༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭ་རུ་གཟིགས་རྟོག་ཆེད་ཕེབས་པ།

0
930
པར་རིས་དང་གནས་ཚུལ་མཐུན་སྦྱོར་བ་ཚུལ་ཁྲིམས་བློ་ལྡན།

ཕྱི་ཟླ་ ༠༦ ཚེས་ ༢༤ ཉིན་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་སྐུ་འཁོར་དང་བཅས་བལ་ཡུལ་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་ས་གནས་ཤེས་ལི་གྷི་རིས་ཏེ། རྒྱལ་གར་གྱི་བྱང་ཤར་ཁུལ་གནའ་དུས་འབྲས་ལྗོངས་སུ་འབོད་བའི་ས་གནས་ཀྱི་ཉེ་འགྲམ་དུ་ཆགས་པའི་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭར་གཟིགས་རྟོག་ཆེད་ཕེབས། སློབ་གྲྭ་འདི་ནི་སྤྱིར་བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་དང་། ལྷག་ཏུ་ཧི་མ་ལ་ཡི་རི་རྒྱུད་དུ་ཆགས་པའི་བོད་རིགས་རྣམས་ལ་ཆོས་དང་རིག་གཞུང་སྐད་ཡིག་སོགས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གྱི་ཆེད་དུ་དམིགས་ནས་རིན་པོ་ཆེ་ཁོང་གིས་ཕྱི་ལོ་ ༢༠༡༧ ལོར་གསར་དུ་ཕྱག་བཏབ་པ་ཞིག་ཡིན། དེ་རིང་ཕྱི་དྲོའི་དུས་ཚོད་ 4:30 ཡས་མས་ལ་རིན་པོ་ཆེ་མཆོག་འདིར་ཕེབས་འབྱོར་བྱུང་། ཕེབས་ཁར་གནམ་ནས་ཆར་བ་བབས་པ་སོགས་རྟེན་འབྲེལ་ལེགས་པོ་བྱུང་བ་དང་། སློབ་གྲྭའི་ཚོགས་མིའི་རྒྱུན་ལས་རྣམས་དང་དགེ་རྒན་སོགས་ཀྱིས་སྣེ་ཁྲིད་འོག སློབ་མ་རྣམས་ཁང་ཚན་བྱས་ནས་རུ་བསྟར་བསྒྲིགས་ཏེ། རིན་པོ་ཆེ་མཆོག་གི་གསོལ་འདེབས་དབྱངས་སུ་གྱེར་ཞིང་དྲི་བཟང་སྤོས་སྣེས་སློབ་གྲྭའི་མཆོད་ཁང་དུ་དལ་གྱིས་ཕེབས་བསུ་ཞུས།
མཆོད་ཁང་ནང་དུ་ཕེབས་བསུ་ཞུས་རྗེས་སློབ་མ་རྣམས་ནས་མནྜལ་འདེགས་འབུལ་དང་བཅས་མཇལ་ཁ་ཞུས། རིན་པོ་ཆེ་མཆོག་ནས་ཧ་ཅང་བརྩེ་བ་ཆེན་པོའི་ངང་ནས་སློབ་ཕྲུག་རྣམས་ལ་ཁམས་འདྲི་དང་གླེང་མོལ་མཛད་པ་མ་ཟད་རྔན་པ་ཀ་ར་སོགས་གནང་ཞིང་སློབ་ཕྲུག་ཆུང་ཆུང་ཚོ་ལ་སོ་སོའི་ཕ་མ་ཐུག་པ་ལྟ་བུའི་སེམས་ལ་དགའ་ཚོར་ཆེན་པོ་རྒྱས་པར་མཛད།

དེ་རྗེས་ལས་སྣེ་རྣམས་ཀྱིས་རིན་པོ་ཆེའི་སྐུ་འཁོར་ལྷན་རྒྱས་ལ་གསོལ་ཇ་ཕུལ་ཞིང་། སློབ་མ་དག་གིས་དགའ་སྟོན་རྟེན་འབྲེལ་མཚོན་ཆེད་གླུ་དང་ཞབས་བྲོ་སྣ་འགའ་མཆོད་འབུལ་ཞུས། རིན་པོ་ཆེ་མཆོག་གིས་སྐུ་འཁོར་ལྷན་རྒྱས་ལ་དགྱེས་ཚོར་ཆེན་པོའི་ངང་འཚམས་འདྲི་དང་སྦྲགས་སློབ་ཕྲུག་ཚོར་བསྔགས་བརྗོད་གནང་། མཆོད་འབུལ་ཞབས་བྲོ་དང་གཞས་སྣ་རྣམས་མཇུག་གྲུབ་རྗེས་རིན་པོ་ཆེ་མཆོག་ནས་སློབ་གྲྭའི་རྒྱུན་ལས་དང་དགེ་རྒན། སློབ་ཕྲུག་ཡོངས་ལ་བཀའ་སློབ་ཟབ་རྒྱས་གནང་ཞིང་། སློབ་གྲྭ་འདིའི་དམིགས་ཡུལ་དང་། སློབ་སྦྱོང་གལ་ཆེན་ཡིན་ཚུལ་དང་མི་གཞི་བཟང་པོ་དགོས་པ་སོགས་ཀྱི་སྐོར་ནས་ཚེ་འདི་ཕྱི་གཉིས་ལ་ཕན་པའི་གདམས་ངག་གསེར་ཞུན་ལྟ་བུ་ཉུང་ལ་འདུས་པ་ཞིག་བསྩལ། དེ་ནས་རིན་པོ་ཆེའི་སྐུ་འཁོར་ལྷན་རྒྱས་སློབ་ཁང་གི་ཕྱི་ནང་འཁོར་ཡུག་དང་། སློབ་མ་རྣམས་ལ་དངོས་སུ་བདེ་སྡུག་འདྲི་བརྩད་སོགས་ཀྱི་ཆེད་དུ་གཟིགས་སྐོར་དུ་ཕེབས་པའོ།། །།

༢༠༡༨།༠༦།༢༥་ ཉིན་ཚུལ་ཁྲིམས་བློ་ལྡན་ནས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།