དགེ་བཤེས་གཤེན་ཚེ་ཚང་གི་དེབ་ཕྲེང་གཉིས་པ་བརྡ་སྤྲོད་སངས་པོ་འབུམ་ཁྲིའི་དགོངས་རྒྱན་པར་སྐྲུན་ལེགས་གྲུབ་བྱུང་བ།

0
434
པར་པ་ཏི་སེའི་བུ།

སྔོན་དུ་གླེང་བའི་གཏམ།

བརྡ་སྤྲོད་སངས་པོའི་དགོངས་རྒྱན་ཞེས་པ་འདིའི་དབུ་གཞུང་མཇུག་གསུམ་ལ་ཁོ་བོས་ཞིབ་ཀློག་བྱ་རྒྱུའི་གོ་སྐབས་བྱུང་བ་དང་བསྟུན་བརྡ་སྤྲོད་རྩོམ་པ་པོས་ཀྱང་ཚོར་སྣང་ཇི་བྱུང་དགོངས་འཆར་འདོན་དགོས་པའི་བཀའ་མངགས་གནང་བ་ལྟར་འདིར་བསམ་ཚུལ་རེ་གཉིས་ཞིག་གླེང་བར་འདོད། སྤྱིར་ན་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་མང་ཡང་བྱུང་ཁུངས་ལོ་རྒྱུས་ཐད་དཀྱོག་བཤད་ཆེ་སྟབས་དུས་རབས་བདུན་པའི་གཡས་གཡོན་ནས་བོད་ཡིག་ཉམས་སད་ཐོག་མར་བྱུང་བ་ལྟ་བུའི་བཤད་སྟངས་དེའི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆུ་འགོ་ལ་རྡོག་རྫིས་ཐེབས་ཏེ། མེས་པོ་གོང་མ་རྣམས་ཀྱི་བློ་གྲོས་ཀྱི་སྙིང་སྟོབས་གུད་དུ་སྦས་པར་མa་ཟད་མི་རིགས་རང་གི་རིག་གནས་ཀྱི་རྣམ་པ་རྗེས་ལུས་དང་། གཞན་བརྟེན་རྐྱང་པའི་སྒོ་ནས་ལྟ་བ་མཁྲེགས་བཟུང་ངམ། གྲུབ་མཐའི་སྒེར་སེམས་ཀྱི་ལང་ཕྱོགས་གཙིགས་ཆེར་འཛིན་མཁན་མང་པོ་བྱུང་ཡོད། དེ་དག་གི་བསམ་བློའི་ཤུགས་རྐྱེན་འོག་ཕ་ཚ་བུ་རབས་རྣམས་ལ་རྗེས་སུ་བཞག་པའི་ལག་རྗེས་ནི། མི་རིགས་རང་གི་ཆོས་དང་རིག་གཞུང་གི་བྱུང་རབས་ལོ་རྒྱུས་ཐུང་དུ་བཏང་བའི་ལོ་རྒྱུས་ཀྱི་ནག་ཉེས་ལ་ནག་ཉེས་སུ་ཁས་མི་ལེན་པར་སྐྱོན་ཡོན་གོ་ལྡོག་ཏུ་རློམ་མཁན་ཁྱུ་ཞིག་བྱུང་འདུག་པ་དེ་དག་རེད།

