦྱོང་བའི་སྲོལ་བཟང་གི་རྒྱུན་མ་ཉམས་པར་བོད་ཕྱི་ནང་གཉིས་ཀྱི་སྒྲུབ་སྡེ་རྣམས་ཀྱིས་ཕྱག་ལེན་ཉམས་བཞེས་གནང་བཞིན་པ་སྟེ། འཇམ་རླུང་ལ་བདུན་བཞི་དང་། བར་རླུང་ལ་བདུན་ལྔ། དྲག་རླུང་ལ་བདུན་ལྔ་དང་ཞག་གཉིས་བཅས་བསྡོམས་བདུན་བཅུ་བཞི་དང་ཞག་གཉིས་ཏེ་ཉིན་ཞག་བརྒྱ་ཡི་རིང་གཏུམ་མོའི་ཉམས་ལེན་རྩ་རླུང་འཁྲུལ་འཁོར་དང་ལྷན་དུ་སྦྲེལ་ནས་སྦྱོང་བ་དང་། དེ་རྗེས་ཉམས་ལེན་གྱི་དྲོད་ཚད་བརྟགས་ནས་ཆུ་རས་འཐག་པ་དང་། བཅུད་ལེན་ལ་བཞུགས་པ་སོགས་ཉམས་ལེན་གྱི་དཀའ་གནད་རྣམས་ཉམས་མྱོང་དང་གོམས་འདྲིས་བྱེད་པའི་ཐབས་ལམ་ཁྱད་པར་བ་མང་པོའི་སྒོ་ནས་བོག་འདོན་དང་ཚོད་བགམ་བྱེད་ཀྱིན་ཡོད། འཁྲུལ་འཁོར་ནི། སྤྱིར་ན་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་འཁྲུལ་འཁོར་རྩ་བ་དང་། ཡན་ལག བྱེ་བྲག་དང་ཐུན་མོང་བཅས་ཀྱི་སྡེ་ཚན་ལས་གྲུབ་པ་འདི་རྣམས་དཔོན་རྒྱལ་བཙན་པོ་ནས་སྟོད་ལུགས་འཁྲུལ་ཞིག་དྲུག་དང་། སྨད་ལུགས་གྲུབ་ཆེན་ལྔ་ནས་དང་། ཡང་སྟོན་སྲས་དབོན་བཅས་ནས་རིམ་པར་རྩ་བའི་བླ་མའི་བར་བརྒྱུད་པ་དང་། དེ་རྗེས་ཤར་རྫ་རིན་པོ་ཆེས་ཕྱོགས་གཅིག་ཏུ་བསྡུས་པ་སྙན་རྒྱུད་རྩ་རླུང་འཁྲུལ་འཁོར་རྣམ་གྲངས་སོ་དགུའི་བདག་ཉིད་ཅན་དང་། ཨ་ཁྲིད་ཀྱི་འཁྲུལ་འཁོར་ལ་འགྲོ་མགོན་བློ་གྲོས་ཀྱི་རྒྱུད་ལས་བཏུས་པའི་རྩ་བའི་འཁྲུལ་འཁོར་བཞི་བཅུ་ཐམ་པར་ཤར་རྫ་རིན་པོ་ཆེས་ཚིག་འགྲེལ་བཀོད་པ་ཅན་བོན་འདོན་འཁྲུལ་འཁོར་སྒྱུ་མའི་རོལ་མོ་འདི་གཉིས་གཙོ་བོར་བྱེད་ཀྱིན་ཡོད། རྫོགས་ཆེན་གྱི་རྩ་རླུང་འོད་གསལ་འཁྲུལ་འཁོར་ཞེས་འཁྲུལ་འཁོར་རྣམ་གྲངས་བཅུ་བདུན་ཅན་ཞིག་ཡོད་པ་འདི་ཉིད་དང་། མ་རྒྱུད་ཀྱི་རྩ་རླུང་འཁྲུལ་འཁོར། མཁའ་འགྲོ་མཆོག་འདུས་ཀྱི་རྩ་རླུང་འཁྲུལ་འཁོར་འདི་རྣམས་དམིགས་བསལ་ཆེད་སྦྱོང་གནང་མཁན་རྣམས་ཀྱིས་ཕྱག་ལེན་གནང་བ་ལས་སྒྲུབ་སྡེ་ཐུན་མོང་གིས་སྤྱི་རྒྱུགས་ཉམས་ལེན་གནང་བའི་སྲོལ་དར་ཁྱབ་ཆེན་པོ་མི་སྣང་། འདི་རུ་དམིགས་ཀྱིས་བཀར་ནས་གསལ་བཤད་དགོས་པ་ཞིག་ལ། ད་སྔོན་ནུབ་གླིང་པའི་ཁུལ་གྱི་ནང་པའི་ཉམས་ལེན་པ་རྣམས་ཀྱིས་གཏུམ་མོ་དང་། འཁྲུལ་འཁོར་ཞེས་པ་འདི་རྣམས་ལ་དོ་སྣང་ཤུགས་ཆེན་བྱེད་ཀྱི་ཡོད་ཀྱང་བོན་གྱི་རྫོགས་ཆེན་སྒྲུབ་སྡེའི་མཁན་པོ་དང་སློབ་དཔོན། བླ་མ་དང་དགེ་རྒན་རྣམས་ཀྱིས་སློབ་མའི་རྒྱུད་ཚོད་དང་འབྱུང་ཁམས་ལ་བསྟུན་ནས་ནར་མའི་ཟས་བཞིན་ཕན་བདེ་ལ་ལྟོས་ནས་ཕྱག་ལེན་བསླབ་གནང་བ་ལས། སྔོན་འགྲོ་དངོས་གཞིའི་ཉམས་ལེན་ཙམ་ཡང་གནང་མ་མྱོང་མཁན་གྱི་རིགས་ལ་གདམས་པའི་ཕ་འབབ་སྟེར་སྲོལ་མེད། ད་དུང་སྔོན་འགྲོ་དངོས་གཞི་ཚད་ལྡན་སྦྱོང་མྱོང་མཁན་ཞིག་ཡིན་རུང་རྩ་རླུང་གི་སློབ་ཚན་རེ་རེ་བཞིན་དྲྭ་བ་ཅན་དང་། ཆ་འཕྲིན་ཅན་དུ་བྱེད་ནས་ངོམས་སོ་བྱེད་པ་དང་། སྤྱི་མང་ཅན་དུ་གང་འདོད་བེད་སྤྱོད་པ་ཡིན་ན་ལྷ་དང་བླ་མ་མཉེས་པའི་བྱ་བ་ཞིག་མིན་པས་དེ་ལྟར་མི་རུང་ངོ་ཞེས་ཀྱང་སྨྲའོ། །དཔེར་ན། སྣོད་གཙང་མ་མེད་པའི་ནང་དུ་ཟན་སྐྱག་མཉམ་དུ་བརྫི་ནས་སྟོན་མོ་བྱས་ན་ཟས་ཀྱི་རིན་ཐང་བོར་འགྲོ་བ་བཞིན་ནོ། །ཇི་ལྟར་རྩ་རླུང་སྐོར་གྱི་བསམ་ཚུལ་ཞོར་བྱུང་དུ་སྨྲས་པ་འདི་ནི་གདམས་ངག་གི་གསང་བའི་གནད་མཐོང་བའི་སྟབས་ཀྱིས་བརྗོད་པ་ཙམ་ལས་སུ་ལ་ཡང་བཀོད་པ་བཤད་པ་མིན་པར་མཁྱེན་དགོས་པར་རིགས་སོ། །

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།