༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་སྟོན་འཁོར་རང་དགོན་དུ་ཞབས་སོར་འཁོད་པ།

0
819
པར་པ་ཁྱུང་ཐོག་རྒོད་དང་ཏི་སེའི་བུ།

༸གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནུབ་ཕྱོགས་ཡོ་རོབ་ཀྱི་དད་ལྡན་ཚོས་གདན་ཞུས་ལྟར་༢༠༡༨ ཟླ་ ༠༤ ཚེས་ ༠༩ དབུ་བཟུང་སྟེ་འཇའ་མེན་གྱི་ས་གནས་བྷུད་དྷ་སི་ཝེག Buddhasweg ཞེས་པའི་ནང་པའི་ཚོགས་སྡེ། བོན་གྱི་རྫོགས་ཆེན་སྒྲུབ་སྡེ་ཧྥ་རན་སི་གཤེན་བསྟན་དར་རྒྱས་གླིང་། ཧྥིན་ལན་དྲུའི་Finland བདེ་ཆེན་རི་ཁྲོད། འཇའ་མེན་ཧོ་ཕན། སུ་པཱན་ Spain གྱི་རྒྱལ་ས་མ་ཌི་རཱེ་ཌི། Madrid ཧུང་གྷི་རིས་རྒྱལ་ཁོངས་སུ་གནས་གཞི་བྱས་པའི་བོན་ཚོགས་གཡུང་དྲུང་བསྟན་རྒྱས་འདུས་སྡེ། ཨ་རིའི་མངའ་སྡེ་ཁ་ལ་རག་དྲོ། མིག་སི་ཀོ་ལིག་མིན་སྐྱ་བོན་ཚོགས་བཅས་ནུབ་ཕྱོགས་ཡོ་རོབ་ས་གནས་དུ་མར་ཕེབས་བཞུད་གནང་ནས་དད་ལྡན་སློབ་མ་ཚོར་གང་དགོས་ཀྱིས་ཁྲིད་གདམས་བཀའ་དྲིན་བསྐྱངས་མཐར་ ༢༠༡༨ཟླ ༠༦ ཚེས་ ༡༨ ཉིན་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་ཞབས་སོར་བདེ་བར་འཁོད། གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྤྱི་ཁྱབ་འགན་འཛིན་གྲྭ་ཚང་བླ་མ་དགེ་བཤེས་བློ་གྲོས་མཆོག་ལེགས་དང་སྤྱི་གཉེར་ཆེན་མོ་དགེ་བཤེས་ཤེས་རབ་རིན་ཆེན་གཙོས་དགོན་གྱི་ལས་སྣེ་བ་འགའ་ཞིག་གིས་བལ་ཡུལ་གནམ་ཐང་ནས་ཕེབས་བསུ་ཞུས།

འདུས་མང་ནས་དགོན་གྱི་རྒྱལ་སྒོ་ཕྱི་རུ་སེར་ཕྲེང་བསྒྲིགས་ཏེ་དར་གདུགས་རྒྱལ་མཚན་དང་ཕྱེ་མ་འཕུར་མ་སོགས་མཛེས་པའི་རྒྱན་དང་། རྔ་གཤང་དུང་གླིང་བཅས་སྙན་པའི་སྒྲ་དང་། ལྷ་བསང་བདུག་སྤོས་བཅས་ཞིམ་པའི་དྲི་དང་། དགའ་དད་གུས་པ་སོགས་དྭངས་བའི་སེམས་ཀྱིས་མཆོད་སྤྲིན་བཅས་ཀྱིས་ཕེབས་བསུ་ཞུས་ཏེ་གཤེན་རབ་མཆོད་རྔ་བརྡུངས།

དེ་ནས་གཙུག་ལག་ཁང་དུ་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལ་ཏེ་༸སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག་ནས་མཎྜལ་འདེགས་འབུལ་ཞུས་པ་དང་། མཐར་སྐྱ་སེར་ཚང་མས་མཇལ་ཁ་ཞུས་ཤིང་བླ་བྲང་དུ་ཕེབས་པ་བཅས་ཀྱི་གནས་བསྡུས་སུ་༢༠༡༨། ༠༦། ༡༨་ ཉིན་ཁྱུང་ཐོག་རྒོད་ཀྱིས་སྤེལ།།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།