འོན་ཀྱང་དེང་རབས་གསར་པའི་ཉི་གཞོན་འོག་འཛམ་གླིང་གི་ཤེས་རིག་ཕན་ཚུན་གྱིས་གནམ་སའི་འབྲེལ་ཐག་འཛུགས་པའི་གནས་སྟངས་འདིས་མི་རིགས་སོ་སོའི་སྐད་དང་། ཡི་གེ་རྨང་གཞི་རུ་བཟུང་ནས་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ཡུལ་གྲུ་སོ་སོའི་ཐུན་མིན་བཟང་སྤྱོད་ཀྱི་དཔེ་མཚོན་དང་། ཁྱད་བོན་རེ་འཛམ་གླིང་གི་ཤེས་ཡོན་པའི་སྡིངས་ཆའི་ཐོག་ནས་ངོམ་སྟོན་བྱ་རྒྱུ་ཡོད་པ་ནི་མི་རིགས་དེའི་གཟི་བརྗིད་ཅིག་ཏུ་ཆགས་ཡོད། དེས་ན་བོད་ཀྱི་ཡི་གེའི་བྱུང་རབས་ལོ་རྒྱུས་ཐད་བོན་པོའི་གཞུང་ལུགས་དང་། བསྟན་བཅོས་ཁག་ལ་གཟིགས་ཞིབ་གནང་མཁན་བོད་ཀྱི་མཁས་པ་གཅིག་རྗེས་གཉིས་མཐུད་དུ་བྱུང་ཞིང་ཁོང་རྣམ་པས་ཀྱང་བོད་ཡིག་གི་ལོ་རྒྱུས་རིང་དུ་བཏང་བའི་ལོ་རྒྱུས་ཀྱི་ཆུ་འགོ་བོན་ལ་གཏུགས་ནས་མི་རིགས་ཤིག་གི་ཤེས་རིག་ལོ་རྒྱུས་ཀྱི་གཟི་བརྗིད་ལ་རྩོད་ལེན་བྱས་པ་དང་། གཟུ་བོར་གནས་པ་ལྟ་བུའི་བསྟན་བཅོས་ཀྱང་མང་དག་བརྩམས་ཡོད། ད་ལན་སྐབས་སུ་བབ་པའི་གཏམ་དུ་སྨྲ་བ་ནི་བརྡ་སྤྲོད་སངས་པོའི་དགོངས་རྒྱན་འདིའི་སྐོར་ཡིན། འོན་ཀྱང་ངས་འདི་ནས་མི་འོས་མི་འཚམས་པའི་གསལ་བཤད་མང་པོ་བྱ་མི་དགོས་པར་བརྡ་སྤྲོད་རང་གི་དབུ་གཞུང་མཇུག་གསུམ་གང་གི་ཆ་ལ་བསམ་གཞིགས་དང་། སློབ་བརྩོན་གནང་མཁན་ཞིག་ཡིན་ཚེ་བརྡ་སྤྲོད་འདིའི་ངོ་བོ་དང་། དགེ་མཚན། དགོས་པ་བཅས་ཕྱི་གསལ་ནང་གསལ་ཡིན་པས་ངས་ཁོང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཙམ་ལས་ལྷག་མེད། ཡིན་ནའང་བརྡ་སྤྲོད་འདི་ཉམས་ལེན་གནང་མཁན་རྣམས་ལ་འབོད་སྐུལ་གྱི་ཚུལ་དུ་ཤེས་དགོས་པའི་གནད་དོན་འགའ་ཞིག་གླེང་ན།

གཅིག(གནའ་ཤུལ་ལས་རྙེད་པའི་བོད་ཡིག་གི་ཕྱི་མོ་) ལ་གཟིགས་ནས་བོད་ཡིག་ལོ་རྒྱུས་ཀྱི་རྩོད་རྙོག་འགོ་གང་ནས་བརྩམས་པ་དང་། གཞི་གང་ལ་བཅོལ་བ། རྒྱུ་མཚན་གང་གི་ཆེད་དུ་ཡིན་པ་བཅས་བྱུང་རབས་ལོ་རྒྱུས་ལ་རིག་པས་བརྟགས་ནས་གསུངས་ཡོད་པས་བློ་གསར་དོན་གཉེར་ཅན་རྣམས་ཀྱིས་ཚིག་གི་དེ་ཉིད་འཇལ་ཐུབ་དགོས་པ་དང་།

