༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་ནུབ་གླིང་ཁུལ་དུ་བསྟན་དོན་མཛད་ཕྲིན་བསྐྱངས་པའི་གནས་བསྡུས་ཁག་ལྔ་པ།

0
530
པར་པ་སྲིད་པའི་མིག

ཕྱི་ལོ་ ༢༠༡༨ ཟླ་ ༠༦ ཚེས་ ༡༦ ཉིན་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་བོན་གྱི་རྫོགས་ཆེན་སྒོམ་སྡེ་གཤེན་བསྟན་དར་རྒྱས་གླིང་དུ་ཕེབས་པའི་རྩ་རླུང་ཉམས་ལེན་གནང་མཁན་གྱི་ཧྥ་རན་སིའི་ཚོགས་སྡེ་ཁག་ཅིག་དང་། ལུས་སྦྱོང་ཉམས་ལེན་གནང་མཁན་གྱི་ཚོགས་སྡེ་ཁག་ཅིག་གི་སློབ་མ་རྣམས་ལ་སྔ་ཕྱིར་བོན་གྱི་འཁོར་ལོ་རྣམ་པ་བཞི་དང་། བདེན་པ་བཞི་ཡི་སྒོ་ནས་མི་ཚེའི་རིན་ཐང་དང་འབྲེལ་བར་བོན་སྤྱོད་ཉམས་ལེན་གནང་ཕྱོགས་སྐོར་ངོ་སྤྲོད་དང་དྲིས་ལན་གནང་། གོང་ཟླའི་ཚེས་ ༡༥ ཉིན་ LE courtier de l ouest ས་གནས་གསར་འགོད་པར་དྲི་བ་དྲིས་ལན་གྱི་གོ་སྐབས་ཕུལ་བ་ལྟར་བོན་གྱི་སྟོན་པ་དང་བསྟན་པའི་འཕེལ་རིམ་ལོ་རྒྱུས་སྐོར་ནས་གསུང་བཤད་ཟབ་རྒྱས་བཀའ་དྲིན་བསྩལ་བ་བཅས་ཀྱི་གནས་བསྡུས་སུ།

ཐར་པའི་དེད་དཔོན་ཆེན་པོ་ཨེ་མ་ཧོ།

རྨ་བྱའི་སྒྲོ་གུར་དབུས་ནས་སྨུག་མདངས་འོད་ཀྱི་སྐུ་མཆོག །
གར་གྱི་སྟངས་སྟབས་ངང་ནས་ཡེ་ཤེས་སྤྱན་གསུམ་བགྲད་དེ། །
ཕྱག་གི་རལ་གྲི་བུམ་པས་བདུད་ཚོགས་ཞི་བར་མཛད་མཁན། །
མ་གཅིག་ཡེ་ཤེས་དབལ་མོས་བསྟན་འགྲོའི་ལས་ཚོགས་སྐྱོངས་ཤིག །

སྐུ་མཚན་མེ་ཏོག་ཕོན་པོ་གངས་ཀྱི་འདབས་ནས་འཁྲུངས་ཤིང་། །
ཁམས་ལྔའི་ཡུལ་གྱི་སྤང་ཁར་དབང་པོའི་གཞུ་རིས་འཁྱུད་དེ། །
མཚན་དཔེ་ཟླ་འོད་དཀར་པོ་གླིང་བཞིའི་ཁྱོན་དུ་འབར་བ། །
མཁན་ཆེན་སྣང་བ་མཐའ་ཡས་བསྟན་འགྲོའི་དཔལ་དུ་མཛེས་སོང་། །

