༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་ཡུ་རོབ་གླིང་དུ་བསྟན་དོན་མཛད་ཕྲིན་བསྐྱངས་པའི་གནས་བསྡུས་ཁག་གསུམ་པ།

0
793
པར་པ་སྲིད་པའི་མིག

སུ་པཱན་དུ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་བཞེངས་པ་ལེགས་གྲུབ་བྱུང་བར་རབ་གནས་མཛད་སྒོ་སྤེལ་བའི་གནས་བསྡུས།

༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་སྟོན་འཁོར་རྣམས་ཀྱིས་ཡུ་རོབ་ཁུལ་སུ་པཱན་ Spain གྱི་རྒྱལ་ས་མ་ཌི་རཱེ་ཌི་ Madrid རུ་བཞུགས་པའི་དད་སྦྱིན་ཇོ་ཇི་ན་ཏེ་རན་ Georgina Teran གྱི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་བཞེངས་པ་ལེགས་གྲུབ་བྱུང་བའི་རབ་གནས་མཛད་སྒོ་སྤེལ། དེ་ཡང་དད་སྦྱིན་ཇོ་ཇི་ན་ Georgina ནང་མི་རྣམས་བོན་ཆོས་ལ་དད་འབྲེལ་བྱུང་ནས་ད་བར་ལོ་ངོ་དུ་མར་ཕྱིན་ཡོད་པ་དང་། ཉེ་སྔོན་ནང་མི་རྣམས་ཀྱིས་ཕྱག་མཆོད་ཀྱི་རྟེན་དུ་མཆོད་རྟེན་ཞིག་བཞེངས་རྒྱུའི་དགོས་འདུན་ཞུས་པ་བཞིན་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་གཙོས་སྐྱབས་གནས་མཆོད་ཡུལ་རྣམས་ཀྱིས་སྔ་ཕྱིར་ཐུགས་བཀོད་ལམ་སྟོན་གནང་བར་གཞིར་བཟུང་དགེ་བཤེས་ཚུལ་ཁྲིམས་རྣམ་དག་ལགས་ཀྱིས་དགོས་སོ་ཅོག་གི་ལྷ་རྫས་མཆོད་རྫས་དང་། དམ་རྫས་རྟེན་རྫས་རྣམས་ཕུན་སུམ་ཚོགས་པ་གསོག་སྒྲུབ་གནང་ནས་གཟུངས་གཞུག་གྲབས་སུ་བྱས་པ་དང་། དེ་རྗེས་ཧྥ་རན་སིའི་དད་ལྡན་གཡུང་དྲུང་རྡོ་རྗེ་ལགས་ཀྱིས་མཆོད་རྟེན་གྱི་ལས་དཔོན་མཛད་ནས་ཕྱི་ནང་འཐུས་ཚང་རྟེན་བཞེངས་ལེགས་གྲུབ་བྱུང་བ་ཞིག་རེད། མཆོད་རྟེན་འདི་ནི་སུ་པཱན་ Spain རྒྱལ་ཁབ་ནང་བོན་གྱི་མཆོད་རྟེན་བཞེངས་པ་ཐོག་མ་དེ་ཆགས་ཀྱི་ཡོད་ལ་གཡུང་དྲུང་རྡོ་རྗེ་ལགས་ཀྱིས་ལས་དཔོན་མཛད་ནས་བཞེངས་པའི་ཡུ་རོབ་ནང་གི་བོན་གྱི་མཆོད་རྟེན་བཞི་པ་དེ་ཡང་ཡིན། མཆོད་རྟེན་གྱི་ཡར་མར་མཐོ་ཚད་འབྱུང་བརྩེགས་ནས་རྩེ་མོའི་བར་མི་ཊར་གསུམ་དང་སེན་ཊི་མི་ཊར་ ༣༠ ཡོད་ལ། དཀྱུས་ཚད་ལ་ནམ་མཁའ་དཀྱིལ་འཁོར་ནས་མི་ཊར་གཅིག་དང་སེན་ཊི་མི་ཊར་ ༧༠ ཐམ་པ་ཡོད། དེ་ཡང་མཆོད་རྟེན་གྱི་ནང་བཅུད་དུ་གཟུངས་གཞུག་འབུལ་མཁན་དགེ་བཤེས་བཤད་སྒྲུབ་རྒྱ་མཚོ་དང་། དགེ་བཤེས་བསྟན་འཛིན་སྦྱིན་པ་རྣམ་གཉིས་ཀྱིས་གཟུངས་གཞུག་གི་ཕྱག་ལས་ཆ་ཚང་གནང་ནས་རྣམ་རྒྱལ་གཡང་སྒྲུབ་ཀྱི་དཀྱིལ་འཁོར་ཞལ་ཕྱེས་པ་དང་མཆོད་སྦྱིན་མཛད་དེ་གཟུངས་སྔགས་བསྒྲུབས། དེ་རྗེས་མནན་གཟིར་ལྡོག་མེད་འབྱུང་བའི་སྟོབས་ལྡན་དང་། གཡུང་དྲུང་བསྟན་པ་རྒྱས་པའི་པད་ཚལ་གཉིས་ཀྱི་ཕྱག་ལེན་གནང་ནས་གཟུངས་རྒྱས་པ་ཚར་གསུམ་ཕུལ་བ་མ་ཟད་སྦྱོང་རྒྱུད་དཀྱིལ་འཁོར་ལྔ་ཡི་གཙོས་༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུམ་འབུམ་པོད་བཅུ་བཞི་ཆ་ཚང་བ་ཞིག་ནང་བཅུད་དུ་བཞུགས་སུ་གསོལ། མདོར་ན་མཆོད་རྟེན་འདིའི་ཕྱི་ཡི་ཆག་ཚད་མདོ་རྒྱུད་དང་མཐུན་པ་དང་། ནང་གི་གཟུངས་འཇུག་རྣམས་མཁན་ཆེན་ཉི་མས་མཛད་པའི་གཟུངས་འབུལ་གྱི་ཕྱག་ལེན་ཇི་བཞིན་འཐུས་ཚང་ལེགས་སྒྲུབ་ཞུས་ནས་བཞེངས་པའི་བདེ་བར་གཤེགས་པའི་ཐུགས་རྟེན་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ཞིག་ཆགས་ཡོད། སྐབས་འདིར་ཚོགས་སྦྱོར་རྒྱུ་ཡི་ཡོན་བདག་དད་སྦྱིན་ཇོ་ཇི་ན་ཏེ་རན་ Georgina Teran གྱིས་ཡུན་རིང་རེ་གསོལ་འདོད་དོན་ཞུས་པ་བཞིན་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་སྟོན་འཁོར་རྣམས་འདི་ཟླའི་ཕྱི་ཚེས་ ༡༤ ཉིན་མ་ཌི་རཱེ་ཌུ་ Madrid ལ་ཞབས་སོར་བཀོད་ཐུབ་པའི་སྐལ་བཟང་བྱུང་བ་དང་སྦྲགས་ཐོག་མར་སྟོན་འཁོར་རྣམས་ཀྱིས་བདེ་གཤེགས་མཆོད་པའི་རྫས་དང་། བཀྲ་ཤིས་ཞལ་བསྲོའི་རྫས། རིགས་དྲུག་སྦྱིན་པའི་རྫས་བཅས་ཕུན་སུམ་ཚོགས་པར་གྲབས་སུ་བྱས། ཕྱི་ཚེས་ ༡༥ ནས་ ༡༧ བར་དབང་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ། སྔོན་དངོས་རྗེས་གསུམ་གྱི་ཆོ་གའི་ཕྲིན་ལས་རྣམས་དོན་རྣམ་པ་བདུན་རེའི་སྒོ་ནས་རིམ་ཆགས་སུ་གཞུང་དོན་བསྲངས་ནས་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་གཙོས་རྟེན་དང་བརྟེན་པ་རྣམས་ལ་རབ་ཏུ་གནས་པའི་མཆོད་སྦྱིན་རྒྱ་ཆེར་བསྒྲུབས། དེ་རིང་དུས་བཟང་དགེ་བའི་ཉིན་བསང་གསོལ་དང་དར་ལྕོག་སྒྲོན་འབུལ་ཞུས་རྗེས་ཀི་བསྭོ་ལྷ་རྒྱལ་གསོལ་ནས་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱི་དབུ་འཕང་བསྟོད། མཐར་སྒོ་དབྱེ་གཤེགས་སྐྱོད་དང་། བཀྲ་ཤིས་སྨོན་ལམ་གྱིས་མཇུག་བསྡུས་པ་བཅས་ནི་བདེ་བར་གཤེགས་པའི་རྟེན་གསུམ་རབ་ཏུ་གནས་པར་མཛད་པའི་མཆོད་སྦྱིན་གྱི་མཛད་སྒོའི་གནས་བསྡུས་ཙམ་དུ་ལགས་སོ། །