གཉིས།(བརྡ་སྤྲོད་ཀུན་གྱི་སྙིང་པོ་སྲིད་པའི་སྒྲོན་མེའི་ཚིག་འགྲེལ་དྲིས་ལན་ཚུལ་དུ་བཀོད་པ་སངས་པོ་འབུམ་ཁྲིའི་དགོངས་རྒྱན་) ཞེས་པའི་གཞུང་འགྲེལ་དངོས་ཀྱི་ནང་རྩོམ་པ་པོས་བོན་རང་ལུགས་ཀྱི་ལོ་རྒྱུས་ཀྱི་གླེགས་ཧྲུལ་ཁུངས་མ་རྣམས་བསློགས་ཏེ་“དཔའ་བོ་འབྲུ་ལྔ་”དང་། “འཕྲུལ་གྱི་ཐོ་ཡིག་བཞི་བཅུའི་”བྱུང་རབས་དང་། གྲུབ་ཚུལ་རྣམས་ཁུངས་སུ་དྲངས་ཤིང་འཕྲུལ་གྱི་ཡི་གེ་རེ་རེའི་འབྲུ་དོན་དང་བཅས་པ་གསེད་བཀྲོལ་གནང་ཡོད། དེ་མཚུངས་བོན་གྱི་མདོ་སྡེ་རྣམས་ཀྱི་དགོངས་དོན་ལྟར་མིང་གཞི་སུམ་ཅུ་པོའི་རང་རང་གི་ནུས་པའམ་སྒྲ་གདངས་དྲག་ཞན་བར་གསུམ་རྣམས་འབྱུང་ལྔའི་ཁམས་ཀྱི་སྒོ་ནས་དབྱེ་བའམ། ཡང་ན་རྒྱ་འགྱུར་གྱི་དཔེ་ཆ་སོགས་ཀྱི་དགོངས་དོན་ལྟར་ཕོ་མོ་མ་ནིང་གི་སྒོ་ནས་དབྱེ་ཚུལ་གཉིས་འགལ་མེད་ཟུང་འབྲེལ་དུ་དམིགས་སུ་ཕྱེས་ནས་བཤད་པ་འདིའི་དགེ་མཚན་དག་ངོས་འཛིན་ཤེས་དགོས་པ་དང་། ལྷག་ཏུ་བརྡ་སྤྲོད་འདི་ནི་ (གངས་ཅན་བོད་ཀྱི་བརྡ་སྤྲོད་ཀུན་གྱི་སྙིང་པོ་སྲིད་པའི་སྒྲོན་མེ་) ཞེས་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེས་བརྩམས་པའི་རྩ་གཞུང་ཤོ་ལོ་ཀ་དྲུག་ཅུ་རེ་བཞི་ཅན་དེའི་ཚིག་རྐང་རེ་རེའི་འབྲུ་དོན་རྣམས་དྲི་བ་དྲིས་ལན་གྱི་ལམ་ནས་ཁ་གསལ་གོ་བདེའི་འགྲེལ་བརྗོད་དཔེ་མཚོན་དང་བཅས་སྟར་ཆགས་སུ་བཀོད་གནང་འདུག་པར་མ་ཟད། དཀའ་གནད་རྣམས་རྩལ་དུ་བཏོན་ནས་ཚིག་ཉུང་དོན་བསྡུས་ཀྱིས་གསལ་འགྲེལ་གནང་འདུག་པས་སུམ་རྟགས་ཀྱི་ཡི་གེའི་སྦྱོར་བ་ལ་འཇུག་པའི་གསར་བུ་དོན་གཉེར་ཅན་རྣམས་ཀྱིས་གཞུང་འགྲེལ་འདིའི་ཐུན་མིན་གྱི་ཟབ་གནད་དག་མཁྱེན་རྟོགས་གནང་དགོས་ཞེས་ཞུ།

གསུམ།(བདག་འབྲེལ་དུས་གསུམ་སྐུལ་ཚིག་བཅས་ཀྱི་རེའུ་མིག་དཔྱད་གསུམ་ལམ་དུ་གཞལ་བའི་སྣང་བྱེད་ཉི་རིའི་དཀྱིལ་འཁོར་) ཞེས་པ་རང་གཞན་གྱི་བརྡ་སྤྲོད་དང་ཚིག་མཛོད་མི་འདྲ་བ་ཁག་གོ་བསྡུར་གནང་ཞིང་། དུས་གསུམ་གྱི་རྣམ་བཞག་སྐོར་“མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོད་”ཅེས་པའི་སྡོམ་ཚིག་ལྟར་ཟུར་གསལ་རེའུ་མིག་ནང་གཤེན་མཁས་གྲུབ་དང་། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའ། དག་ཡིག་གསར་སྒྲིག་བཅས་སོ་སོའི་བཞེད་པ་དག་ལ་(ཤ) (ཁ) (ས) བཅས་གསལ་བྱེད་དུ་བཀོད་འདུག་པ་འདི་དག་གི་བརྒྱུད་ནས་དུས་གསུམ་དང་། བདག་གཞན་བྱ་བྱེད་ཀྱི་གནད་རྣམས་ཁོངས་སུ་ཆུད་པར་བྱ་དགོས་སོ། །ཞེས་སྐུལ་མ་ཞིག་དང་ལྷན་དུ་བརྡ་སྤྲོད་སངས་པོའི་དགོངས་རྒྱན་ཚར་གཅིག་བཀླགས་པའི་མྱོང་ཚོར་ཕྲན་བུ་ཙམ་ཞིག་ཟིན་བྲིས་ཚུལ་དུ་ཕུལ་བ་འདི་ནི་བརྡ་སྤྲོད་ཀྱི་གཞུང་དང་། དཀའ་གནད་རྣམས་ལ་ཐོས་བསམ་གྱི་གོ་རྟོགས་མི་དམན་པ་ཐོབ་པའི་དགེ་སྦྱོར་བ་དགེ་བཤེས་བསྟན་འཛིན་སྦྱིན་པས་དགའ་བསུ་དང་བཅས་ཏེ་ཕུལ།། །།