འཁོར་བའི་རྒྱ་མཚོར་བྱིངས་རྣམས་ཐབས་ཤེས་འཕྲུལ་གྱི་གྲུ་བོས། །
ཞི་བདེའི་སྐམ་སར་འགོད་ལ་བཟོད་པའི་གོ་ཆ་བཙན་པ། །
བོན་གྱི་འཁོར་ལོ་རྣམ་བཞིའི་ཚོགས་ཀྱི་སྟོན་མོ་འགྱེད་མཁན། །
གཡུང་དྲུང་སེམས་དཔའ་ཆེན་པོ་སྐྱེ་འགྲོའི་མགོན་དུ་བཞེངས་སོང་། །

གསུང་རབ་བདུད་རྩིའི་ཐིགས་པ་སྙན་གྱི་བཅུད་དུ་བླངས་ཤིང་། །
བསྐལ་པའི་ཉེས་ཚོགས་ཁུར་པོ་ཞི་བའི་ཐང་ལ་བསྐྱུར་ནས། །
འཕྲུལ་ངག་བོན་གྱི་མཛོད་སྒོའི་ཕྱི་ནང་གཞལ་ཡས་མཇལ་མཁན། །
བསྟན་འགྲོའི་ཉི་མ་སེར་པོ་གོ་ལའི་རྩེ་མོར་ཤར་སོང་། །

ཐུགས་ཉིད་ཤེལ་དཀར་བུམ་བཟང་བསླབ་གསུམ་བཅུད་ཀྱིས་གཏམས་ཤིང་། །
རྒྱུད་ལུང་མན་ངག་གསུམ་གྱི་གདམས་པའི་ཉག་ཐག་འཆང་ནས། །
སྤོང་སྒྱུར་གྲོལ་ལམ་མངའ་བདག་བཅོས་མེད་ངང་གིས་བཞེངས་པ། །
ཐར་པའི་དེད་དཔོན་ཆེན་པོ་སྲིད་ཞིའི་རྒྱན་དུ་གྱུར་སོང་། །

ལྔ་རིག་ནོར་བུའི་འོད་རླབས་ཉི་ཟླའི་མདངས་ལ་བསྲེས་ཏེ། །
འཁྲུལ་པའི་མུན་པ་ནག་པོ་བསྐལ་པའི་རྒྱང་དུ་བསྲིངས་ནས། །
བློ་གྲོས་སྣང་བ་གསར་པའི་ཕ་འབབ་ཀུན་ལ་སྦྱིན་མཁན། །
སྲིད་པའི་སྒྲོན་མེ་འོད་ཆེན་མཁའ་ཀློང་དབྱིངས་ནས་འབར་སོང་། །

གསང་གསུམ་འཕྲིན་ལས་རྒྱ་མཚོའི་ཚད་མེད་འོད་ཀྱི་རླབས་རིས། །
སྡུག་བསྔལ་མུན་པ་བཞི་ཡི་འཁོར་བའི་གཉེན་དུ་མཛད་ནས། །
ཞི་བསིལ་བདུད་རྩིའི་ཟེགས་མ་སྐྱེས་ལྡན་འགྲོ་ལ་སྐྱིལ་མཁན། །
སྙིགས་མའི་འདྲེན་སྟོན་ཆེན་མོ་ང་ཚོའི་སྐྱབས་མགོན་ཡིན་སོང་། །

དེ་ལྟར་སངས་རྒྱས་གཉིས་པའི་མཛད་རྣམ་ཁུར་དུ་བཞེས་ཏེ། །
བསྟན་འགྲོའི་དོན་ཆེན་མཛད་ལ་ངལ་མེད་སྙིང་སྟོབས་ཅན་པོ། །
དཔོན་གསས་ཡིད་བཞིན་ནོར་བུའི་སྐུ་གསུང་ཐུགས་མཆོག་རིན་ཆེན། །
འགྲོ་བའི་བསོད་ནམས་དཔལ་དུ་མི་ཤིག་བརྟན་པར་བཞུགས་མཛོད། །

ཕྱི་ལོ་ ༢༠༡༨ ཟླ་ ༠༦ ཚེས་ ༡༦ ཉིན་གཤེན་བསྟན་དར་རྒྱས་གླིང་ནས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།