༸གདན་ས་ཁྲི་བརྟན་ནོར་བུ་རྩེར་བླ་མ་ཁྲི་བཞེངས་ཀྱི་མཛད་སྒོ་འཚོགས་པའི་གནས་ཚུལ།

0
694
པར་པ་ཁྱུང་ཐོག་རྒོད།

མདའ་ཆེན་ཁྲི་བ་སྐལ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་ནི། སྤྱི་ལོ། ༡༩༨༢ ལོར་སི་ཁྲོན་མཛོ་དགེ་རྫོང་བབ་བཟོ་ཞེས་པའི་ས་ཆ་དེར་སྐུ་འཁྲུངས། ཁོང་ནི་ཆུང་བྱིས་པའི་དུས་ནས་རྣམ་དཀར་དགེ་བའི་ལས་ལ་ཕྱོགས་ཏེ་ཁུ་བོ་ཚེ་མཚམས་པ་རྟོགས་ལྡན་བསྟན་པ་ཚུལ་ཁྲིམས་ཀྱི་དྲུང་ནས་ཐོག་མའི་རིག་གཞུང་བསླབས། དགུང་ལོ་དགུའི་ཐོག་རྔ་བ་སྣང་ཞིག་དགོན་ཆེན་དུ་ཕེབས་ཏེ་སྣང་ཞིག་རྒྱལ་ཚབ་དམ་པ་༧ རྒྱ་འོབས་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཤེས་རབ་བློ་ལྡན་རྣམ་པ་གཉིས་ཀྱི་མདུན་ནས་རབ་ཏུ་བྱུང་། གཞན་ཡང་དགེན་བསམ་གཏན་རྒྱ་མཚོ་མཆོག་གི་དྲུང་ནས་ཡིག་རིགས་ཀུན་ལ་སྦྱོང་བ་མི་དམན་པ་བྱས། དགུང་ལོ་བཅུ་དྲུག་ཐོག་སྣང་དགོན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་ཞུགས་ཏེ་བསྡུས་རྟགས་ཚད་གསུམ་སོགས་མཐར་ཕྱིན་པ་སྦྱང་། དེ་རྗེས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་རྫོགས་ཆེན་སྒོམ་གྲྭའི་ནང་ཞུགས་ཏེ་བཀའ་དྲིན་སུམ་ལྡན་གྱི་བླ་མ་མདོ་སྔགས་རབས་འབྱམས་པ་༧དཔོན་སློབ་བསྟན་འཛིན་ཕུན་ཚོགས་རིན་པོ་ཆེ་མཆོག་གི་མདུན་ནས་རྒྱལ་བ་བྲུ་ཡི་རིང་ལུགས་ལྟར་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གཙོའི་པའི་གསང་སྔགས་གྱི་གཞུང་ཆེན་རྣམས་དང་། ཞང་ཞུང་སྙན་རྒྱུད་གཙོས་པའི་བླ་མེད་སེམས་སྡེའི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་བྱས་པ་མ་ཟད་གེགས་སེལ་གྱི་རིམ་པ་རྩ་རླུང་འཁྲུལ་འཁོར་སོགས་ལ་མི་ལོ་ཧྲིལ་བོ་བཞིར་སྦྱངས་པ་མཐར་སོན་བྱས་པའི་ལག་རྗེས་སུ། མདོ་སྨད་བོན་གྱི་བསྟན་བདག་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་མཆོག་དང་རྒྱལ་ཚབ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་མདོ་སྔགས་རབས་འབྱམས་པ་༧དཔོན་སློབ་བསྟན་འཛིན་ཕུན་ཚོགས་གཙོའི་པའི་སྣང་ཞིག་དགོན་གྱི་འདུས་སྤྱི་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་གཙོ་འཛིན་རྣམས་ཀྱིས་གཞུང་ཆེན་དེ་དག་ལ་སྦྱངས་པ་མཐར་སོན་པའི་ཕྱིན་པའི་ཕྱག་ཁྱེར་དངོས་སུ་གནང་། ༢༠༠༧་ལོར་རྒྱལ་བ་གཉིས་པའི་གདུང་ཚོབ་ཡོངས་འཛིན་སྨྲ་བའི་སེང་གེ་མདུན་ནས་བོན་འཁོར་ཚིག་བཞི་ཞང་ཞུང་སྙན་རྒྱུད་སོགས་དང་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གསུང་འབུམ་སོགས་ཀྱིས་དབང་ཁྲིད་མང་དུ་ཐོབ། ༢༠༠༩་ལོར་མདོ་སྨད་ཞིག་པོ་བཅོ་བརྒྱད་ཀྱི་ཡ་གྱལ་རྩེ་ཞིག་གཡུང་དྲུང་བོན་བསྟན་འཕེལ་རྒྱས་གླིང་དུ་ཕྱིན་ནས་སླར་ཡང་བཀའ་དྲིན་སུམ་ལྡན་གྱི་བླ་མ་དཔོན་སློབ་བསྟན་འཛིན་ཕུན་ཚོགས་ཀྱི་མདུན་ནས་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་ཆུ་བོའི་རྒྱུན་བཞིན་བྱས། དགོན་དེར་ནས་སླར་ཡང་སྦྱང་བ་མཐར་སོན་པའི་ཕྱག་ཁྱེར་ཐོབ། སྤྱི་ལོ། ༢༠༡༡་ལོར་ཕྱིར་མདའ་ཆེན་གཡུང་དྲུང་བོན་གྱི་བཤད་སྒྲུབ་དར་རྒྱས་གླིང་དུ་ཕེབས་ཏེ་༸སྨན་རམས་པ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེའི་མདུན་ནས་ཡི་དམ་ཀུན་འདུས་ཕྱི་ནང་གསང་གསུམ་སོགས་ཀྱི་དབང་ལུང་མན་ངག་མང་དུ་ཐོབ་སྟེ། ལོ་འགར་ཡི་དམ་དབལ་གསས་རྔམ་པའི་མཚམས་ལ་བཞུགས། དེ་རྗེས་མདའ་ཆེན་དགོན་པའི་བདག་བསྟན་སྐུལ་བའི་སྐུ་མཆོག་སྐྱང་སྤྲུལ་ཤེས་རབ་བློ་གསལ་རིན་པོ་ཆེ་མཆོག་དང་མདའ་ཆེན་དགོན་འདུས་སྤྱི་ནས་བཀས་བཀོད་ལྟར་མདའ་ཆེན་ཁྲི་བ་མཚན་རབས་དང་པོའི་མཚན་རྟགས་སྤྱི་བོར་བླང་སྟེ། ཕྱི་ལོ་ ༢༠༡༥། ལོར་ ༠༧ ཚེས་ ༠༦ གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་མདའ་ཆེན་དགོན་གྱི་ཁྲི་བའི་ཁྲི་ལ་མངའ་གསོལ་བྱས། སྤྱི་ལོ་༢༠༡༨། ལོར་མདའ་ཆེན་དགོན་གྱི་གྲྭ་ཚང་དང་རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་བཞིའི་ནང་རྟེན་གཞི་བྱས་པའི་མདའ་ཆེན་ཨུད་འབར་གླིང་གི་ཆོས་ཚོགས་དེ་དག་གིས་ཡིག་ངག་གཉིས་ཐོག་ནས། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ལ་སྙན་ཞུ་བྱས་རྗེས། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ནས་ཁྲི་འདོན་ཞུ་རྒྱུའི་གནང་བ་ཐོབ་པ་བཞིན། མདའ་ཆེན་ཁྲི་བ་སྐལ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་ སྤྱི་ལོ། ༢༠༡༨། ཟླ་བ། ༦་ཚེས། ༢༣། ཉིན་མདའ་ཆེན་ཨུད་འབར་གླིང་གི་ཆོས་ཚོགས་ཁག་གི་བསྟན་པའི་བདག་པོར་ཁྲི་བཞེངས་བྱས་ཏེ་མདའ་ཆེན་དགོན་དང་ཁོང་གིས་སློབ་མ་རྒྱ་རིགས་རྣམས་ཀྱིས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་པའི་གནས་ཚུལ་མདོར་བསྡུས་ཙམ་དུ་དགེ་བཤེས་བསྟན་པ་དར་རྒྱས་ཀྱིས། སྤྱི་ལོ། ༢༠༡༨། ༠༦། ༢༣་ ཉིན་བྲིས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།