༸སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་རང་དགོན་དུ་ཞབས་སོར་འཁོད་པ།

0
551
པར་པ་ཁྱུང་ཐོག་རྒོད།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནི་བསྟན་འགྲོའི་དོན་དུ་ནུབ་ཕྱོགས་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཧྥ་རན་སིའི་རྒྱལ་ས་པ་རིས་སི་དང་མཱ་སེལ་གཤེན་བསྟན་དར་རྒྱས་གླིང་། ཧོ་ལན་ཌི། པོ་ལན་ཌི་བྱམས་མ་གླིང་བཅས་ཀྱི་དད་ལྡན་ཚོས་གདན་འདྲེན་ཞུས་པ་བཞིན་ཕེབས་བཞུད་གནང་ནས་དད་ལྡན་སློབ་མ་ཚོར་སྔོན་འགྲོ་དང་ཞི་ལྷག་རྫོགས་ཆེན་སྐོར་སོགས་གང་ལ་གང་དགོས་ཀྱི་ཁྲིད་གདམས་བཀའ་དྲིན་བསྐྱངས་མཐར་དེ་རིང་སྟེ་ ༢༠༡༨ ཟླ ༠༧ ཚེས་ ༡༣ ཉིན་རང་དགོན་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་ཞབས་སོར་བདེ་བར་འཁོད།

དེ་ཡང་གདན་ས་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་སྤྱི་གཉེར་དགེ་བཤེས་ཤེས་རབ་རིན་ཆེན་གཙོས་དགོན་གྱི་ལས་སྣེ་བ་འགའ་ཞིག་གིས་བལ་ཡུལ་གནམ་ཐང་ནས་ཕེབས་བསུ་ཞུས།

འདུས་མང་ནས་དགོན་གྱི་རྒྱལ་སྒོ་ཕྱི་རུ་སེར་ཕྲེང་བསྒྲིགས་ཏེ་དར་གདུགས་རྒྱལ་མཚན་དང་ཕྱེ་མ་འཕུར་མ་སོགས་མཛེས་པའི་རྒྱན་དང་། རྔ་གཤང་དུང་གླིང་བཅས་སྙན་པའི་སྒྲ་དང་། ལྷ་བསང་བདུག་སྤོས་བཅས་ཞིམ་པའི་དྲི་དང་། དགའ་དད་གུས་པ་སོགས་དྭངས་བའི་སེམས་ཀྱི་མཆོད་སྤྲིན་བཅས་ཀྱིས་ཕེབས་བསུ་ཞུས་ཏེ་གཤེན་རབ་མཆོད་རྔ་བརྡུངས།

དེ་ནས་ཚོགས་ཁང་དུ་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལ་ཏེ་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག་ནས་མཎྜལ་འདེགས་འབུལ་དང་སྐྱ་སེར་ཚང་མས་མཇལ་ཁ་ཞུས་ཏེ་རང་ཤག་ཏུ་ཕེབས་པ་བཅས་ཀྱི་གནས་བསྡུས་སུ་ཁྱུང་ཐོག་རྒོད་ཀྱིས་ ༢༠༡༨ ཟླ་ ༠༧ ཚེས་ ༡༣ ཉིན་སྤེལ།། །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།