མཇུག་གི་གཏམ།

འདིར་ད་ལན་བརྡ་སྤྲོད་སངས་པོ་འབུམ་ཁྲིའི་དགོངས་རྒྱན་ཞེས་པ་འདི་ཉིད་དཔར་སྐྲུན་གྱི་ལས་གཞིའི་ཐད་ཅུང་ཙམ་གླེང་ན།  རྩ་བའི་བརྡ་སྤྲོད་སྐོར་གྱི་དེབ་ཆུང་འདི་ཉིད་ཕྱི་ལོ་ ༢༠༠༣ ལོར་མཇུག་ཡོངས་སུ་གྲུབ་ནས་ཡོད་ཀྱང་། གློག་ཀླད་ཡིག་གཏག་སོགས་ཀྱི་མཐུན་རྐྱེན་འགའ་ཞིག་གིས་དེ་མུར་ལུས། དེ་རྗེས་ཕྱི་ལོ་ ༢༠༠༥ ལོར་གུས་པའི་སྙན་རྩོམ་དེབ་ཆུང་(གསང་གཏམ་དམར་པོ་)ཡི་དཔར་སྐྲུན་ལས་གཞིའི་ཐད་མཐུན་རྐྱེན་གང་མང་ཞིག་བསྐྲུན་དགོས་པ་དང་། ཕྱི་ལོ་ ༢༠༠༦ ལོར་གུས་རང་ཉིད་དགེ་བཤེས་དམ་འཇོག་གི་བྱ་བ་གང་མང་ཞིག་ཐོན་པ། དེ་རྗེས་ས་གནས་ངེས་མེད་དུ་སློབ་སྦྱོང་ཐོག་དུས་ཚོད་དང་མཐུན་རྐྱེན་བསྐྲུན་དགོས་བྱུང་སྟབས། ད་བར་རྩོམ་ཡིག་དཔར་སྐྲུན་གྱི་ལས་གཞིའི་མཐུན་རྐྱེན་ཡོངས་རྫོགས་རང་ངོས་ནས་སྒྲུབ་བཞིན་པའི་བདག་ལ་མཚོན་ན་བརྡ་སྤྲོད་སྐོར་གྱི་དེབ་འདིའི་བྱ་བ་རེ་ཞིག་རིང་དུ་མི་གཏོང་ཐུ་མེད་བྱུང་། རྩ་བའི་རང་ཉིད་ཀྱི་དམིགས་ཡུལ་གཙོ་བོ་ནི་ཆུང་ལྟེ་ཁྲག་འཐོར་སའི་རང་ཡུལ་ནས་རྩམ་པ་ཟོས་པའི་ལག་རྗེས་ཙམ་དུ་དེབ་འདི་ཕ་ཡུལ་གྱི་ས་ཐོག་རང་ནས་དཔར་སྐྲུན་བགྱི་འདོད་ཆེན་པོ་བྱུང་བ་དང་། རང་གི་མངོན་འདོད་དེར་གཞིས་བཞུགས་མཁས་དབང་བཤེས་གཉེན་འགས་ཀྱང་གལ་ཆེན་དུ་དམིགས་ཏེ་དེབ་འདི་བོད་ནས་དཔར་སྐྲུན་ཆེད་ཕྱག་ལས་དང་རྒྱབ་སྐྱོར་གང་མང་ཞིག་གནང་ཡང་། རྩོམ་པ་པོ་ཕྱིར་སྡོད་ཡིན་པ་སོགས་སྟབས་མི་བདེ་བའི་འཁོར་ཡུག་དབང་གིས་ཁོང་རྣམ་པའི་དགོངས་བཞེད་དང་རང་ཉིད་ཀྱི་ཕུག་བསམ་འགྲུབ་ཐུབ་མ་སོང་། མཐར་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ནས་དཔེ་དེབ་དཔར་སྐྲུན་གྱི་ལས་གཞིའི་ཐད་དཔེ་མཛོད་ཀྱི་དབུ་འཛིན་རྣམ་པར་བཀའ་བགྲོས་རིམ་པར་བགྱིས་ནས་དེབ་ཆུང་འདི་ཉིད་བྲིས་ཏེ་མི་ལོ་ ༡༤ རྗེས་ནས་དངོས་སུ་དཔར་སྐྲུན་ཞུས་པ་ཡིན། གོ་སྐབས་འདི་ནས་གུས་པའི་རྩོམ་ཡིག་ཁག་ལ་རྟག་ཏུ་གདེངས་འཇོག་དང་རྒྱབ་སྐྱོར་གནང་མཁན་མཁས་དབང་འབུམ་རམས་པ་ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་རིན་པོ་ཆེ་གཙོས་པའི་བཤེས་གཉེན་རྣམ་པ་དང་། དམ་ཚིག་གཅིག་པའི་གཡུང་དྲུང་སྤུན་གྲོགས་དང་ཤེས་ལྡན་པ་གང་མང་ཞིག