རྟེན་གསུམ་རབ་ཏུ་གནས་པར་མཛད་པའི་དགོས་དོན་ནི། འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་དབང་ལྡན་དུས་ཀྱི་འཁོར་ལོའམ་བསྟན་པ་རིན་ཆེན་རབ་ཏུ་བརྟན་པའི་མདོ་ལས། ཕྱི་རབས་གང་ཟག་བསྟན་པའི་རྗེས་འཛིན་ནས། །བདེར་གཤེགས་སྐུ་གདུང་གཞལ་ཡས་བཞེངས་པ་འདི། །འདི་ལ་ཆ་གསུམ་མཉམ་པོར་བགོས་པ་སྟེ། །ཆ་གཅིག་ཕྱི་ཡི་ཕུབ་དང་གཞལ་ཡས་སོ། །ཆ་གཅིག་ནང་གི་སྐུ་གཟུགས་མཆོད་པའི་རྫས། །ཆ་གཅིག་རབ་ཏུ་གནས་པའི་རིམ་པའོ། །དེ་གསུམ་ཟུང་འབྲེལ་སྒྲིབ་བྱང་ཚོགས་གཉིས་རྫོགས། །གང་ཞིག་དེ་གསུམ་ཟུང་དུ་མ་འབྲེལ་ན། །བྱིས་སྦས་ས་ལ་ཁང་བུ་རྩེ་བ་འདྲ། །ཅི་ལྟར་ནམ་འཇིག་གང་ལ་ངེས་པ་མེད། །གཏན་དུ་བརྟན་པ་ཐོབ་པར་ག་ལ་འགྱུར། །རབ་ཏུ་གནས་པའི་རིམ་པ་རྒྱས་ཐེབས་ནས། །སྲ་བརྟན་བྲག་ལ་བཙན་པའི་མཁར་བརྩིགས་དང་། །རིན་ཆེན་གསེར་ལ་ནག་མཚུར་ཐེབ་པ་འདྲ། །སྐལ་པར་སོང་ཡང་དེ་ལ་འགྱུར་བ་མེད། །དེ་ཕྱིར་བསྟན་པ་རིན་ཆེན་བརྟན་པ་དང་། །སྐལ་པའི་མཐར་ཡང་ནུབ་པ་མེད་པར་འགྱུར། །ཅེས་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་བཀའ་བསྩལ་པ་ལྟར་རོ། །

ཕྱི་ལོ་ ༢༠༡༨ ཟླ་ ༠༥ ཚེས་ ༡༧ ཉིན་སྲིད་པའི་མིག་ཅེས་སུ་འབོད་པས་སོ། །

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།