དེ་བཞིན་ད་ལན་དཔར་སྐྲུན་ཐད་དངོས་སུ་ཕྱག་ལས་གནང་མཁན་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཀྱི་དབུ་འཛིན་མཁྱེན་ཡངས་བཤེས་གཉེན་ཆེན་མོ་དགེན་བསྟན་འཛིན་སྦྱིན་པ་ལགས་དང་ཕྱག་རོགས་རྣམ་པ། དེ་བཞིན་བྱ་བ་འདིའི་དཔར་ཁང་གི་ལས་གཞིའི་ཐད་སྐུ་ངལ་སྐྱོན་གནང་མཁན་ཁྱུང་ཁྲི་ལྡེ་ལགས་དང་ཁྲི་གཙུག་བསྟན་པ། གུས་པའི་ལོ་རྒྱུས་རྩོམ་འབྲི་གནང་མཁན་ཞང་ཚུལ་མི་རྣམ་པར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བཞིན་ཡོད། གལ་སྲིད་ཁྱེད་རྣམ་པའི་རྒྱབ་སྐྱོར་དང་ཕྱག་རོགས་མེད་ན་དེབ་ཆུང་འདི་ཉིད་སླར་ཡང་ལོ་ཤས་རིང་ཤོག་སྙིགས་ཀྱི་ཁྲོད་དུ་ལྷག་རྒྱུ་ལས་འོས་མེད།  དེ་བཞིན་ད་ལན་སོ་སོ་རང་ཉིད་ཀྱིས་རང་ལ་བཀའ་དྲིན་ཆེ་ཞུ་དགོས་ཡོད། རྒྱུ་མཚན་ནི། ནུབ་ཕྱོགས་ཡུལ་དུ་བོད་མི་མང་ཕལ་ཆེར་གཞན་གྱི་བྲན་གཡོག་འོག་ཉིན་མཚན་དུས་དྲུག་ཏུ་དཔལ་འབྱོར་འཚོལ་སྒྲུབ་ཀྱིས་མི་ཚེ་རྫོགས་བཞིན་པའི་སྐབས་འདིར། ངས་རང་གི་ཕ་སྐད་དང་མེས་པོ་གོང་མ་རྣམས་ཀྱི་རིག་གཞུང་ལ་ཆེ་མཐོང་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལ་དགའ་གུས་ཡལ་དུ་མ་བཅུག་པར་ལས་ཀའི་བར་གསེང་རྣམས་སུ་དུས་ཚོད་གང་ཡོད་དང་མཐུན་རྐྱེན་གང་མང་ཞིག་འདི་དང་འདི་འདྲའི་ཕྱོགས་སུ་བཏང་དང་གཏོང་བཞིན་ཡོད་པ་ལྟར། ད་ལན་དེབ་ཆུང་འདི་ཉིད་ཀྱང་བྲེལ་འཚུབ་ཆེ་བའི་མི་ཡུལ་འདི་ནས་སྐྱེད་སྲིང་བྱས་པར་ངས་རང་ཉིད་ལ་གུས་བཀུར་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེ་མིན་དེབ་འདིའི་མིང་བྱང་དང་སླད་དཔར་འཆར་གྱི་རྩོམ་ཡིག་འགའི་མིང་བྱང་དགོས་དབང་ཞིག་གིས་དེ་སྔོན་གསང་གཏམ་དམར་པོར་བཀོད་ཟིན་པའི་མིང་བྱང་དག་དང་ཅུང་མི་འདྲ་བ་བྱུང་ཡོད་པས་དེ་ལུགས་ལྷན་རྒྱས་ནས་དགོངས་དབྱིངས་སུ་འཇགས་པར་ཞུ།    ཞེས་བརྡ་སྤྲོད་སངས་པོའི་དགོངས་རྒྱན་གྱི་མཇུག་གཏམ་ཚུལ་དུ་དགེ་མིང་པ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན་གྱིས་ནུབ་ཕྱོགས་འཇར་མན་ཡུལ་གྱི་ཆུ་བོ་དྷོ་ནཱའོ་གཙང་པོའི་འགྲམ་དུ་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༥ ཉིན་སྦྱར།། །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།